དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཏན་ཏིག་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་ཆེས་ཆེར་ལེགས་སུ་གཏོང་རྒྱུར་འགན་ལེན་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་མ་འཇོག་དང་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུར་དམ་འཛིན་ཏན་ཏིག་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་ཆེས་ཆེར་ལེགས་སུ་གཏོང་རྒྱུར་འགན་ལེན་བྱ་རྒྱུ་དེ་ནི་དུས་སང་གི་དཔལ་འབྱོར་ལས་དོན་གྱི་གཙོ་གནད་ཀྱི་གྲས་ཤིག་ཡིན། དེ་ནི་རང་ལྗོངས་ཀྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་མགྱོགས་སུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་བཅས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ་ཞིག་ཡིན་པས་ང་ཚོས་ངེས་པར་དུ་ཇུས་འགོད་ཞིབ་ཚགས་དང་བཀོད་སྒྲིག་ཚགས་ཚུད་བྱས་ཏེ་མ་འཇོག་དང་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུའི་ལས་དོན་དམ་འཛིན་མཐའ་གཅིག་ཏུ་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་ཆེས་ཆེར་ལེགས་སུ་གཏོང་རྒྱུར་འགན་ལེན་བྱེད་དགོས།

        རྣམ་གྲངས་འཛུགས་སྐྲུན་ནི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གཙོ་བོ་ཞིག་ཡིན་པས་ངེས་པར་དུ་སྔ་ཙམ་དམ་འཛིན་དང་། མགྱོགས་ཙམ་དམ་འཛིན། དམ་འཛིན་ཡག་པོ་བཅས་བྱེད་དགོས། ས་གནས་དང་སྡེ་ཚན་ཁག་གིས་ངེས་པར་དུ་གཙོ་གནད་དེར་དམ་པོ་དམིགས་ཏེ་དམིགས་ཚད་ཀྱི་ལས་འགན་སྔར་བས་ཞིབ་ཚགས་སུ་གཏོང་བ་དང་མ་འཇོག་དང་རྣམ་གྲངས་དོན་འཁྱོལ་གྱི་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ནང་གཏན་འཁེལ་བྱས་པའི་དམིགས་ཚད་ཀྱི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཐུབ་རྒྱུར་འགན་ལེན་བྱེད་དགོས།   

        རྣམ་གྲངས་ཀྱི་གཞི་རྟེན་འབུར་དུ་ཐོན་པ་བྱས་ཏེ་མ་འཇོག་གིས་དཔལ་འབྱོར་འཕར་རྒྱུར་ཐོན་པའི་ཡར་སྐུལ་གྱི་ནུས་པ་སྲ་བརྟན་དུ་གཏོང་དགོས། མ་འཇོག་ནི་རང་ལྗོངས་ཀྱི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བའི་གཙོ་ཁྲིད་སྟོབས་ཤུགས་ཡིན་པའི་རྣམ་པ་དེ་དུས་ཐུང་ནང་འགྱུར་བ་འགྲོ་མི་སྲིད། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་པའི་འདེགས་སྐྱོར་ནུས་པ་དམ་འཛིན་ཡག་པོ་བྱས་ན་གཞི་ནས་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཐུབ་པ་དང་དམངས་འཚོ་ལེགས་སུ་གཏོང་བ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པར་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི་འདིང་ཐུབ།

        མ་འཇོག་གི་གྲུབ་ཆ་སྔར་བས་ལེགས་སྒྲིག་བྱས་ཏེ་སྟོབས་ཤུགས་གཅིག་སྡུད་ཐོག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཐོན་ལས་འཛུགས་སྐྲུན། སྣོད་བཅུད་འཛུགས་སྐྱོང་དང་དམངས་འཚོའི་འཛུགས་སྐྲུན་བཅས་ལ་སྐུལ་འདེད་གཏོང་དགོས། མ་འཇོག་བྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་བ་དང་མ་དངུལ་དང་རྣམ་གྲངས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་སྟེ “ལོ་ལྔ་ཚན་བཅུ་གཅིག་པ ”དང “ལོ་ལྔ་ཚན་བཅུ་གཉིས་པ ”གོ་རིམ་ལྡན་པའི་སྒོ་ནས་སྦྲེལ་མཐུད་ཐུབ་པ་བྱེད་དགོས། ཚོང་འགུགས་མ་འདྲེན་གྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ་སྤྱི་ཚོགས་ཀྱི་མ་འཇོག་དེ་བས་མང་བ་ཁྱད་ལྡན་ལེགས་ཆའི་ཐོན་ལས་དང་གསར་དར་ཐོན་ལས་སུ་ཕྱོགས་ནས་དུས་སང་གི་སྤྱི་ཚོགས་མ་འཇོག་མངོན་གསལ་དོད་པོས་འཕར་རྒྱུའི་བརྩོན་ལེན་བྱེད་དགོས། བོད་སྐྱོར་མ་དངུལ་བརྟན་པོའི་ངང་འཕར་རྒྱུའི་ལམ་སྲོལ་ལ་གཞིགས་ཏེ་བོད་སྐྱོར་རྣམ་གྲངས་གཅིག་གྱུར་འཆར་འགོད་ཀྱིས་བོད་སྐྱོར་མ་དངུལ་དང་རྣམ་གྲངས་དེ་བས་མང་བ་ཞིང་འབྲོག་ཁུལ་དང་དམངས་འཚོ་ལེགས་སུ་གཏོང་རྒྱུའི་ཁྱབ་ཁོངས་སུ་ཕྱོགས་རྒྱུར་སྣེ་ཁྲིད་ཧུར་ཐག་བྱེད་པ་དང་དོ་དམ་ཚད་ལྡན་ཡོང་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས་བོད་སྐྱོར་རྣམ་གྲངས་ཀྱི་འཛུགས་སྐྲུན་ཆུ་ཚད་མཐོ་རུ་གཏོང་དགོས།

        གཙོ་གནད་རྣམ་གྲངས་ལ་ཞིབ་བཤེར་ཆོག་མཆན་སྤྲོད་རྒྱུ་དང་འཛུགས་སྐྲུན་མྱུར་ཚད་མགྱོགས་སུ་གཏོང་དགོས། དང་ཐོག་གསར་དུ་ལས་འགོ་ཚུགས་རྒྱུའི་རྣམ་གྲངས་ལ་ལས་འཛུགས་ཀྱི་ཆ་རྐྱེན་གཏོད་པ་དང་གསར་དུ་ལས་འགོ་ཚུགས་རྒྱུའི་གཙོ་གནད་རྣམ་གྲངས་ལ་རང་སྐྱོང་ལྗོངས་དང་། ས་ཁུལ། རྫོང་བཅས་རིམ་གསུམ་གྱིས་ཐུན་མོང་ཐོག་གྲོས་མོལ་དང་ཁག་དབྱེ་འགན་འཁུར་བ་དང་། འབྲེལ་ཡོད་སྡེ་ཚན་གྱིས་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་དང་། ལས་དོན་སྤེལ་རེས། མཐུན་སྦྱོར་མཉམ་འགུལ་བཅས་བྱེད་པ། རྣམ་གྲངས་ལ་ཞིབ་བཤེར་ཆོག་མཆན་སྤྲོད་མགྱོགས་སུ་གཏོང་བ། རྣམ་གྲངས་འཛུགས་སྐྲུན་དང་འབྲེལ་བ་ཡོད་པའི་མ་དངུལ་དང་། ས་ཆ། ཁོར་ཡུག འཆར་འགོད་གནས་འདེམས་སོགས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་བཅས་བྱས་ཏེ་ལས་འགོ་འཛུགས་རྒྱུའི་ཆ་རྐྱེན་དོན་འཁྱོལ་ཡག་པོ་བྱེད་དགོས། གཞན་ཡང་སྐྲུན་བཞིན་པའི་རྣམ་གྲངས་ཐད་འཛུགས་སྐྲུན་གྱི་དུས་ཚད་དང་ས་ཆ་ཚོད་འཛིན་དང་ཁ་གསལ་བཟོ་བ་དང་བཟོ་ཡུན་བཀོད་སྒྲིག་བྱས་ཏེ་བསྐྲུན་ཟིན་ནས་གང་མགྱོགས་ཐོན་སྐྱེད་བྱེད་ཐུབ་པ་དང་ཐོན་སྐྱེད་ཀྱི་ནུས་པ་ཁག་གཅིག་གསར་འཕར་ཡོང་རྒྱུར་འགན་ལེན་བྱེད་དགོས། ལྷག་པར་དུ་ལྷ་གཞིས་ལྕགས་ལམ་དང་། ལྷ་གོང་གནམ་ཐང་གི་ཆེད་སྤྱོད་གཞུང་ལམ། མཚོ་བོད་སྤེལ་རྒྱུག་དང་ཐད་རྒྱུག་དྲ་སྦྲེལ་ལས་གྲྭ ཕུ་མདོ་ཆུ་བེད་ཀྱི་ལྟེ་བའི་ལས་གྲྭ་སོགས་གཙོ་གནད་རྣམ་གྲངས་དམ་འཛིན་ཡག་པོ་བྱེད་པ་དང་། མཛུབ་ཁྲིད་དང་། མཐུན་སྦྱོར། ལྟ་སྐུལ་དང་དོ་དམ་བཅས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ངེས་པར་དུ་སྤུས་ཚད་འགན་ལེན་དང་། མྱུར་ཚད་དམ་འཛིན། སྔ་ཙམ་ཕན་འབྲས་ཐོན་པ་བཅས་བྱས་ཏེ་ལས་གྲྭ་སྔ་ཙམ་མཇུག་འགྲིལ་ནས་བེད་སྤྱོད་ཐུབ་རྒྱུའི་འགན་ལེན་བྱེད་དགོས།

        རྒྱལ་ཁབ་ཀྱིས་རང་ལྗོངས་ཀྱི་འཕེལ་རྒྱས་དང་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་རྣམ་གྲངས་འཛུགས་སྐྲུན་བྱེད་མཁན་དང་དོ་དམ་བྱེད་མཁན་སྡེ་ཚན་དང་མི་སྣ་ཚོས་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་རྣམ་གྲངས་ཚང་མ་ཇུས་འགོད་ཡག་པོ་བྱེད་པ་དང་འཛུགས་སྐྲུན་གྱི་མ་དངུལ་ཚང་མ་བེད་སྤྱོད་ཡག་པོ་བྱེད་དགོས། ཕྱོགས་གཅིག་ནས་དུས་ཚོད་དང་མྱུར་ཚད་དམ་འཛིན་བྱེད་པ་མ་ཟད། དོ་དམ་ལ་སྣང་ཆེན་དང་སྤུས་ཚད་འགན་ལེན་ཡོང་བ་བྱེད་པ་དང་ཕྱོགས་གཞན་ཞིག་ནས་རྣམ་གྲངས་བསྐྲུན་རྗེས་ཀྱི་ཕན་འབྲས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་རྣམ་གྲངས་ཀྱིས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་དངོས་པོའི་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་འབྱོར་ཕྱུག་ལྡན་པར་འགྱུར་ཆེད་འདོན་འོས་པའི་ནུས་པ་འདོན་སྤེལ་བྱེད་དགོས་པ་མ་ཟད། འཛུགས་སྐྲུན་བརྒྱུད་རིམ་ཁྲོད་མ་དངུལ་ཚོད་འཛིན་བྱ་རྒྱུར་སྣང་ཆེན་བྱས་ཏེ་གྲོན་ཆུང་ནན་ཏན་བྱེད་པ་དང་འཕྲོ་བརླག་གཏོང་རྒྱུར་གཏན་འགོག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།