དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ་རང་འཕེལ་གྱི་ནུས་པ་མཐོ་རུ་གཏོང་རྒྱུའི་འགན་ལེན་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ལེགས་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྣེ་འདྲེན་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་དང་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་གཏོང་བ་དང་དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་རིམ་སྤོར་ཡོང་རྒྱུར་སྐུལ་མ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད། ང་ཚོས་ངེས་པར་དུ་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བླང་བྱ་ལྟར་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་རང་ལྗོངས་ཀྱི་འཐབ་ཇུས་གནས་བབ་ཁོང་དུ་ཆུད་པ་བྱས་ཏེ “ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་ལ་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ ”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ཏེ་ས་གནས་དེ་གའི་རང་བྱུང་ཆ་རྐྱེན་དང་ཐོན་ལས་རྨང་གཞིའི་དོན་དངོས་དང་བསྟུན་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་རང་འཕེལ་གྱི་ནུས་པ་མཐོ་རུ་གཏོང་རྒྱུའི་འགན་ལེན་བྱེད་དགོས་པ་སྟེ།

        གཅིག་ནི་ཁྱད་ལྡན་ཡུལ་སྐོར་ལས་རིགས་སྟོབས་ཆེར་གཏོང་བ་དང་ལེགས་པར་གཉེར་དགོས། ཡུལ་སྐོར་ལས་རིགས་ནི་རང་ལྗོངས་ཀྱི་གཙོ་ཁྲིད་ཐོན་ལས་དང “ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བའི ”འགོ་ཚུགས་ས་དང་ཚད་བརྒལ་ཡོང་ས་ཡིན་སྟབས་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་ཞིག་ཏུ་འཛུགས་རྒྱུར་དམིགས་ཏེ་སྟོབས་ཆེར་གཏོང་བ་དང་ལེགས་པར་གཉེར་རྒྱུར་ཤུགས་སྣོན་རྒྱག་དགོས། རྩེ་གྲའི་ཡུལ་སྐོར་འགྲོ་ལམ་འཛུགས་སྐྲུན་མགྱོགས་པོ་བྱས་ནས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་འཕྲིན་གཏོང་དང་ཁོར་ཡུག་འཕྲོད་བསྟེན་གྱི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཡུལ་སྐོར་གྱི་མཁྲེགས་ཆས་ཆ་རྐྱེན་ལེགས་སུ་ཏན་ཏིག་གཏོང་བ། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། ཡུལ་སྐོར་སྣེ་ཤན་པའི་དཔུང་ཁག་གི་བྱང་ཚད་མཐོ་རུ་གཏོང་བ་དང་། ཡུལ་སྐོར་ཁྲོམ་ར་ཚད་ལྡན་དུ་གཏོང་བ། ཡུལ་སྐོར་ཞབས་ཞུའི་ཚད་ལྡན་གྱི་མ་ལག་འཐུས་ཚང་དུ་གཏོང་བ། ཡུལ་སྐོར་གྱི་ཛ་དྲག་རོགས་སྐྱོར་གྱི་ལམ་སྲོལ་འཛུགས་རོགས་བྱེད་པ་བཅས་བྱེད་དགོས། ཡུལ་སྐོར་ཐོན་ལས་ཀྱི་འབྲེལ་ཐག་གང་ཐུབ་སྣུར་སྲིང་བྱས་ཏེ་ཡུལ་སྐོར་ལས་རིགས་དང་། རིག་གནས་ཐོན་ལས། མི་རིགས་ལག་ཤེས་བཟོ་ལས། དེ་བཞིན་དེང་དུས་ཞབས་ཞུའི་ལས་རིགས་བཅས་མཉམ་འགུལ་ཡོང་རྒྱུར་སྐུལ་མ་ཤུགས་ཆེན་གཏོང་དགོས། “དགུན་དུས་བོད་དུ་ཡུལ་སྐོར་ལ་འགྲོ་བ ”སོགས་རིམ་སྤེལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་དམངས་སྲོལ་གྲོང་དང་བོད་ཁྱིམ་སྤྲོ་ཁང་སོགས་གྲོང་གསེབ་ཀྱི་ཡུལ་སྐོར་ལ་རོགས་སྐྱོར་ཤུགས་ཆེན་བྱེད་དགོས། ཕྱི་ལོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་750ཡན་ལ་སྣེ་ལེན་ཞུ་བ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་76ལོན་རྒྱུའི་བརྩོན་ལེན་བྱེད་དགོས།

        གཉིས་ནི་ལེགས་ལྡན་གཏེར་འདོན་ཐོན་ལས་ལུགས་མཐུན་དང་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་གཏོང་དགོས། གཏེར་འདོན་ཐོན་ལས་ནི་རང་ལྗོངས་ཀྱི “ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པའི ”ནང་དོན་གལ་ཆེན་ཞིག་ཡིན་པས “རྒྱལ་ཁབ་ཀྱི་མདོག་ལྡན་ལྕགས་རིགས་གསར་སྤེལ་དང་འཐབ་ཇུས་ཐོན་ཁུངས་རྗེས་གྲབས་ཀྱི་རྟེན་གཞི་གལ་ཆེན ”འཛུགས་སྐྲུན་བྱེད་པའི་དམིགས་ཚད་དུ་བྱས་ཏེ་ཆེ་བ་དམ་འཛིན་དང་ཆུང་བ་ཚོད་འཛིན་དང་། བསྡུ་སྒྲིལ་གསར་སྤེལ། ལེགས་གཏོད་ཆེ་གཏོད་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་གཞི་ཁྱོན་ལྡན་པའི་སྔོག་འདོན་དང་ཞིབ་གཉེར་བེད་སྤྱོད་བྱ་རྒྱུ་མངོན་གསལ་དུ་བཞག་སྟེ་ཟངས་གཏེར་དང་། ཞ་ཉེ་དང་ཏི་ཚའི་གཏེར། ཀེ་ལྕགས་གཏེར། ཚྭ་མཚོའི་ལི་དང་། ཚ་ལ། མེ་སོགས་ལེགས་ལྡན་གཏེར་རྫས་ཐོན་ཁུངས་གསར་སྤེལ་བྱ་རྒྱུར་ལུགས་མཐུན་དང་གོ་རིམ་ལྡན་པའི་ངང་སྐུལ་མ་གཏོང་དགོས། རྒྱ་མ་ལྕགས་རིགས་མང་བའི་གཏེར་ཁ་དང་། ཆུ་ལུང་ཟངས་གཏེར། གཡུ་ལུང་ཟངས་གཏེར་གྱི་བཟོ་དུས་གཉིས་པ་བཅས་དང་དེ་བཞིན་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་ངང་བེད་སྤྱོད་དང་གསར་སྤེལ་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། སྣོད་བཅུད་ཁོར་ཡུག་འགན་ལེན་བྱེད་པའི་སྔོན་འགྲོའི་འོག་ཐོན་ཁུངས་དང་། འགྲིམ་འགྲུལ། གློག་ཤུགས་སོགས་རྨང་གཞིའི་ཆ་རྐྱེན་སྤྱིར་ན་འཛོམས་པའི་གཏེར་ཁུལ་ཆེ་གྲས་སུ་མ་དངུལ་དང་། ལག་རྩལ། དོ་དམ་ཉམས་མྱོང་བཅས་ཡོད་པའི་རྒྱལ་ནང་གི་ཁེ་ལས་ཚོགས་པ་ཆེ་གྲས་འགུགས་ཐབས་བྱས་ནས་གསར་སྤེལ་བྱེད་དགོས། སྔོན་ཐོན་ལག་རྩལ་ནང་འདྲེན་དང་ཁྱབ་སྤེལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་གཏེར་རྫས་ཐོན་རྫས་ལས་སྣོན་ཟབ་མོ་བྱ་རྒྱུར་སྐུལ་མ་གཏོང་དགོས། གཏེར་རྫས་ཐོན་ཁུངས་རྩད་བཤེར་དང་དཔྱད་འཇོག་སྔར་བས་ཆེ་རུ་བཏང་སྟེ་གཏེར་རྫས་ཐོན་ཁུངས་གསལ་པོ་རྟོགས་ཐུབ་པ་བྱེད་དགོས།

        གསུམ་ནི་ས་མཐོའི་ལྷད་མེད་བཟའ་བཅའི་ཐོན་རྫས་ལས་སྣོན་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། སྲོ་ལོ་དམར་པོ་དང་། དབྱར་རྩྭ་དགུན་འབུ། ས་མཐོའི་ཟ་རིགས་ཤ་མོང་། གཏེར་ཆུ། སྦི་རག་སོགས་ས་མཐོའི་ཁྱད་ལྡན་ཐོན་ལས་དང་ལྷད་མེད་བཟའ་བཅའི་ལས་སྣོན་ལས་རིགས་འཕེལ་རྒྱས་ཧུར་ཐག་བཏང་སྟེ་རྒྱལ་ཁབ་རིམ་པའི་བཏུང་བཅའི་ཐོན་སྐྱེད་རྟེན་གཞི་དང་། བོད་ཤར་རི་སྐྱེས་ཤ་མོང་རིགས་ཀྱི་གསར་སྤེལ་རྟེན་གཞི། བོད་ཤར་བྱང་གི་སྐྱེ་དངོས་བཟའ་བཅའི་ཐོན་སྐྱེད་རྟེན་གཞི་དང་ལས་སྣོན་རྟེན་གཞི་རིམ་པས་འཛུགས་དགོས། ཁྱད་ལྡན་སྐྱེ་དངོས་ཀྱི་ལས་སྣོན་ཟབ་པའི་སྣེ་འདྲེན་ཁེ་ལས་ཁག་གཅིག་གང་མྱུར་ཆགས་པ་བྱས་ཏེ་ཐོན་སྐྱེད་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ་དང་གྲགས་ཅན་སྤུས་རྟགས་ཀྱི་ཐོན་རྫས་ཐོན་ཐབས་བྱེད་དགོས། གཙོ་གནད་ལས་གྲྭའི་ཚོད་ལྟ་ཁང་དང་། ལག་རྩལ་ཞིབ་འཇུག་གསར་སྤེལ་ལྟེ་གནས། ཞིབ་འཇུག་གསར་སྤེལ་མཉམ་དུ་སྤྱོད་པའི་སྟེགས་བུ། ཐོན་ལས་ཅན་གྱི་དཔེ་སྟོན་ལས་གྲྭ་བཅས་ཁག་གཅིག་བཙུགས་ནས་ཐོན་རྫས་ཐད་ཚན་རྩལ་འདུས་ཚད་མཐོ་རུ་གཏོང་དགོས།

        བཞི་ནི་བོད་ལུགས་གསོ་རིགས་འཕེལ་རྒྱས་མགྱོགས་པོ་གཏོང་དགོས། རང་སྐྱོང་ལྗོངས་ཀྱིས་བོད་ལུགས་གསོ་རིག་ལ་རོགས་སྐྱོར་དང་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་བསམ་འཆར་བཏོན་མ་ཐག་པས་བོད་ལུགས་གསོ་རིག་འཕེལ་རྒྱས་གཏོང་བའི་བྱེད་ཕྱོགས་གཏན་ལ་ཕབ་པ་དང་རོགས་སྐྱོར་སྲིད་ཇུས་ཤིན་ཏུ་གསལ་བས་འགག་རྩ་ནི་སྲིད་ཇུས་དང་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བ་བྱ་རྒྱུ་དེ་རེད། རིམ་པ་མཐོ་བའི་བོད་ལུགས་གསོ་རིག་གི་ཤེས་ལྡན་མི་སྣ་གང་མྱུར་གསོ་སྐྱོང་བྱེད་པ་དང་རྒྱལ་ཁབ་རིམ་པའི་བོད་ལུགས་གསོ་རིག་གི་ཞིབ་འཇུག་ལྟེ་གནས་བཙུགས་ཏེ་སྔོན་ཐོན་ལག་རྩལ་དང་བཟོ་རྩལ་ནང་འདྲེན་བྱེད་པ་དང་བེད་སྤྱོད་གཏོང་བ་དང་བོད་སྨན་འཐུམ་སྒྲིལ་སྒྱུར་བཀོད་དང་བོད་སྨན་གསར་པ་ཞིབ་འཇུག་གསར་སྤེལ་གང་མགྱོགས་བྱས་ཏེ་རང་བདག་གི་ཤེས་བྱའི་བདག་དབང་ཡོད་པའི་བོད་སྨན་གསར་པ་ཁག་གཅིག་ཡོང་ཐབས་བྱེད་དགོས། བོད་སྨན་སྨན་རྩྭ་འདེབས་གསོ་དང་ཐོན་སྐྱེད་རྟེན་གཞི་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ནས་སྟོངས་ལ་ཉེ་བའི་བོད་སྨན་སྨན་རྩྭ་སྲུང་སྐྱོང་དང་རྒྱུན་བསྲིང་ངང་བེད་སྤྱོད་ཐུབ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།