དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • སྤྱི་ཡོངས་ཀྱི་བླང་བྱ་ལག་བསྟར་བྱས་ནས“ལོ་ལྔ་ཚན་བཅུ་གཉིས་པའི”འགོ་ཡག་པོ་འཛུཊ་རྒྱུའི་འགན་ལེན་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ད་རེས་ཀྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”འགོ་འཛུགས་ལོའི་དཔལ་འབྱོར་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པའི་བཀོད་སྒྲིག་ཚོགས་འདུ་ཞིག་དང་། རྒྱང་སྐྱོད་གསར་པ་འགོ་འཛུགས་པ་དང་། མཆོང་སྐྱོད་གསར་པ་ཡོང་བ་བྱེད་པ། ལེའུ་གསར་པ་རྩོམ་པ་བཅས་ཀྱི་སྐུལ་སློང་ཚོགས་འདུ་ཞིག་རེད། ཚོགས་འདུའི་ཁྱད་ཆོས་མངོན་གསལ་དོད་ཤོས་ཤིག་ནི་དུས་སང་གི་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་གྱི་སྤྱི་ཡོངས་ཀྱི་བླང་བྱ་གསལ་པོ་བཟོས་པ་དང་། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་གྱི་བརྗོད་བྱ་གཙོ་བོ་དང་གཙོ་རྐང་བཏོན་ཞིང་། དེ་ཡང་ཚོགས་འདུའི་མངོན་གསལ་དོད་ཤོས་ཀྱི་དགོངས་དོན་ཡིན། དུས་སང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་ཡག་པོ་འཛུགས་པར་ངེས་པར་དུ་སྤྱིའི་བླང་བྱ་ལག་བསྟར་བྱེད་པ་དང་བརྗོད་བྱ་གཙོ་བོའི་གཙོ་རྐང་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་བྱེད་དགོས།   

        དུས་སང་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཀྱི་ལོ་དང་པོ་ཡིན་ཞིང་། ལོ་ལྔའི་ནང་ནས་ལོ་དང་པོ་དང་གཉིས་པ་གལ་ཆེན་པོ་ཡོད་པ་དང་ལོ་དང་པོ་ནི་འགག་རྩ་ཡིན། དུས་སང་འགོ་ཡག་པོ་འཛུགས་རྒྱུ་དེ་འབྱུང་འགྱུར་གྱི་ལོ་ལྔའི་རིང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་ཆེད་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པའི་རྨང་གཞི་འདིང་ཐུབ་མིན་དང་འབྲེལ་བ་ཡོད་པ་རེད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་བསྟུན་ནས་རང་ལྗོངས་སུ་འཛུགས་སྐྲུན་ཆེན་པོ་དང་། འཕེལ་རྒྱས་ཆེན་པོ། མཆོང་སྐྱོད་ཆེན་པོ་བཅས་ཀྱི་ཚ་རླབས་ཤིག་རགས་ཙམ་ཆགས་ཡོད་པ་རེད། དུས་སང་གི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་པར་ང་ཚོར་དགེ་མཚན་ལྡན་པའི་ཆ་རྐྱེན་མང་པོ་ཡོད་པ་སྟེ། བོད་ལྗོངས་འདི་ཉིད་རང་རྒྱལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་དབྱང་གི་ཚད་མཐོའི་མཐོང་ཆེན་དང་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཡོད་པ། དེ་བཞིན་རྒྱལ་ཡོངས་ས་གནས་ཁག་དང་སྡེ་ཚན་ཁག་གི་རྒྱབ་སྐྱོར་གྱི་ཁྱབ་ཁོངས་དང་ཤུགས་ཚད་སྔར་བྱུང་མྱོང་མེད་པ་ཞིག་ཡོད་པ་བཅས་རེད། དུས་མཚུངས་སུ་ང་ཚོར་ཡང་མངོན་གསལ་དོད་པའི་འགལ་བ་དང་གནད་དོན་མི་ཉུང་བ་ཞིག་གནས་པ་སྟེ། དར་རྒྱས་དེ་ཙམ་མེད་པའི་ས་ཁུལ་ཞིག་ཡིན་པས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ཀྱི་དཀའ་ཚེགས་རང་བཞིན་དང་ལྗིད་རྫོབ་རང་བཞིན་ཧ་ཅང་དམིགས་བསལ་ཡིན་པ་དང་། རང་བྱུང་ཆ་རྐྱེན་དང་ས་ཁམས་ཁོར་ཡུག་དམིགས་བསལ་གྱི་ས་ཁུལ་ཞིག་ཡིན་པའི་ངོས་ནས་རྒྱལ་ཡོངས་འཕེལ་རྒྱས་གོམ་སྟབས་ཀྱི་རྗེས་སུ་སྙེག་པའི་ཁ་ཚ་དགོས་གཏུགས་དང་ཉམས་ཉེན་རང་བཞིན་ཧ་ཅང་ཆེ་བ། ནུབ་ཕྱོགས་དགྲ་ཡའི་ཕྱོགས་གཏོགས་དང་ཏཱ་ལའི་རུ་ཚོགས་ཀྱིས་དུས་རྟག་ཏུ་ཕུང་དཀྲུག་སློང་བ་དང་གཏོར་བཤིག་གཏོང་བའི་ས་ཁུལ་ཞིག་ཡིན་པའི་ངོས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ཡུན་རིང་རང་བཞིན་དང་ཪྙོག་འཛིང་རང་བཞིན་དེ་རྒྱལ་ཡོངས་སུ་མཐོང་དཀོན་པ་ཞིག་ཡོད་པ་བཅས་རེད། རགས་བསྡུས་བྱས་ཚེ་རྒྱལ་ཡོངས་ཁྱོན་དུ་ལེགས་ཆ་ཐུན་མོང་མིན་པ་ཞིག་ཡོད་ལ་དཀའ་ངལ་ཡང་ཆེ་ཤོས་ལྡན་ཡོད་པ་དེ་ནི་ང་ཚོས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་བསམ་བློ་སྒོ་ཀུན་ནས་ལག་བསྟར་བྱེད་པ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ངོས་འཛིན་བྱེད་ཚད་སྔར་བས་གཏིང་ཟབ་ཏུ་གཏོང་བ་བཅས་བྱ་རྒྱུའི་ཐད་བླང་བྱ་དེ་བས་མཐོ་པོ་བཏོན་ཡོད་པ་རེད།

        “བྱ་བ་སྒྲུབ་སྐབས་དཀའ་ངལ་ལ་གཡོལ་མི་རུང་། དཀའ་ངལ་ཤེས་ཚེ་ཁག་པོ་དེ་ཙམ་མེད ”རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་བབ་གནད་ལ་འཁེལ་བའི་སྒོ་ནས་དབྱེ་ཞིབ་དང་ཁོང་དུ་ཆུད་པ་བྱ་རྒྱུར་དམིགས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དུས་སང་གི་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཐད་སྤྱི་ཡོངས་ཀྱི་བླང་བྱ་བཏོན་པ་རེད། སྤྱི་ཡོངས་ཀྱི་བླང་བྱ་འདིའི་དགོངས་དོན་གྱི་ངོ་བོ་ནི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་དེ་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་ཏུ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་བདེ་བླག་ངང་ལག་ལེན་བསྟར་བར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པའི་རྨང་གཞི་འདིང་རྒྱུ་དེ་ཡིན། སྤྱི་ཡོངས་ཀྱི་བླང་བྱ་ལས་ཀྲུང་དབྱང་གི་དགོངས་དོན་མངོན་འདུག་ལ་རང་ལྗོངས་འཕེལ་རྒྱས་ཀྱི་དོན་དངོས་དང་ཡང་འཚམ་པ་ཞིག་རེད། དེ་ནི་དུས་སང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་བློའི་ནང་དོན་གྱི་སྙིང་པོ་ཡིན་པས་དུས་སང་གི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་དགོས་ན་ངེས་པར་དུ་སྤྱི་ཡོངས་ཀྱི་བླང་བྱ་འདིའི་གོ་བ་གཏིང་ཟབ་ལེན་པ་དང་འབྲེལ་ལག་བསྟར་དོན་འཁྱོལ་ཡང་བྱེད་དགོས།

        སྤྱི་ཡོངས་ཀྱི་བླང་བྱ་འདི་ལག་ལེན་བསྟར་རྒྱུའི་འགག་རྩ་ནི་དུས་སང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ཚང་མ་ཚན་རིག་དང་མཐུན་པའི་གོང་འཕེལ་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས། ཡུན་རིང་བདེ་འཁོད་བཅས་ཀྱི་བརྗོད་བྱ་གཙོ་བོ་དེར་དམ་པོར་དམིགས་རྒྱུ་དང “ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ ”བཅས་་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་དང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་མགྱོགས་སུ་གཏོང་བའི་གཙོ་རྐང་ལག་ལེན་བསྟར་རྒྱུ་དེ་རེད།

        ཚན་རིག་དང་མཐུན་པའི་གོང་འཕེལ་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས། ཡུན་རིང་བདེ་འཁོད་བཅས་བརྗོད་བྱ་གཙོ་བོར་འཛིན་པ་ནི་རང་ལྗོངས་སུ་གནས་པའི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་དམིགས་བསལ་གྱི་འགལ་བ་ལས་གཏན་འཁེལ་བྱེད་ཀྱི་ཡོད། “ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ ”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་དང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་མགྱོགས་སུ་གཏོང་བ་ལག་ལེན་བསྟར་རྒྱུ་དེ་གཙོ་རྐང་དུ་འཛིན་པ་ནི་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་དང་བོད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་གཏོད་པའི་གཞི་རྩའི་ལམ་བུ་དང་བྱ་ཐབས་དེ་ཡིན། འཕེལ་རྒྱས་ཀྱི་གནད་དོན་ནི་ཐོག་མཐའ་བར་གསུམ་དུ་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་རེད། དཔལ་འབྱོར་ལས་དོན་ནི་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ངེས་པར་དུ་དམ་འཛིན་ཡག་པོ་བྱེད་དགོས་པའི་གལ་འགངས་ཆེ་བའི་ལས་དོན་ཞིག་རེད། དུས་བབ་ཀྱིས་ཚ་འདེད་གཏོང་བ་དང་དུས་ཚོད་ཀྱིས་མི་མི་སྒུག་པས་ང་ཚོས་ངེས་པར་དུ་རང་ལྗོངས་ཀྱི་ཞིབ་ཕྲའི་དོན་དངོས་ལ་གཞིགས་རྒྱུ་མཐའ་འཁྱོངས་དང་འཕེལ་རྒྱས་དང་བརྟན་ལྷིང་གཉིས་ཀ་དམ་འཛིན་དང་དམ་འཛིན་ནན་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གཙོ་གནད་མངོན་གསལ་དོད་པོ་དང་། གཙོ་གནད་ཚད་བརྒལ་བྱེད་པ། ཁྱད་ཆོས་མངོན་པ། ཁྱད་ཆོས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་ཀྱིས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སུ་དང་རིམ་འཕར་ཡོང་བར་མུ་མཐུད་སྐུལ་འདེད་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་འབད་བརྩོན་བྱེད་དགོས་པ་རེད།

        དུས་སང་གི་དཔལ་འབྱོར་ལས་དོན་གྱི་སྲིད་དོན་གལ་ཆེའི་བྱེད་ཕྱོགས་གཏན་འབེབས་བྱས་ཟིན་པས་ལས་འགན་དཀའ་ཚེགས་ཆེ་བ་དང་འགན་འཁྲི་གལ་འགངས་ཆེ་བ་ཞིག་ཡོད། ང་ཚོས་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་དུས་སང་གི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ངོས་འཛིན་གཏིང་ཟབ་བྱེད་པ་དང་ཆབ་སྲིད་ཀྱི་འདུ་ཤེས་དང་། སེམས་ཁྲལ་གྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་བསམ་བློ་དང་བྱེད་སྤྱོད་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དུས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་པའི་ཐོག་དངོས་འབྲེལ་གཅིག་གྱུར་ཡོང་བ་བྱས་ཏེ་དགེ་མཚན་ལྡན་པའི་ཆ་རྐྱེན་མཐོང་ནས་ཡིད་ཆེས་ལ་ཤུགས་སྣོན་རྒྱག་དགོས་ལ་མདུན་དུ་ལྷག་པའི་དཀའ་གནད་དང་འགལ་བ་མཐོང་ནས་རིག་པ་དྭངས་གསལ་མཐའ་འཁྱོངས་བྱེད་དགོས་པ་དང་ཕྱོགས་ཡོངས་དང་གནད་ལ་འཁེལ་བའི་སྒོ་ནས་དུས་བབ་ཁོང་དུ་ཆུད་པ་བྱེད་པ་དང་ལས་དོན་གྱི་རང་འགུལ་རང་བཞིན་དང་། མ་འོངས་སྔོན་དཔག་རང་བཞིན། རྒྱུད་རིམ་ལྡན་པའི་རང་བཞིན་བཅས་ཆེ་རུ་བཏང་སྟེ་དུས་སང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”འགོ་ཡག་པོ་འཛུགས་རྒྱུའི་འགན་ལེན་ཏན་ཏིག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།