ཆེད་བརྗོད།
ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པའི་ངང་ལེགས་གྲུབ་བྱུང་ནས་ལྷ་སར་རྒྱལ་ཁའི་ངང་གྲོལ་བ་རེད།
ད་རེས་ཀྱི་ཚོགས་འདུ་དེ་ནི་རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་བདེ་བླག་ངང་ལག་བསྟར་བྱེད་འགོ་འཛུགས་པ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་འགོ་ཚུགས་པ་བཅས་ཀྱི་འགག་རྩའི་དུས་སྐབས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་དང་། བློ་བསྡུས་དགེ་འཚོལ་གྱིས་རྒྱལ་ཁབ་ཀྱི་བྱ་བར་གྲོས་མོལ་བྱེད་པ་དང་བློ་རྩེ་གཅིག་ཏུ་བསྒྲིམས་ནས་འཕེལ་རྒྱས་དོན་གཉེར་བྱེད་པའི་ཚོགས་ཆེན་ཞིག ཡིད་ཆེས་ཆེར་གཏོང་དང་། ཆོད་སེམས་བརྟན་གཏོང་། ངོས་འཛིན་མཐོར་གཏོང་། མཐུན་སྒྲིལ་ཆེར་གཏོང་བཅས་ཀྱི་ཚོགས་ཆེན་ཞིག་རེད། ཚོགས་འདུ་ཚོགས་རིང་ཨུ་ཡོན་ཚང་མས་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ནན་ཏན་ངང་གསན་པ་དང་གྲོས་ཞིབ་གནང་བ་དང་། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་སྒྲུབ་ཚུལ་སྐོར་གྱི་སྙན་སྒྲོན་གསན་པ་དང་གྲོས་ཞིབ་གནང་བ། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་གཞིར་ཞིབ་བཤེར་བྱ་ཚུལ་གྱི་སྙན་སྒྲོན་དང་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པའི་ཆབ་སྲིད་གྲོས་ཆོད་ལ་གྲོས་ཞིབ་གནང་བ་དང་འབྲེལ་གྲོས་འཆམ་ཡང་བྱུང་བ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པར་ཟུར་ཞུགས་གནང་བའི་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། 《རང་སྐྱོང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུའི་འཆར་འགོད་རྩ་གནད (འཆར་ཟིན )》 དེ་བཞིན་འབྲེལ་ཡོད་སྙན་སྒྲོན་གཞན་དག་བཅས་གསན་པ་དང་འབྲེལ་གྲོས་བསྡུར་ཡང་གནང་བ་རེད། ཨུ་ཡོན་ཚོས་བརྗོད་བྱ་གཙོ་བོ་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། ལམ་ཕྱོགས་གཙོ་བོར་དམ་པོར་དམིགས་པ། བློ་གྲོས་ལྡན་པའི་ཐབས་དང་དངོས་སྒྲུབ་ཀྱི་ཇུས་འདོན་པ། ལྷག་བསམ་རྣམ་དག་གིས་ཤུགས་རྒྱག་པ་བཅས་ཀྱི་ཐོག་ནས་སེམས་པ་འཕེལ་རྒྱས་དང་བརྟན་ལྷིང་ལ་འཆང་བ་དང་བརྩེ་བ་མི་དམངས་མང་ཚོགས་ལ་འཆང་བའི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་མཚོན་པ་དང་ཆབ་སྲིད་རྩ་འཛུགས་དང་དམངས་གཙོའི་རྣམ་པ་ཞིག་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་མངོན་པར་བྱས་ཡོད།
ཨུ་ཡོན་ཚོས་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ཏེ་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་འདས་ཟིན་པའི་ལོ་ལྔའི་རིང་རང་ལྗོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ཕྱོགས་སྡོམ་གནང་ཡོད་ལ་མིག་སྔར་འཕྲད་པའི་དཀའ་ངལ་དང་ལྷག་པའི་གནད་དོན་ལའང་དབྱེ་ཞིབ་གནང་ཡོད་པ་དང་གཞན་ཡང་འདི་ལོ་དང “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུའི་མཛུབ་ཁྲིད་དགོངས་པ་དང་། རྩ་བའི་བླང་བྱ། འབད་འཐབ་དམིགས་ཚད། ལས་འགན་གཙོ་བོ་བཅས་གཏན་འཁེལ་ཁ་གསལ་གནང་ཡོད་པ་མ་ཟད་འདི་ལོ་དང “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་ཡང་གནང་ཡོད་པའི་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད། དེ་ནི་དམ་པ་དོན་གཉེར་དང་། གསར་འབྱེད་ཡར་བརྩོན། ཡིད་ཆེས་བརྟན་གཏོང་། དཔའ་སེམས་ཆེར་བསྐྱེད་བཅས་ཀྱི་སྙན་སྒྲོན་ཞིག་རེད། ཚོགས་འདུ་ཚོགས་རིང་ཨུ་ཡོན་ཚོས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་དང་གྲོས་བསྡུར་འཁྲུག་པོ་གནང་བའི་ཐོག་ནས་དགེ་མཚན་ལྡན་པའི་བསམ་འཆར་དང་གྲོས་འགོ་མང་པོ་བཏོན་ཡོད་པ་དང་དུས་མཚུངས་སུ་ཨུ་ཡོན་ཚོར “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལེགས་པར་བསྒྲུབ་རྒྱུའི་མི་དམངས་སྲིད་གྲོས་ཀྱི་ལས་འགན་དེ་གཟི་བརྗིད་ཆེན་པོ་ཞིག་ཡིན་པ་དང་། ལས་འགན་ཤིན་ཏུ་ལྕི་པོ་ཡོད་པ། ལས་འགན་སྒྲུབ་སེམས་ཆེན་པོ་ཡོད་པ། བྱེད་རིན་ཆེན་པོ་ཡོད་པ་བཅས་ཀྱི་ངོས་འཛིན་གཏིང་ཟབ་པོ་ཞིག་ཀྱང་བྱུང་ཡོད་པ་རེད།
འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་ལོ་ཞིག་རེད་ལ་རང་ལྗོངས་སུ “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་འགོ་འཛུགས་པའི་ལོ་ཞིག་ཀྱང་རེད། མི་དམངས་སྲིད་གྲོས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་བཅས་ཀྱི་ཁར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ལས་འགན་ཨང་དང་པོ་དང་། ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་ས་བཅས་ལ་བརྩིས་ནས་དུས་བབ་གསལ་རྟོགས་དང་ཡིད་ཆེས་བརྟན་གཏོང་གིས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་འཁྲི་ནན་ཏན་ངང་བསྒྲུབ་པ་དང་། འབྲེལ་བ་མཐུན་སྦྱོར་བྱེད་པ། སྟོབས་ཤུགས་གཅིག་ཏུ་བསྡུ་བ། ཐབས་དང་ཇུས་འདོན་པ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ། འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་སྤྱི་ཚོགས་དུས་བབ་མུ་མཐུད་བརྟན་ལྷིང་ཡོང་བ་བྱ་རྒྱུའི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”འགོ་ཡག་པོ་ཞིག་འཛུགས་ཐུབ་པ་དང་གོམ་པ་བརྟན་པོ་ཞིག་སྤོ་ཐུབ་པའི་འགན་ལེན་བྱེད་དགོས།
ཀྲུང་གོའི་ཁྱད་ཆོས་ཀྱི་ཆབ་སྲིད་རྩ་འཛུགས་དང་དམངས་གཙོའི་རྣམ་པ་ཞིག་ཡིན་པའི་མི་དམངས་སྲིད་གྲོས་ནི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཛུགས་སྐྱོང་བྱེད་པའི་རླབས་ཆེན་གྱི་གསར་གཏོད་ཅིག་ཡིན་པ་དེར་གསོན་ཤུགས་དང་འདུན་ལམ་ཧ་ཅང་ཆེན་པོ་ལྡན་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ཏེ་མི་དམངས་སྲིད་གྲོས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་སྙིང་བཅུད་ཁོང་དུ་ཏན་ཏིག་ཆུད་པ་བྱེད་པ་དང་ཏང་གི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་ལས་ཀར་མཛུབ་ཁྲིད་བྱེད་དགོས་པ་དང་། བླང་བྱ་གཙོ་བོ་ཁོང་དུ་ཆུད་པ་བྱས་ཏེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུའི་འགན་འཁྲི་གཙང་སྒྲུབ་བྱེད་པ་དང་། འདུ་ཤེས་བརྟན་པོ་དང་། སྐྱེ་སྟོབས་འཕེལ་བ། ངར་ཤུགས་ཆེ་བ་བཅས་ལ་བརྟེན་ནས་རང་ལྗོངས་འདི་ཉིད་ཚན་རིག་དང་མཐུན་པའི་གོང་འཕེལ་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས། ཡུན་རིང་བདེ་འཁོད་བཅས་ཡོང་རྒྱུར་སེམས་ནུས་ཡོད་རྒུ་བཏོན་ནས་ཞབས་འདེགས་ཞུ་དགོས་པ། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་རྩ་དོན་གལ་ཆེན་དང་ཞིབ་ཕྲའི་བྱ་ཐབས་ལག་ལེན་མཐའ་གཅིག་ཏུ་བསྟར་དགོས་པ། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྤྱི་ཚོགས་དུས་བབ་བརྟན་ལྷིང་གི་གནད་དོན་ལ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་རྩོད་སྒྲུབ་ཀྱི་བསམ་བློ་གཏོང་སྟངས་ལྟར་ཕྱོགས་བསྡུས་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མ་འོངས་སྔོན་མཐོང་རང་བཞིན་བཅས་ལྡན་པའི་ཞིབ་འཇུག་བྱ་གཞི་དམ་པོར་འཛིན་ནས་དོན་ཐོག་ཏུ་འཁྱོལ་བའི་བསམ་འཆར་དང་གྲོས་འགོ་འདོན་དགོས་པ། དམངས་གཙོའི་ལྟ་སྐུལ་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་དམངས་གཙོའི་ལྟ་སྐུལ་གྱི་འགན་ནུས་ནན་ཏན་ངང་བསྒྲུབས་ནས་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། མཐུན་སྦྱོར་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱ་ཕྱིར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
འཆར་གཞི་བཀོད་ཟིན་པ་དང་དམིགས་ཚད་ཁ་གསལ་བཟོས་ཟིན་ཞིང་། དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་གངས་ལྗོངས་ས་གཞི་ཆེན་པོ་འདི་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ནས་ཐོན་ཏེ་བརྗིད་ཆགས་མཛེས་སྡུག་ལྡན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དཔའ་ཉམས་ཆེན་པོས་མདུན་དུ་སྐྱོད་བཞིན་ཡོད། ང་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་དུས་སྐབས་གསར་པའི་ཀྲུང་དབྱང་གི་བོད་སྐྱོང་འཆར་གཞི་ཆེ་མོ་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས་ཆེས་རྒྱ་ཁྱབ་ཀྱི་བློ་གྲོས་གཅིག་སྡུད་དང་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་མདུན་སྐྱོད་ཀྱི་ལམ་བུའི་ཐོག་རྒྱལ་ཁ་གསར་པ་རྒྱུན་ཆད་མེད་པར་ལེན་པ་དང་འོད་སྟོང་གསར་པ་ཟམ་མི་ཆད་པར་གཏོད་དགོས།