དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • “འཁྱམ་ཁྱི་ལྟོ་ལ་འཁོར་བ་ལྟ་བུའི”སྲི་ཞུ་མེད་པའི་བུ་ཕྲུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        མེས་རྒྱལ་ལ་རྒྱབ་གཏོད་བྱས་ནས་རྒྱ་གར་དུ་ཡུལ་གྱར་ལ་འགྲོ་མཁན་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ཉེ་ཆར་རྡི་ལི་གསར་པར 《རྒྱ་གར་གྱི་སི་ཐན་སྐབས་དོན་ཚགས་པར 》གྱི་ཚོགས་འདུ་ཞིག་ལ་ཞུགས་སྐབས “རྒྱ་གར་གྱི་བུ་ཕྲུག ”ཡིན་ཞེས་སླར་ཡང་བཤད་དེ་ཉན་མཁན་གྱི་ངོ་སོ་ཐོབ་ཐབས་བྱས་ཤིང་། ཁོ་པས “ཕྲན་གྱི་ལུས་པོ་ནི་རྒྱ་གར་གྱི་སྲན་མ་དང་འབྲས་བཟས་ནས་འཚོ་གནས་བྱས་པ་ཞིག་ཡིན་པས་ཕྲན་གྱིས་རང་ཉིད་ནི་རྒྱ་གར་གྱི་བུ་ཕྲུག་ཡིན་ཞེས་ཤོད་ཀྱི་ཡོད ”ཅེས་བཤད་པ་རེད།

        རྒྱལ་ཁབ་གང་ཞིག་གི་ལྟོ་བཟས་ཚེ་རྒྱལ་ཁབ་དེའི་བུ་ཕྲུག་ཡིན་པ་དེ་ནི་ཏཱ་ལས་གསར་གཏོད་བྱས་པའི་ཡ་མཚན་ཅན་གྱི་གཏན་ཚིགས་ཤིག་རེད། འོན་ཀྱང་དེ་ནི་གོ་ལ་ཧྲིལ་པོའི་ཚོང་དོན་དར་རྒྱས་དེ་ཙམ་མེད་པའི་དུས་རབས་དཀྱིལ་མར་གནས་ལུགས་རྒྱུ་མཚན་འགའ་ཞིག་ཡོད་ཤས་ཆེ་ཡང་གོ་ལ་ཧྲིལ་པོའི་འཕེལ་རིམ་ཚ་ཚ་འུར་འུར་ཡོད་པ་དང་འབྲུ་རིགས་ཚུད་པའི་གོ་ལ་ཧྲིལ་པོའི་ཚོང་དོན་ཧ་ཅང་གྲ་རྒྱས་པའི་དེང་གི་ཆར་དབྱེ་ཞིབ་ནན་ཏན་བྱས་ཚེ་གཏན་ནས་ཤོད་ཐབས་མེད་པ་ཞིག་རེད།

        དཔེར་ན། ཏཱ་ལ་ཡུལ་གྱར་དུ་ཕྱིན་ནས་སྡོད་ས་རྒྱ་གར་ཡིན་པ་ནི་ངོ་མ་ཡིན། འོན་ཀྱང་ཁོ་པས་སྔར་ནས་བཟུང་བཟས་པ་ཚང་མ་རྒྱ་གར་ནས་ཐོན་པའི་སྲན་མ་དང་འབྲས་ཡིན་པ་སུ་ཞིག་གིས་ཁས་ལེན་ཕོད་དམ། ཚང་མས་ཤེས་གསལ་ལྟར་ཏཱ་ལ་རྒྱ་གར་དུ་ཡུལ་གྱར་ལ་ཕྱིན་པ་ནས་བཟུང་དུས་ཚོད་རིང་པོ་ཞིག་གི་ནང་དུ་རྒྱ་གར་དེ་ཉིད་ཀྱང་འབྲུ་རིགས་མང་པོ་ཞིག་ནང་འདྲེན་བྱེད་དགོས་པའི་གནས་ལས་ཐར་མེད་སྟབས་ཁོ་པས་རྒྱ་གར་དུ་བཟས་པའི་འབྲུ་རིགས་ཡང་སྙིང་རྒྱལ་ཁབ་གང་ཞིག་ནས་ཐོན་མིན་སུས་ཤེས་སམ། ཏཱ་ལ་རང་ཉིད་ཀྱི་གཏན་ཚིགས་ལྟར་ན་ཁོ་པས་རང་ཉིད་རྒྱལ་ཁབ་གང་ཞིག་གི་བུ་ཕྲུག་ཡིན་པ་གསལ་པོ་གཏན་ནས་ཤེས་ཀྱི་མེད། དེས་མ་ཚད་ཏཱ་ལས་ནམ་རྒྱུན་ནས “ཆོས་ལུགས་ཀྱི་གཙོ་འཛིན ”ཡིན་མདོག་བྱས་ཏེ་རྒྱལ་ཁབ་ཁག་ཏུ་འཁྱམ་སྐོར་བྱེད་པར་སྐྱོད་སྐབས་ཁོ་པ་གང་དུ་བསྐྱོད་པའི་ས་དེར་རྒྱ་གར་ནས་ཐོན་པའི “སྲན་མ་དང་འབྲས ”འཁྱེར་འགྲོ་གི་ཡོད་ཅེས་ཐོས་མྱོང་མེད་པ་སྨོས་མེད་ཡིན། ཁོ་པས་ཡང་སྙིང་རྒྱལ་ཁབ་ཇི་ཙམ་གྱི “སྦྱིན་པ་བཏང་བའི་ཟས ”བཟའ་མྱོང་ཡོད་མེད་སུས་ཀྱང་གསལ་པོ་ཤོད་མི་ཐུབ་པར་བརྟེན་ཏཱ་ལ་རང་ཉིད་ཀྱིས་བཤད་པའི་གཏན་ཚིགས་ལ་གཞིགས་ནའང་ཁོ་པས “རྒྱ་གར་གྱི་བུ་ཕྲུག ”ཡིན་ཞེས་པའི་སྔོན་འགྲོའི་ཆ་རྐྱེན་དེ་ལའང་སྐྱོན་ཡོད་པ་ཞིག་རེད།

        ཏཱ་ལས་སྐད་ཆ་དེ་ཤོད་པའི་དོན་ངོ་མ་ནི་རྒྱལ་ཁབ་ག་གེ་མོའི་རྒྱབ་སྐྱོར་དང་མ་དངུལ་གྱི་རོགས་རམ་ཁོ་ནར་བརྟེན་ནས་རྒྱལ་ཁབ་ལ་རྒྱབ་གཏོད་བྱེད་མཁན་ཞིག་ད་བར་འཚོ་གནས་བྱེད་ཐུབ་ཙམ་བྱུང་བ་དེ་ཡིན་ཤས་ཆེ། དེར་བརྟེན་རང་ཉིད་ཀྱིས་བཟས་པའི་ལྟོ་ཆས་རྒྱལ་ཁབ་གང་ཞིག་ནས་ཐོན་མིན་ལ་མ་བལྟོས་པར་ལྟོ་ཉོ་བའི་དངུལ་ཚང་མ་གཞན་གྱིས་གསོལ་རས་གནང་བ་ཡིན་སྟབས་ཐུགས་རྗེ་ཆེ་ཞུ་བ་དང་བསྟུན་ནས་རང་ཉིད་ནི་རྒྱལ་ཁབ་དེའི་བུ་ཡིན་པའི་ཚོར་སྣང་ཟབ་མོ་རང་བཞིན་དུ་ཡོང་བ་སྨོས་མེད་རེད། དེ་ལྟར་ནའང་དེའི་དབང་གིས་ཁེ་རྔམ་བདེན་བརྗེད་དང་མི་ལ་ངོ་མི་ཚ་བའི “འཁྱམ་ཁྱི་ལྟོ་ལ་འཁོར་བའི ”གཏན་ཚིགས་དེའི་དོང་ནང་ལྷུང་རྒྱུ་ལས་མ་འདས།

        ཏཱ་ལའི་གཏན་ཚིགས་ལ་གཞིགས་ན། ཀྲུང་གོ་དགྲ་རུ་འཛིན་མཁན་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཁོ་པས་སྐབས་འགར་འཁྱམ་སྐོར་བྱས་པ་དང་ཁོ་པ་དང་ངན་པ་ཁ་མཐུན་གྱིས་ཀྲུང་གོར་ངོ་རྒོལ་བྱེད་མཁན་རྒྱལ་སྤྱིའི་ཕྱོགས་གཏོགས་ཀྱི་ཟས་མཆོག་ཚང་མ་ཟ་བ་དང་། མངོན་ལྐོག་གང་སར་ལྐོག་གཡོ་སྣ་ཚོགས་ལ་བརྟེན་ནས་ཀྲུང་གོ་སྲིད་གཞུང་རྩ་སློག་གཏོང་རྒྱུའི་ལྐོག་གཡོ་གཤོམ་མཁན་ཀྲུང་གོར་ངོ་རྒོལ་བྱེད་མཁན་ཕྱོགས་གཏོགས་ཀྱི་མ་དངུལ་དང་ལེན་བྱེད་ཀྱི་ཡོད་པས་ཁོ་པས་རང་ཉིད་རྒྱལ་ཁབ་ག་གེ་མོའམ་ཡང་ན་རྩ་འཛུགས་ག་གེ་མོ་ཞིག་གི་བུ་ཕྲུག་ཡིན་ཞེས་ཚང་མར་གསལ་བསྒྲགས་བྱེད་དམ།

        གཞན་གྱིས་རོགས་རམ་ཕྲན་བུ་བྱས་པ་དང་སུ་ཞིག་གིས་མ་དངུལ་རོགས་རམ་བྱས་པ་དེར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་བ་ནི་འཇིག་རྟེན་གྱི་འགྲོ་ལུགས་ཤིག་ཡིན་མོད་ཀྱང་དེར་བརྟེན་ནས་རང་ཉིད་དེའི་བུ་ཡིན་ཞེས་བཤད་ཚེ་ངོ་དགའ་བྱས་དྲགས་པ་མ་རེད་དམ། འོན་ཀྱང་ཏཱ་ལས་དོན་དེར་སེམས་ལྷོད་བག་ཕེབས་བྱས་ནས་དེ་གཏམ་འཆལ་ལ་བརྩི་གི་མེད་པ་རེད། ཁོ་པའི་སེམས་ནང་དངོས་འབྲེལ་ཁོ་པ་གསོ་མཁན་མེས་རྒྱལ་དང་ཕ་ཡུལ་དེ་ཉིད་ཁེ་ཕན་དངོས་ཀྱི་མདུན་དུ་གཏན་ནས་འདོན་གྱི་མེད། ཁོ་པ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཁྱབ་འགོ་པར་བརྩིས་ནས་གང་འདོད་དབང་ཤེད་ཀྱི་གནས་བབ་སླར་གསོ་བྱེད་དུ་མ་བཅུག་ཚེ་ཁོ་པས་ཐ་ན་དོན་དངོས་ལ་མི་བལྟོས་པར་རང་ཉིད་ཀྱི་ཕ་ཡུལ་ལ “མི་ཡུལ་གྱི་དམྱལ་བ ”ཞེས་ངན་སྨྲས་བྱེད་པ་དང་མེས་རྒྱལ་དང་ཕ་ཡུལ་གྱི་ཁེ་ཕན་ལ་གནོད་འཚེ་གཏོང་མཁན་ཀྲུང་གོར་ངོ་རྒོལ་བྱེད་མཁན་ཕྱོགས་གཏོགས་སྣ་ཚོགས་ཕ་མར་བརྩིས་ཏེ་ཀྲུང་གོར་ངོ་རྒོལ་བྱེད་མཁན་ཁོ་པ་ཚོ་དང་ནུས་ཤུགས་གང་ཡོད་ཀྱིས་མཐུན་ཐབས་བྱེད་ཀྱི་ཡོད་པ་རེད།

        ཁུངས་མེད་གཏན་ཚིགས་དེ་རིགས་ཡོད་པར་བརྟེན་ཏཱ་ལས་གཤམ་གསལ་གྱི་གཏམ་གླེང་དེ་དག་བྱས་པར་ཡ་མཚན་རྒྱུ་ཅི་ཡོད། དེ་དང་འདྲ་བར་ད་རེས་ཀྱི་ཚོགས་འདུའི་ཐོག་ཏཱ་ལས་ཁོ་པའི “རྒྱལ་ཁབ ”ཟེར་བར་ནུས་ཤུགས་ཡོད་རྒུས་ངོ་བསྟོད་བྱེད་པ་དང་དུས་མཚུངས་ཀྲུང་གོ་སྲིད་གཞུང་ལ་ཚིག་མཚོན་འདེབས་རྒྱུ་བརྗེད་མེད་པ་རེད། མི་འགའ་ཞིག་གིས་ཡང་སྲིད་ངོས་འཛིན་ཞུ་བའི་ལམ་ལུགས་སྐོར་ཁོ་པར་འདྲི་སྐབས་ཏཱ་ལས “ངའི་ངོས་ནས་བཤད་ན་དེ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་མིན ”ཞེས་བཤད་པ་དང་ཀྲུང་གོ་སྲིད་གཞུང་གིས་ཡང་སྲིད་ངོས་འཛིན་ཞུ་བའི་ལམ་ལུགས་ལ “དེ་བས་སེམས་ཁུར་བྱེད་པར ”ཟུར་ཟ་བྱེད་པ་མ་ཟད། ཡང་སྲིད་ངོས་འཛིན་ཞུ་བའི་ལམ་ལུགས་ལ་དུས་རབས་འགའ་ཤས་རིང་གི་སྲོལ་རྒྱུན་ལྡན་ཡོད་ཀྱང་རང་ཉིད་ཀྱིས་ཏཱ་ལར་རྒྱུན་འཛིན་བྱེད་མཁན་ངེས་པར་དུ་ཡོད་དགོས་པའི་ལྟ་བ་མཁྲེགས་བཟུང་བྱེད་ཀྱི་མེད་ཅེས་བཤད་པ་རེད།

        དེ་ནི་ཏཱ་ལའི “འཁྱམ་ཁྱི་ལྟོ་ལ་འཁོར་བ ”ཞེས་པའི་ཁུངས་ལུང་མེད་པའི་གཏན་ཚིགས་དམར་རྗེན་དུ་མངོན་པ་ཞིག་རེད། དེ་སྔོན་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་ལམ་ལུགས་དེ་ཏཱ་ལར་བེད་སྤྱོད་ཆེན་པོ་ཡོད། གང་ལགས་ཤེ་ན་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་དེས་གཞི་ནས་མཚོ་སྔོན་སྟག་མཚེར་ཡུལ་གྱི་བྱིས་པ་སྤྱོད་པ་ངན་པོ་ཞིག་བོད་བརྒྱུད་ནང་བསྟན་གྱི་སྐད་གྲགས་ཡོད་པའི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་ཁོངས་གཏོགས་ཀྱི་ཚབ་བྱེད་ཅིག་ཏུ་གྱུར་ཡོད་པར་བརྟེན་ཁོ་པས་ཏཱ་ལའི་བླ་མའི་རྒྱག་བྱ་དེ་དམ་པོར་བཟུང་ནས་གང་སར་ངོམ་འཕྱར་བྱེད་ཀྱི་ཡོད། ད་བྱེད་དུས་རང་ཁུངས་བརྗེད་ནས་རྒྱལ་ཁབ་ལ་རྒྱབ་གཏོད་བྱེད་མཁན་ཞིག་གི་ངོས་ནས་བརྗོད་ན་ཁོ་པ་རྒྱག་བྱ་གང་ཞིག་གིས་ཀྱང་སྐྱོབ་མི་ཐུབ་སྟབས་ནུབ་ཕྱོགས་ཀྱི་ཉན་མཁན་ཁག་གཅིག་གི་འདོད་པ་དང་མཐུན་པ་བྱ་ཆེད་ཁོ་པས་སླར་ཡང་བོད་བརྒྱུད་ནང་བསྟན་གྱི་ཁྱད་ཆོས་ཆེ་ཤོས་ཡིན་པའི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་སྲོལ་རྒྱུན་ལ་མི་བལྟོས་པར་རྐང་བཙུགས་ནས “བློ་རྒྱ་ཆེ་མདོག ”བྱས་ཏེ་ཏཱ་ལའི་བླ་མའི་ཡང་སྲིད་དེ་ཕྱི་རྒྱལ་བ་དང་བུད་མེད་ངོས་འཛིན་ཞུ་ཆོག་པ་མ་ཟད། ཐ་ན་ཡང་སྲིད་ངོས་འཛིན་མ་ཞུས་ནའང་ཆོག་ཅེས་བཤད་ནས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་མ་ལག་དེ་དུས་དེ་ནས་ཆད་པར་བལྟོས་ཀྱི་མེད། “ཆུ་སྒྲོལ་སོང་ཟམ་པ་ག་ལེར་བཞུགས ”ཞེས་པའི་བྱེད་སྟངས་དེ་རིགས་བྱམས་སྙིང་རྗེ་གཏན་ནས་མེད་པ་ཞིག་མ་ཡིན་ནམ། འཛམ་གླིང་ཐོག་དྲང་བདེན་གྱི་བསམ་པ་ལྡན་པའི་མི་སྣ་གང་རུང་ཞིག་གིས་ཁེ་མཐོང་བདེན་བརྗེད་ཀྱི་བྱེད་སྟངས་དེ་རིགས་ཁས་ལེན་གཏན་ནས་བྱེད་མི་སྲིད་པའི་ཡིད་ཆེས་ཡོད།

        ཀྲུང་གོར་གཏམ་དཔེ་ཞིག་ཡོད་པ་སྟེ “ཝ་མོ་ཤི་དུས་མགོ་བོ་རི་རྩེར་གཏད ”ཅེས་པ་དེ་ཡིན། ཝ་མོ་ཤི་ཉེར་ཡོད་པའི་སྐབས་མགོ་བོ་ཡིན་གཅིག་རང་ཉིད་སྐྱེ་སའི་རི་བོར་ཕྱོགས་ཀྱི་ཡོད། དེའི་གོ་དོན་ནི་མི་རྣམས་ཀྱིས་རང་ཉིད་སྐྱེ་སའི་ཕ་ཡུལ་བརྗེད་རྒྱུ་མེད་པ་དེ་ཡིན། གནའ་རབས་དང་དེང་རབས་གང་གི་དུས་སུའང་སྤྱོད་བཟང་འདུན་ཆེའི་མི་སྣ་མང་པོ་ཞིག་གིས་འཆི་སྲོག་ལ་ཐུག་ཀྱང་ཁོང་ཚོས་མེས་རྒྱལ་དང་ཕ་ཡུལ་ལ་བཅངས་པའི་བརྩེ་དུང་ལ་འགྱུར་བ་གཏོང་གི་མེད་པར་བརྟེན་ཇི་སྲིད་བར་བསྔགས་བརྗོད་ཐོབ་ཀྱི་ཡོད། རྒྱལ་གཅེས་པ་ངོ་མ་ཞིག་ཡིན་ཕྱིན་རྒྱལ་ཁབ་གཞན་དག་གི་སྲན་མ་དང་འབྲས་བཟས་པའམ་གཞན་གྱི་ས་ནས་ཁེ་བཟང་རག་པའི་དབང་གིས་གཞན་གྱི་བུ་ཕྲུག་ལ་འགྱུར་འདོད་གཏན་ནས་བྱེད་མི་སྲིད་ལ་མ་གཞི་ནས་མེས་རྒྱལ་གྱི་མངའ་ཁོངས་ཡིན་པའི་རྟ་དབང་ཡང་རང་ཉིད་ཀྱི་གནས་སྐབས་ཁེ་ཕན་ཆེད་གུས་གུས་ཞུམ་ཞུམ་གྱིས་གཞན་ལ་དེ་བས “འབུལ ”སྲིད་ཀྱི་མ་རེད། དེར་བརྟེན་མཐར་གཏུགས་ནས་བཤད་ན་ཏཱ་ལ་ནི་བོད་མིའི “བསམ་པའི་གཙོ་འཛིན ”གཏན་ནས་མ་ཡིན་པར་ཁེ་རྔམ་བདེན་བརྗེད་བྱེད་མཁན་སྐབས་འཚོལ་བ་ཞིག་དང་། དྲིན་ལན་ལོག་འཇལ་གྱིས་རྒྱལ་ཁབ་ལ་རྒྱབ་གཏོད་བྱེད་མཁན་ཞིག “འཁྱམ་ཁྱི་ལྟོ་ལ་འཁོར་བ་ལྟ་བུའི ”སྲི་ཞུ་མེད་པའི་བུ་ཕྲུག་ཅིག་ལས་མ་འདས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།