དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་བྱེད་ཐབས་འགངས་ཆེན།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་གནམ་ལོ་གསར་ཚེས་དགའ་གཏོང་བྱེད་པའི་སྐབས་དེར་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས་2011ལོའི “དུས་ཆེན་གསུམ ”རིང་གི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་བ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བ་འགན་ལེན་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་པ་དེ་དག་གིས་གྲང་ངར་ཆེ་བའི་གངས་ལྗོངས་ཀྱི་དགུན་དུས་ཀྱི་ས་གཞི་ཆེ་མོར་དྲོ་སྐྱིད་སྦྱིན་ཡོད།

        རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་ན་མེད་པའི་ལས་ཀ་བྱེད་ཤུགས་ཀྱི་སྒོ་ནས་མང་ཚོགས་ལ་ཐུགས་ཁུར་དང་དམངས་འཚོར་དོ་ཁུར་གནང་ཐོག་ས་མཐོའི་མི་སེར་གྱི་ཐོན་སྐྱེད་དང་འཚོ་བ་དང་། ནད་ལྟ་བ་དང་རྒན་གསོ། ཟས་གོས་སྡོད་སྐྱོད་བཅས་འགན་ལེན་གནང་བས་དྲོ་སྐྱིད་ཀྱི་ཚོར་སྣང་མི་ཡོང་བ་ག་ལ་སྲིད།

        གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱེད་ཡུལ་དང་། འགན་ལེན་ལྔའི་དུད་ཚང་། གཟིགས་སྐྱོང་བྱེད་ཡུལ། གཞུང་ཁོངས་ཁེ་ལས་ཀྱི་ལས་བྲལ་ལས་འཁྱུར་ངལ་གསོ་རྒྱག་མཁན་བཅས་ལ་སྤྲོད་ཐེངས་གཅིག་གི་འཚོ་བའི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་མུ་མཐུད་ལག་བསྟར་བྱས་ནས་གྲོང་ཁྱེར་གྱི་ཡུལ་མི་དང་གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་སྔར་བས་མཐོ་རུ་བཏང་བ་དང་། ཁེ་ལས་ཀྱི་ལས་བྲལ་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ཐོབ་ཐང་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐོབ་ཐང་སྔར་བས་ལེགས་སྒྲིག་བྱས་པ་དང་། བྱེད་ཐབས་རབ་དང་རིམ་པ་བཏོན་ནས་ཟོག་གོང་བརྟན་པོ་ཡོང་བ་བྱེད་པ་དང “དུས་ཆེན་གསུམ ”རིང་གི་ཁྲོམ་རའི་མཁོ་སྤྲོད་དང་ཟོག་གོང་བརྟན་པོ་ཡོང་རྒྱུ་ཁྱོན་ཡོངས་ནས་འགན་ལེན་བྱེད་པ། བཅར་འདྲི་དང་འཚམས་འདྲིའི་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་ལ་བདེ་འཇགས་དང་། བཀྲ་ཤིས་པ། སྤྲོ་སྣང་ལྡན་པ་བཅས་ཀྱི་དུས་ཆེན་ཞིག་གཏོང་རྒྱུའི་འགན་ལེན་བྱེད་པ་བཅས་བྱས་པས་དྲོ་སྐྱིད་ཀྱི་ཚོར་སྣང་མི་ཡོང་ག་ལ་སྲིད།

        ལོ་གསར་པ་འཆར་བ་དང་སྦྲགས་དམངས་ཕན་བྱེད་ཐབས་ཚང་མའི་ཐོག་ནས་མི་ཚང་མས་ཏང་གི་དྲོ་སྐྱིད་ཚོར་ཐུབ་པ་དང་མི་ཚང་མས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་གྱི་མཛེས་སྡུག་ལྡན་པའི་འཚོ་བ་མྱོང་ཚོར་བྱེད་བཞིན་ཡོད། དེ་ནི་དམངས་འཚོ་འགན་ལེན་ནུས་ལྡན་དང་ལེགས་སུ་གཏོང་བའི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བྱེད་ཐབས་འགངས་ཆེན་ཞིག་ཡིན་ལ་འཕེལ་རྒྱས་ཀྱི་སྟོབས་ཤུགས་གཅིག་སྡུད་དང་མི་སེར་གྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བའི་དམངས་ཕན་བྱེད་ཐབས་ཞིག་ཀྱང་དེ་བས་རེད།

        “འབངས་ཀྱི་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་མཁན་ལ་དམངས་ཀྱིས་ཀྱང་སེམས་ཁྲལ་བྱེད་པ་དང་། དམངས་ཀྱི་དགའ་པོ་བྱེད་སར་དགའ་པོ་བྱེད་མཁན་ལ་དམངས་ཀྱིས་ཀྱང་དགའ་པོ་བྱེད ”ད་ཆ་རང་སྐྱོང་ལྗོངས་ཀྱིས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ཐད་སྟོབས་ཤུགས་དེ་ལྟ་བུ་སྦྱིན་པ་དང་མདུན་ལམ་དེ་ལྟ་བུ་གནང་བ་དེ་དཔལ་འབྱོར་འཕེལ་རྒྱས་དང་ཚོང་འགུག་མ་འདྲེན་ལ་མཐོང་ཆེན་བྱེད་པ་ལྟར་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བར་མཐོང་ཆེན་བྱས་ཏེ་མི་སེར་གྱི་ཟས་གོས་སྡོད་སྐྱོད་ལ་དུས་དང་རྣམ་པ་ཀུན་ཏུ་དོ་ཁུར་དང་མི་སེར་གྱི་འཚོ་བ་དང་བདེ་སྡུག་ལ་དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པ་དེ་ནི་རང་རེའི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མི་རྩ་བར་འཛིན་པ་དང་དམངས་ཀྱི་ཆེད་དུ་སྲིད་སྐྱོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་པས་མི་རྣམས་ཀྱིས་བསྔགས་བརྗོད་བྱེད་འོས་པ་ཞིག་ཡོད་པ་དེ་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་གཟབ་བཞེས་གནང་ལུགས་གང་ལེགས་མཚོན་ཡོད་ལ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དེང་སྐབས་ལས་དོན་ཐད་བཏོན་པའི་ལས་འགན་གལ་ཆེན་ཞིག་ཀྱང་རེད།

        དམངས་འཚོ་སྔོན་ལ་སྤེལ་བ་དང་། དམངས་འཚོར་སྣང་ཆེན་བྱེད་པ། དམངས་འཚོ་རྩ་བར་འཛིན་པ་བཅས་བྱེད་ཅིང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཤུགས་རྒྱག་ས་གལ་ཆེན་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་འབྲས་བུ་དཔྱད་བསྡུར་བྱེད་པའི་དམིགས་ཚད་གལ་ཆེན་ཞིག་ཡིན་པའི་དམངས་འཚོ་དེ་དམངས་སེམས་ཐོབ་མིན་དང་བྱ་གཞག་དར་རྒུད་ཇི་ཡོང་དང་འབྲེལ་བ་ཡོད་པ་ཞིག་རེད། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་བསྟུན་ནས་ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་དམངས་འཚོ་ལེགས་སུ་གཏོང་བར་སྐུལ་འདེད་ཤུགས་ཆེན་བཏང་ནས་སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་སྲིད་ཇུས་ཀྱི་ཁྲིད་སྟོན་མངོན་གསལ་དོད་པ་དང་། སློབ་གསོ་སྔོན་ལ་སྤེལ་རྒྱུ་མངོན་གསལ་དོད་པ། འཕྲོད་བསྟེན་དེ་གཞི་རིམ་ལ་ལག་བསྟར་བྱ་རྒྱུ་མངོན་གསལ་དོད་པ། ལས་ཞུགས་གང་ལེགས་ཡོང་རྒྱུ་མངོན་གསལ་དོད་པ། ཁྱབ་ཚད་འགན་ལེན་བྱ་རྒྱུ་མངོན་གསལ་དོད་པ། རིག་གནས་དར་རྒྱས་ཡོང་རྒྱུ་མངོན་གསལ་དོད་པ། ཚན་རྩལ་ཁྱབ་གདལ་གཏོང་རྒྱུ་མངོན་གསལ་དོད་པ་བཅས་ཀྱི་གཞི་རྩའི་བླང་བྱ་གཞིར་བཟུང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་ཁྱབ་པའི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

        ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་དམངས་འཚོ་ལེགས་སུ་གཏོང་རྒྱུ་གཙོ་གནད་དུ་བྱས་པའི་སྤྱི་ཚོགས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་དེ་མི་དམངས་མང་ཚོགས་ལ་རང་རེའི་ཏང་གིས་སྒམ་བརླིང་ལྡན་པའི་ཁས་ལེན་བྱས་པ་ཞིག་ཡིན་པ་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་གྱི་མཚོན་ཚུལ་ཞིག་ཡིན་ལ་མི་དམངས་མང་ཚོགས་ཀྱིས་རེ་སྒུག་ཟབ་མོ་བྱེད་པ་ཞིག་ཀྱང་རེད་ཅེས་ནན་བཤད་བྱས་པ་རེད། དེང་སྐབས་ང་ཚོས་ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་བཀོད་སྒྲིག་གཞིར་བཟུང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བ་འགན་ལེན་བྱེད་པའི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་དོན་འཁྱོལ་ཏན་ཏིག་ཡོང་བ་བྱེད་དགོས། རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་དམངས་འཚོར་དོ་ཁུར་དང་། དམངས་འཚོར་མཐོང་ཆེན། དམངས་འཚོ་འགན་ལེན། དམངས་འཚོ་ལེགས་སུ་གཏོང་བ་བཅས་དང་ཟུང་འབྲེལ་བྱས་ཏེ་འགན་ནུས་ཏན་ཏིག་སྒྲུབ་པ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བ་བཀོད་སྒྲིག་ལས་དོན་ཏན་ཏིག་ཡག་པོ་བསྒྲུབ་དགོས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཡག་པོ་བྱེད་པ་དང་མ་མཐའི་འཚོ་བ་འགན་ལེན་དང་འགན་ལེན་ལྔ་སོགས་ཀྱི་འཚོ་བའི་རོགས་སྐྱོབ་ལས་དོན་སྔར་བས་ཡག་པོ་སྒྲུབ་ནས “དྲོ་སྐྱིད་སྦྱིན་པ་དང་གཅེས་སེམས་འབུལ་བའི ”བྱེད་སྒོ་སྣ་ཚོགས་གཏིང་ཟབ་སྤེལ་དགོས། གཙོ་གནད་དུ་གཟིགས་སྐྱོང་བྱ་ཡུལ་གྱི་གཟིགས་སྐྱོང་འཚམས་འདྲིའི་ལས་དོན་ནན་ཏན་ཡག་པོ་བསྒྲུབས་ཏེ་གྲོང་གསེབ་ཀྱི “འགན་ལེན་ལྔའི་དུད་ཚང ”དང་། དམིགས་བསལ་དཀའ་ངལ་ཡོད་པའི་དུད་ཚང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱེད་ཡུལ་བཅས་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་ཡག་པོ་བྱས་ནས་མ་མཐའི་འཚོ་བ་འགན་ལེན་གྱི་དངུལ་དུས་ཐོག་ཏུ་གྲངས་འབོར་ཚང་བའི་ངང་སྤྲོད་རྒྱུ་འགན་ལེན་བྱེད་དགོས། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། དུས་ཆེན་གྱི་ཁྲོམ་རའི་མཁོ་སྤྲོད་སྔར་བས་དམ་འཛིན་ཡག་པོ་བྱེད་པ། མང་ཚོགས་ཀྱི་རིག་གནས་རོལ་རྩེད་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས་མང་ཚོགས་ལ་དངོས་ཡོད་དཀའ་ངལ་སེལ་རོགས་ཏན་ཏིག་བྱས་ཐོག་མི་རིགས་ཁག་གི་མང་ཚོགས་བདེ་སྡོད་ལས་བརྩོན་ཡོང་བ་དང་ལྷིང་འཇགས་དང་། བཀྲ་ཤིས་པ། སྤྲོ་སྣང་དོད་པ་བཅས་ཀྱི་དུས་ཆེན་ཞིག་གཏོང་རྒྱུ་ཡོང་བ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།