དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཚད་མཐོའི་མཐོང་ཆེན་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་གཏན་འཁེལ་ཟིན་པའི་དམིགས་ཚད་ཕུན་སུམ་ཚོགས་པོས་འགྲུབ་ཐུབ་པའི་འགན་ལེན་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        རང་ལྗོངས་སུ “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་གཞི་རྒྱལ་ཁའི་ངང་ལེགས་གྲུབ་ཡོང་ཉེར་ཡོད་པ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི ”ཕྱོགས་སུ་གོ་འཕང་མཐོ་ཞིང་གོམ་སྟབས་ཆེན་པོས་བསྐྱོད་པ། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་ཀྱི་འགག་རྩའི་དུས་འདིར་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཉིན་ཤས་གོང་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་མུ་མཐུད་ལག་བསྟར་བྱ་རྒྱུའི་གཏན་འབེབས་གནང་བ་རེད།

        དེ་ནི་ཞིང་འབྲོག་མང་ཚོགས་དེ་བས་མང་བ་ཞིག་ལ་ཕན་པ་ཐོབ་པ་དང་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་པའི “དམངས་སེམས་འདུ་འགོད ”ཅིག་ཡིན་ལ་ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་སྔར་བས་བདེ་སྐྱིད་དང་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བའི་འགན་ལེན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་དང་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་ཕྱོགས་ཡོངས་ནས་མངོན་འགྱུར་བྱེད་པའི་བྱ་སྤྱོད་གལ་ཆེན་ཞིག་ཀྱང་ཡིན་པ་རེད།

        བུ་རྒྱུད་ཀྱི་དོན་ཆེན་སྒྲུབ་པར་དངོས་སྒྲུབ་བྱ་རྒྱུ་རྨང་གཞིར་བྱེད་པ་དང་བརྗིད་ཆེའི་འཆར་གཞི་དོན་དངོས་སུ་སྒྱུར་བར་ལག་བསྟར་བྱ་རྒྱུ་འགངས་ཆེར་འཛིན་དགོས་ཤིང་། བདེ་སྡོད་ཀྱི་གཞི་རྒྱ་ཆེ་རུ་གཏོང་བའི་ལས་གྲྭ་ཡིན་པའི་འཕེལ་རྒྱས་ཀྱི་འཆར་གཞི་དེ་དོན་དངོས་སུ་སྒྱུར་བར་ཐབས་ལམ་གཅིག་ལས་མེད་པ་སྟེ། དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱེད་དགོས་པ་དེ་རེད།

        ཚད་མཐོའི་མཐོང་ཆེན་དང་བསམ་བློ་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་ཞིང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱིས་བསམ་བློ་དེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པའི་ཁར་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ཐོག་ནས་བདེ་སྡོད་ཀྱི་གཞི་རྒྱ་ཆེ་རུ་གཏོང་བའི་ལས་གྲྭའི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་འགན་འཁྲི་ཁ་གསལ་བཟོ་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས། ས་ཁུལ (གྲོང་ཁྱེར )ཁག་དང་སྡེ་ཚན་ཁག་གིས་སྟོབས་ཤུགས་གཅིག་སྒྲིལ་གྱིས་རོགས་ལས་དང་ཕན་ཚུན་གཞོགས་འདེགས་ཀྱིས་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་འགན་འཁྲི་ཁག་བགོས་བྱས་པ་གཞིར་བཟུང་ཧུར་བརྩོན་རང་འགུལ་དང་ནན་ཏན་ངང་འགན་འཁུར་བའི་སྒོ་ནས་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པ། ས་ཁུལ (གྲོང་ཁྱེར )ཁག་གི་འགོ་ཁྲིད་གཙོ་བོས་རང་ཉིད་ངོ་མས་དམ་འཛིན་བྱེད་པ་དང་འགན་གཙོ་བོ་འཁུར་བ་དང་ལས་བགོས་འགན་འཁུར་འགོ་ཁྲིད་ཀྱིས་འགན་འཁྲི་ཞིབ་ཕྲ་འཁུར་དགོས་པ། ས་ཁུལ (གྲོང་ཁྱེར )དང་། རྫོང (གྲོང་ཁྱེར་དང་ཆུས )ཁག ཤང (གྲོང་རྡལ )ཁག འབྲེལ་ཡོད་སྡེ་ཚན་བཅས་ཀྱིས་འགན་འཁྲི་ཁ་གསལ་དང་ལས་འགན་ཞིབ་བགོས་བྱས་ཏེ་བདེ་སྡོད་ཀྱི་གཞི་རྒྱ་ཆེ་རུ་གཏོང་བའི་ལས་གྲྭ་དེ་དང་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་བརྟན་ལྷིང་། དམངས་འཚོ་ལེགས་གཏོང་། སྣོད་བཅུད་སྲུང་སྐྱོང་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། ལས་ཀའི་འཐབ་ཇུས་རང་བཞིན་དང་། མ་འོངས་སྔོན་མཐོང་རང་བཞིན། རང་འགུལ་རང་བཞིན་བཅས་ཆེ་རུ་གཏོང་བ། སྔར་ལས་ལྷག་པའི་སྒོ་ནས་ཉམས་མྱོང་ཕྱོགས་སྡོམ་དང་བྱེད་ཐབས་སྤྱོད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་མཐོང་ཆུང་དུ་མི་འགྲོ་བ་དང་། སྤྱིའི་བླང་བྱར་འགྱུར་བ་མི་འགྲོ་བ། མ་དངུལ་གཏོང་ཤུགས་ཆུང་དུ་མི་འགྲོ་བ་བཅས་བྱེད་ཐུབ་པ་བྱེད་དགོས།

        ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་དང་གཅིག་གྱུར་གྱི་བཀོད་སྒྲིག་བྱ་རྒྱུ་ནི་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱེད་པའི་རྨང་གཞི་ཡིན་ཞིང་། བདེ་སྡོད་ཀྱི་གཞི་རྒྱ་ཆེ་རུ་གཏོང་བའི་ལས་གྲྭའི་གཏན་འཁེལ་ཟིན་པའི་དམིགས་ཚད་ཕུན་སུམ་ཚོགས་པོའི་སྒོ་ནས་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས་ན་གཅིག་གྱུར་གྱི་འཆར་འགོད་དང་། ཚན་རིག་དང་མཐུན་པའི་ཇུས་འགོད། ཕྱོགས་བསྡུས་ལེ་ལག་ཚང་བ། ཁྱད་ཆོས་མངོན་པ་བཅས་ཀྱི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱེད་དགོས་པ་དང་། “བཟོ་བཅོས་དགའ་ན་བཟོ་བཅོས་རྒྱག་རྒྱུ་དང་། སྐྲུན་པ་དགའ་ན་བསྐྲུན་རྒྱུ། ཉམས་གསོ་དགའ་ན་ཉམས་གསོ་བྱ་རྒྱུ། སྤོས་པ་དགའ་ན་སྤོ་རྒྱུ ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་དགོས། ཡུལ་བབ་དང་བསྟུན་རྒྱུ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱ་རྒྱུ། མིག་སྔར་གཞི་ཚུགས་རྒྱུ། ཕུགས་ལ་དམིགས་རྒྱུ། ཁྱོན་ཡོངས་ལ་བསམ་གཞིགས་བྱ་རྒྱུ་བཅས་མཐའ་འཁྱོངས་ཀྱིས་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་ལ་སྒྲིག་བཀོད་ཆ་ལག་ཚང་པོའང་ཡོང་བ་བྱས་ནས་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་རིང་ཆུ་དང་། གློག ལམ། འཕྲིན་གཏོང་། སོལ་རླངས། རླུང་འཕྲིན་བཪྙན་འཕྲིན། སྦྲག་སྲིད། ཁོར་ཡུག་མཛེས་པོ་བཅས་ཀྱི་འཛུགས་སྐྲུན་ལས་གྲྭ་གཅིག་གྱུར་བཀོད་སྒྲིག་བྱེད་དགོས། དུས་མཚུངས་སུ་རྨོ་ཞིང་གང་བྱུང་དུ་བཟུང་རྒྱུ་བཀག་འགོག་བྱེད་པ་དང་ཚབ་བྱེད་ཨར་ལས་རྒྱུ་ཆ་སྤྱོད་གང་ཐུབ་བྱས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་དགོས། ཕན་འབྲས་དངོས་ལ་སྣང་ཆེན་བྱེད་པ་ལས་ཕྱི་ཚུལ་ཙམ་ལ་མི་འགྱུར་བའི་ཐོག་མཐའ་བར་གསུམ་དུ་བྱེད་ཐུབ་པ་དགོས་པ་དང་། དམངས་གཙོའི་སྒོ་ནས་གྲོས་མོལ་བྱེད་པ་ལས་བཙན་ཤེད་ཀྱིས་བཀའ་རྒྱ་མི་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་བྱེད་ཐུབ་པ་དགོས་པ། ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱེད་པ་ལས་ཚང་མ་གཅིག་པ་ཡོང་རྒྱུའི་བཙན་སྐུལ་མི་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་བྱེད་ཐུབ་པ་དགོས་པ། ཁྲིད་སྟོན་དང་རོགས་སྐྱོར་བྱེད་པ་ལས་གཞན་འགན་འཕྲོག་སྒྲུབ་མི་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་བྱེད་ཐུབ་པ་དགོས།

        སྤུས་ཚད་འགན་ལེན་དང་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་ནི་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ཤུགས་རྒྱག་ས་ཡིན་ཞིང་། ས་ཁུལ (གྲོང་ཁྱེར )ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་ལས་གྲྭའི་སྤུས་ཚད་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཨར་ལས་སྤུས་དག་བྱེད་དགོས་པ་དང་སྤུས་ཚད་ལ་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་འཕེལ་རིམ་མགྱོགས་སུ་བཏང་སྟེ་བདེ་སྡོད་ལས་གྲྭ་དེས་དུས་ཚོད་ཀྱི་བརྟག་བཤེར་དང་། ལོ་རྒྱུས་ཀྱི་བརྟག་བཤེར། མང་ཚོགས་ཀྱི་བརྟག་བཤེར་བཅས་ཐེག་ཐུབ་པའི་འགན་ལེན་དང་བདེ་འཇགས་སྤྱོད་གོ་ཆོད་པའི་འགན་ལེན་བྱེད་དགོས་པ་དང་། དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྷག་པར་དུ་མ་དངུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བདེ་སྡོད་ལས་གྲྭའི་མ་དངུལ་ཆེད་དངུལ་ཆེད་སྤྱོད་ཏན་ཏིག་བྱས་ནས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དེ་བས་མང་པོ་ཞིག་ཞིང་འབྲོག་མང་ཚོགས་ཀྱིས་ཐད་ཀར་ཚོར་ཐུབ་པའི་འགན་ལེན་བྱེད་དགོས་པ། “བདེ་སྡོད ”དང “ལས་བརྩོན ”གཉིས་ཟུང་འབྲེལ་མངོན་གསལ་དོད་པོ་བྱེད་དགོས་ཤིང་། སྡོད་ཁང་རྒྱག་རྒྱུ་དེ་སྒོ་ར་དང་གྲོང་ཚོའི་རྣམ་པ་བཅོས་སྒྲིག་བྱ་རྒྱུ་དང་ཟུང་འབྲེལ་གྱིས་ཕན་ཚུན་སྐུལ་འདེད་གཏོང་ཐུབ་པ་དང་ཕན་ཚུན་སྤེལ་ཟླ་བྱེད་རེས་བྱེད་ཐུབ་པ་བྱེད་དགོས་པ་དང་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་ཆབས་ཅིག་ཞིང་འབྲོག་པར་རྒྱུན་མཐུད་དང་བརྟན་པོའི་ངང་ཡོང་འབབ་འཕར་ཐབས་བྱེད་པ་དང་ཞིང་འབྲོག་ཁུལ་གྱི་ཁྱོན་ཡོངས་ཀྱི་རྣམ་པ་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

        ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་ནི་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱེད་པའི་འགན་ལེན་ནུས་ལྡན་ཞིག་ཡིན་ཞིང་། བསམ་ཕྱོགས་ཡག་པོ་དང་། ཇུས་གཞི་ཡག་པོ། བྱེད་ཐབས་ཡག་པོ་བཅས་ལག་ལེན་ནང་དུ་འཁྱོལ་བ་དང་། བྱ་སྤྱོད་ཐོག་ཏུ་འཁྱོལ་བ། ཕན་འབྲས་ཡག་པོ་ཐོབ་པ་བཅས་བྱེད་དགོས་ན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་ལམ་སྲོལ་ནུས་ལྡན་ཞིག་ཡོད་དགོས། མུ་མཐུད་དེ་ལས་དོན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་དོན་དཔུང་ཁག་ཕུན་སུམ་ཚོགས་སུ་གཏོང་བ། ལས་དོན་ལམ་ལུགས་ལེགས་སུ་གཏོང་བ། ལས་དོན་བྱེད་ཐབས་སྤྱོད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། བདེ་སྡོད་ཀྱི་གཞི་རྒྱ་ཆེ་རུ་གཏོང་བའི་ལས་གྲྭ་ལག་བསྟར་བྱེད་རིང་མཐའ་མཚམས་ཁྱབ་ཁོངས་ཀྱི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་བྱ་རྒྱུ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ། དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུ། རང་གིས་རང་འཕེལ་རྒྱས་གཏོང་བའི་ནུས་པ་ཆེ་རུ་གཏོང་རྒྱུ། ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་བཅས་ལ་དེ་བས་མཐོང་ཆེན་བྱས་ཏེ་བདེ་སྡོད་ཀྱི་གཞི་རྒྱ་ཆེ་རུ་གཏོང་བའི་ལས་གྲྭ་འཆར་གཞི་དང་གོ་རིམ་ལྡན་པའི་སྒོ་ནས་སྒྲིག་འཛུགས་དང་ལག་བསྟར་ཐུབ་པའི་འགན་ལེན་བྱེད་དགོས། ལས་དོན་བསྒྲུབ་རྒྱུར་མུ་མཐུད་ལྟ་སྐུལ་བྱེད་པ་དང་། འབྲེལ་ཡོད་ཕྱོགས་ཀྱི་ལས་དོན་སྙན་ཞུ་རྒྱུན་དུ་ཉན་པ། ས་གནས་ས་ཐོག་ཏུ་གཞུང་དོན་བསྒྲུབ་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས་དུས་ཐོག་ཏུ་གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱེད་དགོས། ས་ཁུལ་དེ་གའི་དོན་དངོས་དང་མཐུན་པའི་བདེ་སྡོད་ལས་དོན་གྱི་ལག་བསྟར་ཇུས་གཞི་ནན་ཏན་ངང་ཞིབ་འཇུག་བྱས་ནས་བཀོད་པ་དང་བདེ་སྡོད་ལས་གྲྭའི་འགན་འཁྲིའི་ཡི་གེ་རིམ་པ་བཞིན་བཞག་ནས་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་གྱི་ལས་འགན་དེ་ཤང (གྲོང་རྡལ )དང་། གྲོང་ཚོ། དུད་ཚང་བཅས་སུ་དོན་འཁྱོལ་བྱེད་དགོས། འབྲེལ་གཏུག་ས་ཚིགས་ཀྱི་ལས་དོན་ལམ་ལུགས་མུ་མཐུད་ལག་བསྟར་བྱེད་དགོས་ཤིང་། ས་ཁུལ (གྲོང་ཁྱེར )ཁག་དང་རྫོང (གྲོང་ཁྱེར་དང་ཆུས )གི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་། ཚན་པ་དང་སྡེ་ཚན་གྱི་འགན་འཁུར་བ། ཤང (གྲོང་རྡལ )གི་ལས་བྱེད་པ། གྲོང་མི་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་བཅས་ཀྱིས་ཤང (གྲོང་རྡལ )དང་། གྲོང་མི་ཨུ་ཡོན་ལྷན་ཁང་། གྲོང་མིའི་ཚོགས་ཆུང་། ཞིང་དུད་བཅས་དང་འགན་གཙང་ལེན་གྱི་འབྲེལ་བ་བཙུགས་ནས་རིམ་པ་གཅིག་གིས་གཅིག་ལ་དམ་འཛིན་བྱེད་པ་དང་རིམ་པ་བཞིན་དོན་འཁྱོལ་བྱེད་པའི་བདེ་སྡོད་ལས་གྲྭའི་ལས་དོན་ལམ་སྲོལ་ཞིག་ཆགས་པ་བྱེད་དགོས། མུ་མཐུད་དེ་བདེ་སྡོད་ལས་གྲྭའི་ལས་ཀའི་བྱས་རྗེས་དང་ལས་བྱེད་པའི་ལོ་འཁོར་གྱི་དཔྱད་ཞིབ་གཉིས་འབྲེལ་བ་བྱེད་དགོས་པ་དང་དེ་ལས་བྱེད་པའི་ལོ་འཁོར་དཔྱད་ཞིབ་ཀྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་བ་དང་འབྲེལ་བདེ་སྡོད་ལས་གྲྭའི་ལས་དོན་འགན་འཁྲི་རྩད་གཅོད་ལམ་ལུགས་ལག་བསྟར་བྱས་ཏེ་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་བདེ་སྡོད་ཀྱི་གཞི་རྒྱ་ཆེ་རུ་གཏོང་བའི་ལས་གྲྭའི་གཏན་འཁེལ་ཟིན་པའི་དམིགས་ཚད་ཕུན་སུམ་ཚོགས་པོའི་ངང་མངོན་འགྱུར་ཐུབ་པའི་འགན་ལེན་བྱེད་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།