ཉེ་ཆར་གྲོལ་བའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་བྱས་པ་དང་། དེང་སྐབས་ཀྱི་དཔལ་འབྱོར་དུས་བབ་ལ་སྒོ་ཀུན་ནས་དབྱེ་ཞིབ་བྱེད་པ། འདི་ལོ་དང་དེ་བཞིན “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་གི་དཔལ་འབྱོར་ལས་དོན་ལ་ཕྱོགས་སྡོམ། དུས་སང་གི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བཅས་བྱས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་དེ་བས་ལེགས་པ་དང་། དེ་བས་མགྱོགས་པ། དེ་བས་ཆེ་བ་བཅས་ཀྱི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་སྔར་བས་བཏང་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་ཐུབ་རྒྱུ་འགན་ལེན་བྱས་པར་མཛུབ་སྟོན་གྱི་སྙིང་དོན་གལ་ཆེན་ལྡན་ཡོད་པ་རེད།
ད་ལོ་ནི “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་དོན་འཁྱོལ་བྱེད་པའི་མཐའ་མའི་ལོ་གཅིག་པུ་དེ་རེད། “ལོ་ལྔ་ཚན་བཅུ་གཅིག་པ ”ནི་རང་ལྗོངས་ཀྱི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་ཆེས་སྤྱིར་བཏང་མ་ཡིན་པ་དང་འབད་འབུངས་སྟོབས་བརྩོན་ལ་སྐུལ་ལྕག་གཏོང་བའི་ལོ་ལྔ་ཡིན། ལས་ཀའི་ལས་འགན་དཀའ་ཚེགས་ཆེ་ལ་ལྕི་བ་དང་། དོན་ཆེན་དང་སྒྲུབ་དཀའ་བའི་ལས་དོན་གཅིག་རྗེས་གཉིས་མཐུད་ངང་ཐོན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དུས་བབ་ལ་དབྱེ་ཞིབ་འཕྱུག་མེད་གནང་སྟེ་ཧུར་ཐག་དང་ནུས་ལྡན་གྱི་སྒོ་ནས་ཁ་གཏད་གཅོག་པ་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་བརྗོད་བྱ་གཙོ་བོ་འདི་ཁོང་དུ་བརྟན་པོ་ཆུད་པ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་དམ་འཛིན་བྱེད་པ། བློ་ནུས་ཡོད་རྒུས་དམངས་འཚོར་ཕན་པ་སྒྲུབ་པ། དར་ཆ་གསལ་སྒྲེང་གིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། ཏན་ཏན་ཏིག་ཏིག་གིས་ཏང་འཛུགས་སྐྱོང་དམ་འཛིན་བཅས་བྱས་ཏེ་ལོ་ལྔའི་རིང་འབད་འཐབ་བྱས་པ་བརྒྱུད་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་གྲུབ་འབྲས་རླབས་པོ་ཆེ་ཐོབ་ཡོད་པ་དང་། བྱ་གཞག་ཁག་ལའང་ཡར་རྒྱས་ཆེན་པོ་སོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་བ་ཆེན་པོ་སོང་བ་བཅས་སླད་ཕྱིན་གྱི་འཕེལ་རྒྱས་ལ་རྨང་གཞི་སྲ་བརྟན་ཞིག་བཏིང་ཡོད་པ་མ་ཟད། འོད་སྟོང་གསར་པ་གཏོད་ཆེད་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡང་བསགས་ཡོད།
བྱ་གཞག་ཁག་ལ་སྒོ་ཀུན་ནས་སྐུལ་འདེད་བཏང་བ་དང་མི་སེམས་འགུལ་བའི་གྲུབ་འབྲས་རླབས་པོ་ཆེ་ཐོབ་ཡོད། ལོ་ལྔའི་རིང་ལྗོངས་ཡོངས་ཀྱི་དཔལ་འབྱོར་ཐད་མཆོང་སྐྱོད་ལྟ་བུའི་འཕེལ་ཚུལ་རྒྱུན་འཛིན་ཐུབ་ནས་སྤྱི་འབོར་ཐད་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་པ་དང་། ཞིང་འབྲོག་པའི་བདེ་སྡོད་ལས་གྲྭར་གྲུབ་འབྲས་ཆེན་པོ་ཐོབ་ནས་གྲོང་གསེབ་ཀྱི་རྣམ་པར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་གསར་པ་བྱུང་བ། གཙོ་གནད་ཀྱི་རྣམ་གྲངས་ཁག་གཅིག་ལ་འཕེལ་རྒྱས་ཆེན་པོ་སོང་བ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཚད་བརྒལ་གསར་པ་བྱུང་བ། ཡུལ་སྐོར་ལས་རིགས་ལ་སླར་ཡང་ལོ་རྒྱུས་ཐོག་གི་ཆུ་ཚད་ལེགས་ཤོས་བཏོད་ནས་ཁྱད་ལྡན་དང་ལེགས་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་ཐད་གོམ་སྟབས་གསར་པ་སྤོས་པ། མི་རིགས་ཁག་གི་མང་ཚོགས་ཚོ་བདེ་ཐང་དང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་ཕྱོགས་སུ་བསྐྱོད་དེ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་གསར་པའི་ཐོག་སླེབས་པ། དམངས་འཚོ་ཆེས་ལེགས་སུ་སོང་བ་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་རྣམ་པ་གསར་པ་ཐོན་པ། ཁོར་ཡུག་ཡག་ཏུ་རྒྱུན་ཆད་མེད་པར་སོང་བ་དང་སྒྱུར་བཅོས་སྒོ་དབྱེར་འཕེལ་རྒྱས་གསར་པ་བྱུང་བ་བཅས་རེད། ལོ་ལྔའི་རིང་ཐོབ་པའི་གྲུབ་འབྲས་ཆེན་པོ་དེས་ང་ཚོས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ཏེ་འོད་སྟོང་གསར་པ་བཏོད་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད།
རྩ་ཆེའི་ཉམས་མྱོང་ནི་ཧ་ཅང་རྩ་ཆེན་པོ་ཡིན་པ་དང་བསམ་པའི་རྒྱུ་ནོར་གྱི་ཤུགས་རྐྱེན་ཡང་ཟབ་མོ་ལྡན་ཡོད། ལོ་ལྔ་ཡི་རླབས་ཆེན་གྱི་ལག་ལེན་དངོས་ཀྱི་ནང་རྩ་ཆེའི་ཉམས་མྱོང་དེ་བས་ཀྱང་བསགས་ཡོད་པ་དང་ཤུགས་རྐྱེན་གཏིང་ཟབ་ལྡན་པའི་བསམ་བློའི་ཐུན་མོང་གི་ངོས་འཛིན་དང་བསམ་པའི་རྒྱུ་ནོར་བཏོད་ཡོད། ངེས་པར་དུ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་སྲོག་ཤིང་གི་རེ་འདུན་དུ་བརྩིས་ནས་དེ་བས་ལེགས་པ་དང་། དེ་བས་མྱུར་པོ། དེ་བས་ཆེ་བ་བཅས་ཀྱི་འཕེལ་རྒྱས་འགྲོ་རྒྱུར་གཡོ་འགུལ་སྤུ་ཙམ་ཡང་མི་ཐེབས་པ་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། ངེས་པར་དུ “ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ ”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་རྒྱུ་དེ་གཙོ་རྒོལ་བྱེད་ཕྱོགས་སུ་བྱས་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ཁྲོད་ཚད་བརྒལ་ཡོང་བ་བྱས་ཏེ་འཐབ་ཇུས་འདེགས་སྐྱོར་གྱི་ཐོན་ལས་ཧུར་ཐག་གཏོད་དགོས་པ། ངེས་པར་དུ་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་རྒྱུ་ལས་འགན་ཨང་དང་པོར་བརྩིས་ནས་བདེ་སྡོད་ལས་བརྩོན་ཚད་བརྒལ་བྱེད་སར་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་ཞིང་འབྲོག་མང་ཚོགས་གང་མགྱོགས་ཕྱུག་པོ་ཆགས་པ་བྱེད་དགོས་པ། ངེས་པར་དུ་དམངས་འཚོ་འགན་ལེན་དང་ལེགས་གཏོང་བྱ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབ་སར་བྱ་རྒྱུ་འགན་ལེན་བྱས་ཏེ་སྤྱི་ཚོགས་བྱ་གཞག་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་དུ་འཇུག་དགོས་པ། ངེས་པར་དུ་སྣོད་བཅུད་བཟངབའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་གནས་བབ་མངོན་གསལ་དོད་པོའི་ཐོག་བཞག་ནས་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྣོད་བཅུད་བཟང་བ་བཅས་ཀྱི་ཤེས་དཔལ་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། ངེས་པར་དུ་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་དེ་འགན་འཁྲི་ཨང་དང་པོར་བརྩིས་ནས་ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་། རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་དེ་འཆར་ཅན་གྱི་གནས་ཚུལ་དང་འཆར་ཅན་མིན་པའི་གནས་ཚུལ་འོག་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་གྲ་སྒྲིག་ལས་ཀ་གཉིས་ཡག་པོ་བྱས་ཏེ་སྤྱི་ཚོགས་དུས་བབ་བརྟན་ལྷིང་ལ་འགན་ལེན་བྱེད་དགོས་པ་བཅས་རེད། “ངེས་པར་དུ་དྲུག ”དེ་དག་ནི་ང་ཚོས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་བསམ་བློ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དངོས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་ཞིག་ཡིན་པ་དང་ང་ཚོས་ཐམས་ཅད་དོན་དངོས་དང་བསྟུན་རྒྱུ་མཐའ་འཁྱོངས་བྱས་ཏེ་དེ་བས་ལེགས་པ་དང་། དེ་བས་མྱུར་པོ། དེ་བས་ཆེ་བ་བཅས་ཀྱི་འཕེལ་རྒྱས་ཡོང་རྒྱུ་དང་སྤྱི་ཚོགས་རྒྱུན་བསྲིང་བརྟན་ལྷིང་ཡོང་བའི་བསམ་བློའི་གྲུབ་འབྲས་གཅིག་སྡུད་ཐོག་མཚོན་པར་བྱས་ཡོད་པས་ང་ཚོས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ནས་འོད་སྟོང་གསར་པ་གཏོད་ཆེད་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
འགོ་འཛུགས་ས་གསར་པའི་ཐོག་ལངས་ནས་མཆོང་སྐྱོད་གསར་པ་མངོན་འགྱུར་ཡོང་བ་བྱེད་དགོས། དུས་སང་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཞིག་ཡིན་པས་ང་ཚོས་འགོ་འཛུགས་ས་གསར་པའི་ཐོག་བརྟན་པོ་ལངས་ནས་རྩ་ཆེའི་ཉམས་མྱོང་ནན་ཏན་སྤྱད་དེ་དེང་སྐབས་ཀྱི་དཔལ་འབྱོར་དུས་བབ་དང་ལས་འགན་སྟངས་འཛིན་ཡང་དག་བྱས་ཏེ་བརྗོད་བྱ་གཙོ་བོ་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་གཙོ་གནད་ནང་ཁྱབ་པར་བྱས་ཚེ་རང་ལྗོངས་ཀྱི་བྱ་གཞག་ཁག་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ་པ་དང “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་འགོ་ཡག་པོ་ཞིག་འཛུགས་པ་དང་གོམ་པ་ཡག་པོ་ཞིག་ཀྱང་སྤོ་ཐུབ་རྒྱུར་འགན་ལེན་ཐུབ་པ། དེ་བས་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་ཕྱོགས་སུ་མདུན་སྐྱོད་བྱས་ཏེ་འོད་སྟོང་གསར་པ་གཏོད་ཐུབ་ངེས་བཅས་ཡིན།