དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དམངས་འཚོ་འགན་ལེན་དང་དེ་ཉིད་ལེགས་སུ་གཏོང་བའི་བྱ་ཐབས་གལ་ཆེན།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ཟླ་12ཚེས་6ཉིན་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཁྲོམ་རའི་མཁོ་འདོན་འགན་ལེན་ཏན་ཏིག་བྱེད་པ། ཞིང་ཞོར་ཐོན་རྫས་ཀྱི་འཁོར་རྒྱུག་མ་གནས་དམའ་རུ་ནུས་ལྡན་གཏོང་བ། རིན་གོང་སྒྱུར་བཅོས་ལ་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་གཏོང་བ། ཁྲོམ་རའི་རིན་གོང་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་གལ་ཆེན་བཅུ་སྤྱད་དེ་རང་ལྗོངས་ཀྱི་དེང་སྐབས་དང་དེ་བཞིན “དུས་ཆེན་གསུམ ”རིང་གི་དུས་ཆེན་གྱི་ཁྲོམ་རའི་མཁོ་འདོན་དང་རིན་གོང་བརྟན་པོ་ཡོང་རྒྱུའི་འགན་ལེན་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།

        ད་ལོ་ནས་བཟུང་ལྗོངས་དེ་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་གིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བས་གཅིག་གྱུར་འགོ་ཁྲིད་བྱས་ནས་སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་དེ་ཉིད་ལེགས་སུ་བཏང་ཐོག་ཐོན་སྐྱེད་འཕེལ་རྒྱས་གཏོང་བ་དང་། མཁོ་འདོན་འགན་ལེན་བྱེད་པ། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས་མང་ཚོགས་ཀྱི་འཚོ་བ་བཀོད་སྒྲིག་འོས་འཚམས་བྱེད་པ་དང་། ཁྲོམ་རའི་མཁོ་འདོན་དང་རིན་གོང་གི་སྤྱིའི་ཆུ་ཚད་སྤྱིར་ན་བརྟན་པོ་ཡོང་རྒྱུ་འགན་ལེན་བྱས་ཡོད་མོད། འོན་ཀྱང་རྒྱལ་ཁབ་ཕྱི་ནང་གི་རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་ཐེབས་པས་ཞིང་ལས་ཐོན་རྫས་གཙོ་བོ་བྱེད་པའི་འཚོ་བའི་མཁོ་ཆས་ཀྱི་རིན་གོང་འཕར་མགྱོགས་ཙམ་དང་རིན་གོང་གི་དུས་བབ་ཛ་དྲག་པོ་ཡོད་པས་རང་ལྗོངས་ཀྱིས་ཁྲོམ་རའི་མཁོ་འདོན་འགན་ལེན་བྱེད་པ་དང་ཁྲོམ་རའི་རིན་གོང་བརྟན་པོ་ཡོང་བ་བྱེད་པའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེན་པོ་ཡོད།

        ཟོག་གོང་འཕར་རྒྱུ་བཀག་འགོག་བྱ་ཕྱིར་རང་སྐྱོང་ལྗོངས་ཀྱིས་བྱ་ཐབས་སྣ་མང་བཏོན་ནས་འཛད་སྤྱོད་ཀྱི་སྤྱིའི་རིན་གོང་བརྟན་པོ་ཡོང་བ་བྱེད་པ་དང་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱེད་པ་དེ་མི་རིགས་ཁག་གི་མང་ཚོགས་རྣམས་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས “དུས་ཆེན་ཆེན་པོ་གསུམ ”ཡག་པོ་གཏོང་ཐུབ་པའི་ཆེད་དུ་ཡིན་པ་མ་ཟད། ཁྲོམ་རར་ཤ་མར་སྒོང་གསུམ་གྱི་འགོ་ཁྲིད་འགན་འཁྲིའི་ལམ་ལུགས་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུའི་སྔོན་བརྡ་གཏོང་བ་ཞིག་ཀྱང་རེད། དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཟོག་གོང་འཕར་བར་ཁ་གཏད་གཅོག་པའི་ཇུས་འགོད་གལ་ཆེན་ཞིག་ཡིན་པ་མ་ཟད་འཕེལ་རྒྱས་ཀྱི་སྟོབས་ཤུགས་གཅིག་ཏུ་འགྲིལ་ནས་མི་སེར་གྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་བློ་གྲོས་ལྡན་པའི་བྱ་སྤྱོད་ཅིག་ཀྱང་རེད།

        རང་སྐྱོང་ལྗོངས་ཀྱིས་གཏན་འཁེལ་གནང་བའི་འཛད་སྤྱོད་ཀྱི་སྤྱིའི་རིན་གོང་བརྟན་པོ་ཡོང་བ་བྱེད་པ་དང་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱེད་པའི་སྲིད་ཇུས་དང་བྱ་ཐབས་མང་པོ་དེ་དག་ནང་ཚོང་ཟོག་གལ་ཆེན་གྱི་ཐོན་ཚོང་བཀོད་སྒྲིག་ཡག་པོ་བྱེད་པ་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། སྲིད་གཞུང་གི་འགན་འཁྲི་ཤུགས་ཆེར་གཏོང་བ་སོགས་ཐད་བླང་བྱ་གསལ་པོ་བཏོན་སྟབས་བྱ་ཐབས་དེ་དག་དོན་ཐོག་ཏུ་དངོས་གནས་འཁྱོལ་བ་བྱས་ཚེ་ཤ་མར་སྒོང་གསུམ་ཐད་གཞི་ནས་སེམས་ཁྲལ་མེད་པར་འགྱུར་སྲིད་པ་དང་མི་སེར་རྣམས་གཞི་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་ཀྱི་རེད།

        གཙོ་གནད་ཐོག་བཅོས་སྐྱོང་བྱས་ནས་མཁོ་འདོན་འགན་ལེན་དང་ཟོག་གོང་བརྟན་པོ་ཡོང་བ་བྱེད་དགོས་པ་དེ་ནི་འཛད་སྤྱོད་ཀྱི་རིན་གོང་གི་སྤྱིའི་ཆུ་ཚད་བརྟན་པོ་ཡོང་བ་བྱེད་པ་དང་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱེད་པའི་རྨང་གཞི་གལ་ཆེན་ཞིག་རེད། ས་ཁུལ་ཁག་དང་སྡེ་ཚན་ཁག་དང་དེ་བཞིན་འབྲེལ་ཡོད་ཁེ་ལས་ཀྱིས་ནུས་ལྡན་གྱི་བྱ་ཐབས་ཏན་ཏིག་སྤྱད་དེ་ཐོན་སྐྱེད་དང་། འཁོར་རྒྱུག གསོག་འཇོག་སོགས་ལྷུ་ལག་ནས་འགོ་བཙུགས་ནས་གནད་ཆེའི་ཚོང་ཟོག་ཐོན་སྐྱེད་དང་མཁོ་འདོན་ལས་དོན་ཡག་པོ་བསྒྲུབས་ཏེ་ཁྲོམ་རའི་མཁོ་འདོན་འདང་ངེས་དང་རིན་གོང་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས།

        ཁ་གསབ་འཐུས་ཚང་དུ་གཏོང་བ་དང་དམངས་འཚོ་ལེགས་སུ་གཏོང་དགོས་པ་དེ་ནི་འཛད་སྤྱོད་རིན་གོང་གི་སྤྱིའི་ཆུ་ཚད་བརྟན་པོ་ཡོང་བ་བྱེད་པ་དང་སྤྱི་ཚོགས་བརྟན་ལྷིང་དང་མཐུན་སྦྱོར་སྲུང་སྐྱོང་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། རིམ་ཁག་ནོར་སྲིད་སྡེ་ཚན་གྱིས་ཡོང་འབབ་དམའ་བའི་ཚོགས་སྤྱིའི་རིན་གོང་གི་གནས་སྐབས་ཁ་གསབ་དུས་ཐོག་ཏུ་དོན་འཁྱོལ་བྱས་ནས་སློབ་ཆེན་དང་ཆེད་ལས་སློབ་ཆེན་སློབ་མའི་ཁྱིམ་ཚང་དཔལ་འབྱོར་ཐད་དཀའ་ངལ་ཡོད་པ་དང་སློབ་མའི་ཟ་ཁང་ལ་ཁ་གསབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཞིང་འབྲོག་ཁུལ་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་སློབ་མའི་འཚོ་བ་ཏན་ཏིག་ངང་བཀོད་སྒྲིག་ཡག་པོ་བྱེད་དགོས། རིམ་ཁག་ནོར་སྲིད་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། དམངས་སྲིད་སྡེ་ཚན་བཅས་ཀྱིས་རང་སྐྱོང་ལྗོངས་ཀྱིས་གཏན་འཁེལ་བྱས་པའི་2011ལོའི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་རིང་གཞུང་ཁོངས་ཁེ་ལས་ཀྱི་ལས་འཁྱུར་མི་སྣ་དང་དེ་བཞིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་ལ་ཐེངས་གཅིག་རང་བཞིན་གྱི་འཚམས་འདྲིའི་དངུལ་སྤྲོད་རྒྱུའི་དམངས་ཕན་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་མ་དངུལ་ཆ་ཚང་གནས་སྦྱོར་ཡོང་རྒྱུའི་འགན་ལེན་བྱེད་དགོས།

        འཛད་སྤྱོད་དམའ་རུ་གཏོང་བ་དང་དམངས་ལ་ཁེ་ཕན་ཐོབ་པ་བྱེད་དགོས་པ་དེ་ནི་མང་ཚོགས་ཀྱི་ཁུར་པོ་ཡང་དུ་གཏོང་བ་དང་འཛད་སྤྱོད་རིན་གོང་གི་སྤྱིའི་ཆུ་ཚད་འཕར་རྒྱུ་བཀག་འགོག་བྱ་རྒྱུའི་བྱ་ཐབས་ནུས་ལྡན་ཞིག་རེད། འབྲེལ་ཡོད་སྡེ་ཚན་ཁག་གིས་ཞིང་ཞོར་ཐོན་རྫས་ཀྱི “གནོད་མེད་བགྲོད་ལམ ”གྱི་སྲིད་ཇུས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ཞིང་ཞོར་ཐོན་རྫས་ཁྲོམ་རར་སྐྱོད་པར་ཆ་རྐྱེན་གཏོད་དགོས། འགྲོ་གྲོན་བསྡུ་རྒྱུ་བཅོས་སྐྱོང་དང་ཚད་ལྡན་ཡོང་བ་བྱེད་པའི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཏན་འབེབས་ཁག་མུ་མཐུད་དོན་འཁྱོལ་བྱས་ནས་ལུགས་མཐུན་མིན་པའི་འགྲོ་གྲོན་བསྡུ་བའི་རྣམ་གྲངས་ཁག་གཙང་བཤེར་ཏན་ཏིག་བྱེད་པ་དང་འགྲོ་གྲོན་བསྡུ་རྒྱུའི་མཐོ་དྲགས་པའི་ཚད་གཞི་དམའ་རུ་བཏང་སྟེ་སྤྱི་ཚོགས་ཕྱོགས་ཁག་གི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་དགོས།

        ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས་པ་དེ་ནི་ཁྲོམ་རའི་རིན་གོང་བརྟན་པོ་ཡོང་བ་བྱེད་པ་དང་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱ་རྒྱུའི་བྱེད་ཐབས་གལ་ཆེན་ཞིག་རེད། ཁྲོམ་རའི་ཟོག་གོང་བརྟན་པོ་ཡོང་བ་བྱེད་པར་ངེས་པར་དུ་སེམས་ཐག་བཅད་དེ་ཁྲོམ་རའི་སྒྲིག་ལམ་བཅོས་སྐྱོང་བྱེད་པ་དང་གཉེར་སྐྱོང་གི་བྱ་སྤྱོད་ཚད་ལྡན་ཡོང་བ་བྱེད་དགོས།

        འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་འགན་འཁྲི་དོན་འཁྱོལ་བྱེད་དགོས་པ་དེ་ནི་འཛད་སྤྱོད་རིན་གོང་གི་སྤྱིའི་ཆུ་ཚད་བརྟན་པོ་ཡོང་བ་བྱེད་པ་དང་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་བརྟན་པོ་ཡོང་བ་བྱེད་པའི་འགན་ལེན་གལ་ཆེན་ཞིག་རེད། རང་སྐྱོང་ལྗོངས་ཀྱི་བྱ་ཐབས་གལ་ཆེན་དེ་དག་ལག་བསྟར་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱེད་པར་ངེས་པར་དུ་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་མཐུན་སྦྱོར་ཡག་པོ་བྱས་ནས་འགན་འཁྲི་ཁ་གསལ་དང་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས།

        འཆར་ཉེར་ཡོད་པའི་ལོ་གསར་པའི་ནང་རང་སྐྱོང་ལྗོངས་ཀྱིས་ཟོག་གོང་ནང་གི་བཟའ་ཆས་རིན་གོང་འཕར་བའི་གྲུབ་ཆའི་རང་བཞིན་གྱི་ཁྱད་ཆོས་ལ་དམིགས་ཏེ་བྱ་ཐབས་གལ་ཆེན་མང་པོ་སྤྱད་པ་དེས་མི་སེར་གྱི་ཤ་མར་སྒོང་གསུམ་གྱི་རིམ་པ་འཕར་ངེས་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་ངེས་ཡིན་པ་སྣང་ཚུལ་མང་པོ་ཞིག་གི་ཐོག་ནས་གསལ་པོ་མཚོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།