“ལོ་ལྔ་ཚན་བཅུ་གཉིས་པའི”ཕྱོགས་ཡོངས་ཀྱི་རྒྱལ་ཁ་ལེན་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།
ཆེད་བརྗོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པ་དེ་རིང་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་པ་དེ་ནི་རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ནང་གི་དོན་ཆེན་ཞིག་ཡིན། ལྗོངས་ཡོངས་ཀྱི་ས་གནས་ཁག་ནས་ཕེབས་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་བརྗིད་ཉམས་ལྡན་པའི་ལས་འགན་ཕྲག་ཐོག་ཏུ་འཁུར་ནས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་ཞིང་། ཚོགས་འདུ་སྐོང་ཚོགས་བྱས་པར་ང་ཚོས་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་ཡིན།
ད་རེས་ཀྱི་ཚོགས་འདུ་ཡག་པོ་འཚོག་རྒྱུ་དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་སྐུལ་སློང་དང་མཐུན་སྒྲིལ་བྱས་ནས་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བསམ་བློ་བཅིངས་འགྲོལ་གཏོང་བ་དང་། སྙིང་སྟོབས་རབ་འཕེལ། ངར་ཤུགས་ལ་སྐུལ་མ་གཏོང་བ། ངར་ཤུགས་འཕེལ་བ་བཅས་བྱེད་པ། རང་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་སྤྱི་ཡོངས་ལ་དམ་པོར་བསྟུན་པ། ཡར་རྒྱས་བརྩོན་ལེན་དང་བྱེད་རིན་ཆེན་པོ་ཡོད་པའི་བསམ་པའི་རྣམ་པའི་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པ། རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བ། ཕན་འབྲས་དངོས་ཐོན་པ་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་སྤྱི་ཚོགས་དུས་བབ་ཡུན་རིང་བདེ་འཁོད་ཡོང་བ་བྱ་རྒྱུ་བཅས་ལ་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་ཡོད། ད་རེས་ཀྱི་ཚོགས་འདུའི་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་རྒྱུ་དང་གྲོས་ཞིབ་གནང་རྒྱུ་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་རང་སྐྱོང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་རྩ་གནད་ལ་ཞིབ་བཤེར་བྱེད་པ་དང་ཆོག་མཆན་འགོད་རྒྱུ་ཡིན་པ་དང་དུས་མཚུངས་རང་སྐྱོང་ལྗོངས་ཀྱི་2010ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ་དང་2011ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་འཆར་གཞིར་ཞིབ་བཤེར་བྱེད་པ་དང་ཆོག་མཆན་སྤྲོད་རྒྱུ། རང་སྐྱོང་ལྗོངས་ཀྱི་2010ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ་དང་2011ལོའི་སྔོན་རྩིས་ལ་ཞིབ་བཤེར་དང་གྲོས་ཞིབ་བྱ་རྒྱུ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ལས་དོན་སྙན་སྒྲོན་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་གསན་རྒྱུ་དང་གྲོས་ཞིབ་བྱ་རྒྱུ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་མི་རིགས་ཆོས་ལུགས་ཕྱི་དོན་ཕྱིར་སྡོད་རང་མིའི་ལས་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་དང་དེ་བཞིན་འདེམས་བསྐོའི་ལས་དོན་སོགས་གཏན་འབེབས་བྱ་རྒྱུ་བཅས་རེད།
འདས་ཟིན་པའི་ལོ་གཅིག་རིང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་སྐོང་ཚོགས་གནང་བ་དང་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ཐད་འཐབ་ཇུས་བཀོད་སྒྲིག་གནང་བ་དེ་ནི་ཏང་གི་བོད་ཀྱི་ལས་དོན་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གལ་ཆེན་གཞན་ཞིག་ཡིན་པ་རེད། ལོ་གཅིག་རིང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་གྱིས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་། སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྔ་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་བྱེད་པ། “ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་ལེན་བཞི ”བཅས་ལ་དམ་པོར་བསྟུན་པ། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ། “ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ ”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ། ལྗོངས་ཡོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུ་དང་། དམངས་འཚོ་ཧ་ཅང་ལེགས་སུ་འགྲོ་བ། སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
འདས་མ་ཐག་པའི་ལོ་དེ་ནི “ལོ་ལྔ་ཚན་བཅུ་གཅིག་པའི ”མཇུག་འགྲིལ་བའི་ལོ་ཡིན་པ་དང་རང་ལྗོངས་ཀྱིས “ལོ་ལྔ་ཚན་བཅུ་གཅིག་པའི ”དམིགས་ཚད་དང་ལས་འགན་ཁག་ལེགས་གྲུབ་ཟིན་པས་ང་ཚོར་སྐུལ་མ་ཆེན་པོ་ཐེབས་བྱུང་། “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་དེ་གལ་ཆེའི་ལས་འགན་ཨང་དང་པོར་བརྩིས་ཏེ་འགལ་རྐྱེན་སྣ་ཚོགས་སེལ་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཁྱད་ལྡན་ཐོན་ལས་འཛུགས་སྐྲུན་མངོན་གསལ་དོད་པོ་ཡོང་བ་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛད་སྤྱོད་རྒྱ་ཆེར་ཧུར་ཐག་གཏོང་བ། རང་ཉིད་འཕེལ་རྒྱས་གཏོང་བའི་ནུས་པ་གོམ་གང་མདུན་སྤོས་ངང་ཆེ་རུ་གཏོང་བ་བཅས་བྱས་པས་དེ་བས་ལེགས་པ་དང་། དེ་བས་མགྱོགས་པ། དེ་བས་ཆེ་བ་བཅས་ཀྱི་འཕེལ་རྒྱས་ཡོང་བ་བྱེད་པའི་དངོས་པོའི་རྨང་གཞི་སྔར་བས་བརྟན་པོ་དང་། ཐོག་མཐའ་བར་གསུམ་དུ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས “ལས་འགན་གལ་ཆེ་ཤོས ”དམ་འཛིན་ནན་ཏན་བྱེད་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་རྒྱ་ཆེར་གཏོང་བ། སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་མགྱོགས་སུ་གཏོང་བ། སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་ལོངས་སྤྱོད་བྱེད་པ་བཅས་བྱས་པས་དེ་བས་ལེགས་པ་དང་། དེ་བས་མགྱོགས་པ། དེ་བས་ཆེ་བ་བཅས་ཀྱི་འཕེལ་རྒྱས་ཡོང་བ་བྱེད་པའི་མང་ཚོགས་ཀྱི་རྨང་གཞི་སྔར་བས་བརྟན་པོ། ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་འཛུགས་སྐྲུན་དང་སྣོད་བཅུད་ཁོར་ཡུག་གཉིས་མཐུན་སྦྱོར་ཡོང་རྒྱུ་མཐའ་འཁྱོངས་བྱས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་ལ་སྔར་བས་དོ་སྣང་བྱེད་པ། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་ཧུར་ཐག་བྱེད་པ་བཅས་བྱས་པས་དེ་བས་ལེགས་པ་དང་། དེ་བས་མགྱོགས་པ། དེ་བས་ཆེ་བ་བཅས་ཀྱི་འཕེལ་རྒྱས་ཡོང་བ་བྱེད་པའི་སྣོད་བཅུད་ཁོར་ཡུག་གི་འདེགས་སྐྱོར་སྔར་བས་བརྟན་པོ། ཐོག་མཐའ་བར་གསུམ་དུ་སྒྱུར་བཅོས་སྒོ་དབྱེ་དེ་ཚན་རིག་དང་མཐུན་པའི་གོང་འཕེལ་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས། ཡུན་རིང་བདེ་འཁོད་བཅས་ལ་སྐུལ་འདེད་གཏོང་བའི་རྩ་བའི་སྒུལ་ཤུགས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་དཀའ་གནད་སྒྲོལ་བ་དང་། འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་གོམ་གང་མདུན་སྤོས་ངང་བཅིངས་འགྲོལ་དང་ཆེ་རུ་གཏོང་བ་བཅས་བྱས་པས་དེ་བས་ལེགས་པ་དང་། དེ་བས་མགྱོགས་པ། དེ་བས་ཆེ་བ་བཅས་ཀྱི་འཕེལ་རྒྱས་ཡོང་བ་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགན་ལེན་སྔར་བས་ནུས་པ་ལྡན་པ། ཐོག་མཐའ་བར་གསུམ་དུ་ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་རྒྱུ་དང་དམངས་སེམས་དང་སྟོབས་ཤུགས་གཅིག་ཏུ་འདུ་སྒྲིལ་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་བརྟན་ལྷིང་མཐའ་གཅིག་ཏུ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་མཐའ་གཅིག་ཏུ་སྲུང་སྐྱོང་། རྒྱུན་ལྡན་གྱི་ཆོས་ལུགས་སྒྲིག་ལམ་མཐའ་གཅིག་ཏུ་སྲུང་སྐྱོང་བཅས་བྱས་ནས་སྤྱི་ཚོགས་དུས་བབ་རྒྱུན་བསྲིང་ངང་བརྟན་ལྷིང་བྱུང་བས་དེ་བས་ལེགས་པ་དང་། དེ་བས་མགྱོགས་པ། དེ་བས་ཆེ་བ་བཅས་ཀྱི་འཕེལ་རྒྱས་ཡོང་བ་བྱེད་པའི་བསམ་བློ་དང་སྤྱི་ཚོགས་ཀྱི་རྨང་གཞི་སྔར་བས་བརྟན་པོ་བཅས་བྱུང་ཡོད།
མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་རང་རྒྱལ་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་རྩ་བའི་ཆབ་སྲིད་ལམ་ལུགས་ཡིན་ལ་མི་དམངས་རང་ཁྱིམ་རང་བདག་མངོན་འགྱུར་བྱེད་པའི་སྲིད་དབང་རྩ་འཛུགས་ཀྱི་རྣམ་པ་ཡག་ཤོས་ཤིག་ཀྱང་ཡིན། ལོ་གཅིག་རིང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་རྒྱལ་ཁབ་ཀྱི་དབང་ཆའི་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། ཁྲིམས་ལྟར་འགན་བབ་སྒྲུབ་པ། འགན་འཁྲི་ནན་ཏན་སྒྲུབ་པ་བཅས་བྱས་ཏེ་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། མཐུན་སྦྱོར་ལྡན་པའི་བོད་ལྗོངས། སྣོད་བཅུད་བཟང་བའི་བོད་ལྗོངས་བཅས་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
འབྱུང་འགྱུར་ལ་ཁ་ཕྱོགས་ཚེ་ང་ཚོ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ཡོད་ཅིང་། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ནི་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཁྲེགས་གཏོར་གྱི་དུས་སྐབས་ཤིག་ཡིན་པས་དོན་སྙིང་གལ་ཆེན་ལྡན་ཡོད། འདི་ལོ་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཞིག་ཡིན་ལ་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་ལོ་ཡང་ཡིན་པས་འདི་ལོའི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་འགན་འཁྲི་ལྕི་པོ་དང་ལས་འགན་གཟི་བརྗིད་ལྡན་ཡོད། ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་གོ་སྐབས་དམ་འཛིན་དང་དུས་བསྟུན་འཕེལ་རྒྱས་བྱེད་པ་དང་དཀའ་སྤྱད་འབད་བརྩོན་དང་གསར་འབྱེད་ཡར་བརྩོན་བྱས་ཏེ་དེ་བས་འབད་འབུངས་ཡར་བརྩོན་གྱི་བསམ་པའི་རྣམ་པ་དང་། དེ་བས་བདེན་འཚོལ་དངོས་སྒྲུབ་ཀྱི་ལས་ཀའི་བྱེད་ཕྱོགས། དེ་བས་ཕུལ་བྱུང་གི་གྲུབ་འབྲས་བཅས་ཀྱི་ཐོག་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་དམིགས་ཚད་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱ་རྒྱུ་དང་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། མཐུན་སྦྱོར་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་བརྩོན་ཧུར་ཐག་བྱེད་དགོས།
ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣