བོད་ལྗོངས་སུ “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ཐུགས་གྲ་ལེགས་འགྲིག་ཡོང་ཉེར་ཡོད་པ་དང “ལོ་ལྔ་ཚན་བཅུ་གཉིས་པའི ”འཕེལ་རྒྱས་ཀྱི་འཆར་གཞི་ཆེན་མོ་ཇུས་འགོད་ཞིབ་ཚགས་བྱེད་པའི་འགག་རྩའི་དུས་འདིར་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་བདེ་སྡོད་ལས་བརྩོན་ཚད་བརྒལ་བྱེད་སར་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ཞིང་འབྲོག་ཁུལ་གྱི་རྣམ་པར་ལེགས་བཅོས་ཆེན་པོ་བྱ་རྒྱུར་འགན་ལེན་བྱེད་དགོས་པ་སླར་ཡང་ནན་བཤད་བྱས་ཡོད། ང་ཚོས་ངེས་པར་དུ་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་གི་དོན་སྙིང་ཟབ་མོ་དེར་ངོས་འཛིན་གང་ལེགས་དང་། གོ་བ་གཏིང་ཟབ། ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བཅས་བྱས་ནས་ཉམས་མྱོང་སྔར་བས་ཕྱོགས་སྡོམ་བྱེད་པ་དང་། བྱ་ཐབས་ལ་ཤུགས་སྣོན་རྒྱག་པ། ལས་དོན་ཏན་ཏིག་སྤེལ་བ་བཅས་བྱས་ཏེ་རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཚོས་ཏང་གི་དྲོ་སྐྱིད་དང་ཏང་གི་ཐུགས་ཁུར་ཏན་ཏིག་ཚོར་བ་བྱེད་དགོས།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཐུགས་ཁུར་ཟབ་མོ་བྱེད་ཀྱི་ཡོད། “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་པ་ནས་བཟུང་རང་ལྗོངས་ཀྱི་ཞིང་འབྲོག་པའི་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་ཏན་ཏིག་གཏོང་བ་དང་། ཀྲུང་དབྱང་གིས་བཏོན་པའི “ཐོན་སྐྱེད་གོང་འཕེལ་དང་། ལྟོ་གོས་འཛོམས་པ། ཡུལ་སྲོལ་བཟང་བ། གྲོང་ཚོ་བཀོད་གཙང་། བདག་གཉེར་དམངས་གཙོ ”བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་དང་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་བྱེད་ཆེད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་ཞིབ་ཕྲའི་དོན་དངོས་ལྟར་རྟོག་ཞིབ་དང་ཞིབ་འཇུག་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག་བདེ་སྡོད་ལས་བརྩོན་ཚད་བརྒལ་བྱེད་སར་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལག་བསྟར་ཤུགས་ཆེན་བྱ་རྒྱུའི་གཏན་འབེབས་བྱས་ཡོད། ལྷག་པར་དུ་2006ལོར་རང་སྐྱོང་ལྗོངས་ཀྱིས་ཞིང་པའི་སྡོད་ཁང་སྒྱུར་བཅོས་དང་། འབྲོག་པ་གཞིས་ཆགས། དུད་ཚང་དབུལ་པོའི་བདེ་སྡོད་བཅས་གཙོ་བོར་བྱེད་པའི་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གྲྭ་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་ཡོད། ལོ་5ཡི་འབད་བརྩོན་བྱས་པ་བརྒྱུད་རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གྲྭར་གྲུབ་འབྲས་ཆེན་པོ་ཐོབ་པ་དང་ལྗོངས་ཡོངས་ཀྱི་སྡོད་ཁང་ཆ་རྐྱེན་ཅུང་ཞན་པའི་ཞིང་འབྲོག་པ་80%བདེ་འཇགས་ལྡན་ལ་སྤྱོད་གོ་ཆོད་པའི་ཁང་པར་སྡོད་ཐུབ་པའི་ཞལ་བཞེས་ལོ་གཅིག་གི་སྔ་སྣུར་དུ་མངོན་འགྱུར་བྱུང་བ་མ་ཟད། ལྗོངས་ཡོངས་ཀྱི་སྡོད་ཁང་ཆ་རྐྱེན་ཅུང་ཞན་པའི་ཞིང་འབྲོག་པ་དུད་ཚང་ཁྲི་27.48ཚང་མ་བདེ་འཇགས་ལྡན་ལ་སྤྱོད་གོ་ཆོད་པའི་ཁང་པའི་ནང་སྡོད་རྒྱུ་བྱུང་བ་རེད།
2011ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལྟར་ལས་འགན་ཨང་དང་པོར་དམིགས་ཏེ་ད་དུང་ང་ཚོས “བདེ་སྡོད ”དང “ལས་བརྩོན ”གྱི་ལས་དོན་གཉིས་སྔར་ལས་ལྷག་པའི་སྒོ་ནས་ཡག་པོ་སྒྲུབ་ཏེ་སྟོབས་ཤུགས་གཅིག་སྡུད་ཀྱི་ཐོག་ནས་དོན་ཆེན་འགའ་འགྲུབ་པ་བྱེད་དགོས།
བདེ་སྡོད་ལས་གྲྭ་རྒྱ་སྐྱེད་གཏོང་དགོས་ཤིང་། གཅིག་གྱུར་འཆར་འགོད་དང་། སྤྱི་ཡོངས་སྐུལ་འདེད། རིགས་དབྱེ་མཛུབ་ཁྲིད། ཚན་རིག་དང་མཐུན་པའི་ཇུས་འགོད། ཕྱོགས་བསྡུས་ཆ་སྒྲིག དམིགས་བསལ་མངོན་པ་བཅས་ཀྱི་སྤྱིའི་བླང་བྱར་གཞིགས་ཏེ་ད་དུང་ལོ་གསུམ་གྱི་དུས་ཚོད་སྤྱད་དེ་ཞིང་འབྲོག་དུད་ཚང་ཁྲི་18.5ཡི་བདེ་སྡོད་ལས་གྲྭ་ལེགས་སྒྲུབ་བྱ་རྒྱུ་ཡིན་པའི་ནང “ལོ་ལྔ་ཚན་བཅུ་གཅིག་པའི ”ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་འཆར་འགོད་ནང་བཅུག་མེད་པའི་དེ་སྔོན་གྱི་སྡོད་ཁང་གི་ཆ་རྐྱེན་བལྟོས་བཅས་ཀྱི་ལེགས་ཙམ་ཡོད་པའི་ཁྱིམ་དུད་ཁྲི་11.78དང་བདེ་སྡོད་ལས་གྲྭ་ལག་བསྟར་བྱས་ཚུན་གསར་དུ་འཕར་བའི་ཁྱིམ་དུད་ཁྲི་6.77བཅས་ཚུད་ཡོད། བདེ་སྡོད་ལས་གྲྭས་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཡོངས་ལ་ཕན་པ་ཐོབ་པ་བྱས་པ་བརྒྱུད་ཞིང་འབྲོག་པའི་འཚོ་བའི་ཆ་རྐྱེན་སྒོ་ཀུན་ནས་ལེགས་སུ་གཏོང་དགོས། བདེ་སྡོད་ཀྱི་རྒྱ་སྐྱེད་ལས་གྲྭ་སྔར་བས་ལག་བསྟར་བྱེད་པ་ནི་ཞིང་འབྲོག་པ་དེ་བས་མང་བ་ཞིག་ལ་ཕན་པ་ཐོབ་པ་དང་དོན་སྙིང་གཏིང་ཟབ་ལྡན་པའི “དམངས་སེམས་འདུ་འགོད ”ཅིག་ཡིན་ལ་ལྗོངས་ཡོངས་ཀྱི་ཞིང་འབྲོག་པ་དེ་བས་བདེ་སྐྱིད་དང་ཡ་རབས་ཀྱི་འཚོ་བ་ཞིག་སྐྱེལ་ཐུབ་པའི་འགན་ལེན་དང་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པ་དང་འབྱོར་འབྲིང་སྤྱི་ཚོགས་ཀྱི་བརྗིད་ཆེའི་དམིགས་ཚད་སྒོ་ཀུན་ནས་མངོན་འགྱུར་བྱེད་པའི་གལ་ཆེའི་བྱ་ཐབས་ཤིག་ཀྱང་ཡིན་པས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་པའི་རེ་བ་ཆེན་པོ་དང་མཐུན་པ་ཞིག་ཡིན།
ཆ་ལག་ཚང་བའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་དགོས་ཤིང་། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་འཛུགས་སྐྲུན་བྱེད་ཚད་མགྱོགས་སུ་བཏང་ནས་གྲོང་གསེབ་ཀྱི་ཆུ་དང་། གློག ལམ། ཆ་འཕྲིན། སོལ་རླངས། རླུང་འཕྲིན་བཪྙན་འཕྲིན། སྦྲག་སྲིད་དང་མཛེས་སྡུག་ལྡན་པའི་ཁོར་ཡུག་བཅས “བརྒྱད་ཚང་བའི་ཞིང་དུད ”ཀྱི་ལས་གྲྭ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཁང་པ་རྒྱག་པ་དང་སྒོ་ར་བཅོས་སྐྱོང་དང་དེ་བཞིན་གྲོང་ཚོའི་རྣམ་པ་བཅས་ཟུང་འབྲེལ་བྱས་ནས་ཞིང་འབྲོག་ཁུལ་གྱི་མི་འབོར་འོས་འཚམས་ཀྱིས་གཅིག་སྡུད་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་ཟུང་འབྲེལ་བྱས་ནས་ཞིང་འབྲོག་ཁུལ་གྱི་རྣམ་པར་འགྱུར་ལྡོག་ཤུགས་ཆེན་གཏོང་དགོས།
ཐོན་ལས་དང་པོའི་ཆུ་ཚད་མཐོ་རུ་གཏོང་དགོས་ཤིང་། གཙོ་གནད་ནི་ཞིང་འབྲོག་ལས་ཀྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱེད་མགྱོགས་སུ་བཏང་ནས་ཞིང་འབྲོག་ཐོན་རྫས་ཀྱི་རྟེན་གཞི་དང་ཐོན་ལས་འབྲེལ་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་སྟེ་ཁྱད་ལྡན་ཞིང་འབྲོག་ལས་རྒྱ་སྟོབས་ཆེ་རུ་གཏོང་དགོས། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱས་ནས་ཞིང་འབྲོག་ལས་ཀྱི་ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་། གཞན་སྒྱུར། བེད་སྤྱོད། ཁྱབ་གདལ་གཏོང་ཤུགས་བཅས་ཆེ་རུ་གཏོང་བ་དང་ཞིང་པའི་ལག་རྩལ་ཆ་འཕྲིན་གྱི་དངུལ་རྩའི་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་ཆེད་ལས་དུད་ཚང་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་དང་རྣམ་པ་སྣ་ཚོགས་ཀྱི་ཞིང་འབྲོག་ལས་ཀྱི་སྤྱི་ཚོགས་ཅན་གྱི་ཞབས་ཞུ་རྩ་འཛུགས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་སྣེ་འདྲེན་ཁེ་ལས་ཁག་གཅིག་ལ་གཙོ་གནད་དུ་རོགས་སྐྱོར་བྱས་ནས་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ཆེད་ལས་ཅན་དང་། ཚད་ལྡན་ཅན། གཞི་ཁྱོན་ཅན། ཞིབ་ལས་ཅན་བཅས་ལ་སྐུལ་འདེད་གཏོང་དགོས། ཆུ་བེད་འཛུགས་སྐྲུན་ཤུགས་ཆེན་བྱས་ནས་ཞིང་ཁའི་ཆུ་བེད་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་ཞིང་འབྲོག་ལས་ཀྱི་གནོད་འཚེ་སྔོན་འགོག་དང་གེགས་སེལ་ནུས་པ་དང་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་འབྲུ་རིགས་དང་ལྷག་པར་དུ་ནས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས།
ཞིང་འབྲོག་པ་འབབ་འཕར་ཡོང་རྒྱུར་འགན་ལེན་བྱེད་དགོས་ཤིང་། དེ་ནི “ཞིང་གསུམ ”ལས་དོན་གྱི་གཏན་གནས་ཀྱི་བརྗོད་བྱ་གཙོ་བོ་ཞིག་ཡིན། ཞིང་འབྲོག་ལས་ནང་ཁུལ་གྱི་འབབ་འཕར་གྱི་མངོན་མིན་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱེད་དགོས་པ་དང་། ཞིང་འབྲོག་ལས་ཀྱི་སྣ་མང་ཐོན་ཁུངས་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ། ཞིང་འབྲོག་ལས་ཀྱི་སྣ་མང་ནུས་པ་རྒྱ་ཆེར་གཏོང་དགོས་པ། སྣེ་འདྲེན་གྱིས་སྐུལ་ཁྲིད་བྱེད་པ་དང་དཔེ་མཚོན་གྱིས་ཁྲིད་སྟོན་བྱ་རྒྱུ་མཉམ་དུ་འཛིན་པ་དང་སྲིད་ཇུས་ཀྱིས་སྐུལ་འདེད་གཏོང་བ། ཚན་རྩལ་གྱིས་སྐུལ་འདེད་གཏོང་རྒྱུ་བཅས་ཟུང་དུ་སྦྲེལ་ནས་འབབ་འཕར་ཐབས་ལམ་མང་ཙམ་གཏོད་དགོས། ཞིང་ལས་མིན་པའི་ལས་ཞུགས་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་བཏང་ནས་ཞིང་འབྲོག་པ་གནས་སྤོས་ལས་ཞུགས་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཞིང་ལས་སྟོབས་ཆེར་གཏོང་བ་དང་ཞིང་ཕན་སྲིད་ཇུས་དོན་འཁྱོལ་བྱ་ཤུགས་ཆེ་རུ་གཏོང་བ་དང་། ངལ་ནུས་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་གཏོང་བ། ཕྱུག་འགྱུར་ཐབས་ལམ་རྒྱ་ཆེར་གཏོང་དགོས།
ཡ་རབས་དང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་དགོས་ཤིང་། གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པ་དང་། དར་སྲོལ་གསར་པ་སྐྱེད་སྲིང་བྱེད་པ། རྣམ་པ་གསར་པ་མངོན་པར་བྱེད་པ་བཅས་གཙོ་གནད་དུ་བྱས་ནས་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ “གོམས་འདྲིས་ངན་པ་འགྱུར་ལྡོག་གཏོང་བ་དང་། ཤེས་དཔལ་ལ་སྣང་ཆེན་བྱེད་པ། སྲོལ་བཟང་གཏོད་པ ”བཅས་དང “སྐར་མ་རིམ་པའི་ཤེས་དཔལ་དུད་ཚང ”དང་ཤེས་དཔལ་གྲོང་ཚོ་དང་ཤེས་དཔལ་ཤང་གྲོང་གཏོད་པའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་དགོས། རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས “གཤམ་སྤེལ་གསུམ ”གྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཞིང་འབྲོག་མང་ཚོགས་ལ་རིག་གནས་སློབ་སྦྱོང་དང་། ཤེས་བྱ་ཁོང་དུ་ཆུད་པ། ཚན་རིག་སློབ་སྦྱོང་། རྨོངས་དད་སེལ་བ། སྐབས་དོན་ཆབ་སྲིད་སློབ་སྦྱོང་། གནས་ལུགས་ཤེས་པ་བཅས་བྱེད་དུ་བཅུག་ནས་རིག་གནས་གསར་པ་དང་། འཚོ་བ་གསར་པ། ཞིང་པ་གསར་པ་བཅས་སྐྱེད་སྲིང་ཧུར་ཐག་བྱེད་དགོས།