དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • “དམངས་སེམས་འདུ་འགོད”ཡིན་པའི་བདེ་སྡོད་ལས་གྲྭ་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་ལ་སྔར་བས་ངོས་འཛིན་ཐུབ་པ་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        མ་དངུལ་ཕོན་ཆེན་བཏང་ནས་སྡོད་ཁང་གསར་པ་བསྐྲུན། བདེ་སྡོད་ལས་གྲྭས་དམངས་སེམས་དྲོ་བར་བྱེད། རང་ལྗོངས་ཀྱིས་འཆར་འགོད་བྱེད་འགོ་ཚུགས་པའི “ལོ་ལྔ་ཚན་བཅུ་གཉིས་པའི ”བརྗིད་ཆེའི་འཆར་གཞིའི་ནང་སླར་ཡང་ཇུས་གཞི་གལ་ཆེན་བཀོད་པ་སྟེ། “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱས་པའི་རྨང་གཞིའི་ཐོག་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གྲྭ་མུ་མཐུད་ལག་བསྟར་ཤུགས་ཆེན་བྱ་རྒྱུ་དེ་ཡིན། “ལོ་ལྔ་ཚན་བཅུ་གཅིག་པ ”མཇུག་འགྲིལ་མཚམས་སུ་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”འགོ་ཚུགས་ལོར “མཐོང་ཆེན་བྱེད་ཚད་ཆུང་དུ་མི་གཏོང་བ་དང་། སྤྱིའི་བླང་བྱར་འགྱུར་ལྡོག་མི་གཏོང་བ། མ་དངུལ་ཐོག་ནས་རྒྱབ་སྐྱོར་བྱེད་པའི་ནུས་པ་ཆུང་དུ་མི་གཏོང་བ ”བཅས་ཀྱི་བླང་བྱར་གཞིགས་ནས་ཞིང་འབྲོག་མང་ཚོགས་ཀྱི “དམངས་སེམས་འདུ་འགོད ”ཡིན་པའི་བདེ་སྡོད་ལས་གྲྭ་མུ་མཐུད་ལག་བསྟར་ཤུགས་ཆེན་བྱ་རྒྱུའི་གཏན་འབེབས་དེར་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད།    

        བདེ་སྡོད་ལས་གྲྭ་བསྐྲུན་རྒྱུ་དེ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་ཞིང་འབྲོག་མང་ཚོགས་ལ་ཚད་མཐོའི་ཐུགས་ཁུར་གནང་བ་ཞིག་དང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་དང་མཐུན་སྦྱོར་ལྡན་པའི་སྤྱི་ཚོགས་འཛུགས་སྐྲུན་བྱ་རྒྱུ་གསོན་ཉམས་ལྡན་པའི་སྒོ་ནས་མངོན་པ་ཞིག་ཡིན། 2006ལོའི་ལོ་འགོར་ལྗོངས་ཏང་ཨུད་ཀྱིས་བདེ་སྡོད་ལས་གྲྭ་དེ་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་ཚད་བརྒལ་དང་འགོ་འཛུགས་སར་བརྩི་དགོས་ལུགས་བཏོན་པ་དེ་ནི་ཀྲུང་དབྱང་གི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་དགོས་མཁོ་དང་འདོད་བློར་གང་ལེགས་བསྟུན་པ་བཅས་ཀྱི་རྨང་གཞིའི་ཐོག་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་པ་དེ་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་སྤྱིའི་བླང་བྱ་དང་མཐུན་ཡོད་པ་མ་ཟད། བོད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུར་སྣེ་ཁྲིད་ཐུབ་པ་བྱུང་ཡོད། བདེ་སྡོད་ལས་གྲྭའི་ཚད་བརྒལ་དེ་མཐའ་འཁྱོངས་བྱས་ཚེ་རང་ལྗོངས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུར་ཡང་དག་པའི་ཁ་ཕྱོགས་ཡོད་སྲིད་ལ་རྒྱ་ཁྱབ་ཀྱི་སྒོ་ནས་མང་ཚོགས་ཀྱི་ཡིད་དབང་འགུག་པ་དང་། མང་ཚོགས་སྐུལ་སློང་། མང་ཚོགས་སྒྲིག་འཛུགས་བཅས་བྱེད་ཐུབ་པ་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཐུབ།

        མཇུག་འགྲིལ་ཉེར་ཡོད་པའི “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་རང་ལྗོངས་ཀྱི་བདེ་སྡོད་ལས་གྲྭའི་འཛུགས་སྐྲུན་ལ་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་པ་སྟེ། ལོ་གཅིག་གི་སྔ་སྣུར་དུ་སྡོད་ཁང་གི་ཆ་རྐྱེན་སྐྱོ་ཙམ་གྱི་རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་80%བདེ་འཇགས་ལྡན་ལ་སྤྱོད་གོ་ཆོད་པའི་སྡོད་ཁང་ནང་སྤོ་ཐུབ་རྒྱུའི་ཁས་ལེན་མངོན་འགྱུར་བྱུང་བའི་ཐོག་སྡོད་ཁང་གི་ཆ་རྐྱེན་སྐྱོ་ཙམ་གྱི་ཞིང་འབྲོག་མང་ཚོགས་དུད་ཚང་ཁྲི་27.48བདེ་འཇགས་ལྡན་ལ་སྤྱོད་གོ་ཆོད་པའི་སྡོད་ཁང་ནང་སྡོད་ཐུབ་པ་བྱུང་བ་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་གི་ཆ་རྐྱེན་དང་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པའི་ཁར་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཕྱོགས་བསྡུས་ལེ་ལག་འཛུགས་སྐྲུན་དང་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ཕྱོགས་བསྡུས་བྱེད་སྒོ་སྤེལ་ཡུལ་བསྐྲུན་རྒྱུར་གྲུབ་འབྲས་ཆེན་པོ་ཐོབ་པ། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཤུགས་ཆེན་འཕར་བ་དང་ཤེས་དཔལ་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད་ལ་བསམ་བློའི་ཉམས་འགྱུར་དང་བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་གསར་པ་བྱུང་བའི་ཐོག་དབྱར་མཚོ་རྒྱས་ལ་མཐུན་སྦྱོར་བརྟན་ལྷིང་གི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་ཞིག་འཛམ་གླིང་སྐྱེ་བོ་ཀུན་གྱི་མདུན་དུ་མངོན་པ་བཅས་ཡིན།

        ལྗོངས་ཏང་ཨུད་ཀྱིས་ལག་བསྟར་ཤུགས་ཆེན་བྱས་པའི་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གྲྭའི་ཐབས་ཇུས་གལ་ཆེན་དེ་ལྗོངས་ཡོངས་ཀྱི་གནས་ཚུལ་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་འདུན་པ་དང་མཐུན་པས་ཧ་ཅང་མཁས་མཛངས་ལྡན་པ་ཞིག་ཡིན། ཕན་པ་ཐོབ་པའི་ཞིང་འབྲོག་མང་ཚོགས་ཚོས་བསྔགས་བརྗོད་ཀྱི་མེ་ཏོག་སྟོར་བཞིན “དམངས་སེམས་ཀྱི་འདུ་འགོད ”དང་། “དམངས་ཕན་འདུ་འགོད ”“བདེ་སྐྱིད་འདུ་འགོད ”བཅས་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་ཐ་ན་གངས་ལྗོངས་ཀུན་ལ་ཁྱབ་ནས་ཞིང་འབྲོག་ཁུལ་གྱི་རྣམ་པར་སྔར་བས་འགྱུར་ལྡོག་ཡོང་བ་དང་ཞིང་འབྲོག་མང་ཚོགས་རྣམས་དེ་བས་བདེ་སྐྱིད་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་རྒྱུའི་འདུན་པ་ཟབ་མོ་འཆང་བཞིན་ཡོད།

        དེ་ནི་མང་ཚོགས་ཀྱི་འབོད་སྒྲ་ཡིན་ལ་མི་དམངས་ཀྱི་དགོས་མཁོ་ཞིག་ཀྱང་ཡིན། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་དམངས་ཀྱི་འབོད་སྒྲ་དང་དགོས་མཁོར་བསྟུན་ནས་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གྲྭ་མུ་མཐུད་ལག་བསྟར་ཤུགས་ཆེན་བྱ་རྒྱུའི་གཏན་འབེབས་བྱས་ཡོད། ང་ཚོས་ངེས་པར་དུ་ཐབས་ཇུས་དེའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱེད་པ་དང་ཐབས་ཇུས་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་བླངས་ནས་བསམ་བློ་དང་བྱ་སྤྱོད་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་ཡག་པོ་བྱ་ཆེད་བསམ་བློའི་རྨང་གཞི་བརྟན་པོ་ཞིག་འདིང་དགོས།

        ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གྲྭ་མུ་མཐུད་ལག་བསྟར་ཤུགས་ཆེན་བྱས་ཏེ་ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་བདེ་འཇགས་ལྡན་ལ་སྤྱོད་གོ་ཆོད་པའི་སྡོད་ཁང་ནང་སྤོས་ཏེ་དེ་བས་ཤེས་དཔལ་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་དུ་བཅུག་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་སྤྱིའི་བླང་བྱ་དང་མཐུན་པ་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་འགག་རྩ་ཞིག་ཡིན། ཏང་གི་སྐབས་བཅུ་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་ཁྱེར་གསར་པ་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་བཏོན་པ་དང་དམིགས་ཚད་ནི “ཐོན་སྐྱེད་གོང་འཕེལ་དང་། ལྟོ་གོས་འཛོམས་པ། ཡུལ་སྲོལ་བཟང་བ། གྲོང་ཚོ་བཀོད་གཙང་། བདག་གཉེར་དམངས་གཙོ ”བཅས་ཡོང་བ་བྱ་རྒྱུ་དེ་ཡིན། བདེ་སྡོད་ལས་གྲྭའི་འཛུགས་སྐྲུན་དེ་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་ཚད་བརྒལ་བྱེད་ས་ཞིག་གི་ངོས་ནས་སྟབས་བདེའི་ངང་སྡོད་ཁང་བསྐྲུན་རྒྱུ་ཙམ་མིན་པར་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ཆེ་མོ་དང་སྤྱིའི་བླང་བྱ་དང་ཟུང་འབྲེལ་བྱ་རྒྱུ་དེ་ཡིན། “བདེ་སྡོད ”བྱུང་ན་གཞི་ནས “ལས་བརྩོན ”ཐུབ་པ་དང་བདེ་སྡོད་ལས་གྲྭའི་འགག་རྩ་དེ་དམ་འཛིན་ཐུབ་ན་མིག་སྔའི་དུས་བབ་འོག་རང་ལྗོངས་ཀྱི “ཞིང་གསུམ ”ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་བའི་འགག་རྩའི་ལྷུ་ཚིགས་དང་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་འགག་རྩ་དེ་དམ་འཛིན་བྱེད་ཐུབ་པ་དང་དེ་ལ་བརྟེན་ནས་ཚོང་འདུས་གྲོང་སྡེ་དང་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་དང་། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་འགྲོ་རྒྱུ་བཅས་ལ་སྣེ་ཁྲིད་བྱེད་ཐུབ།

        ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་མུ་མཐུད་ལག་བསྟར་ཤུགས་ཆེན་བྱ་རྒྱུ་དེ “ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་དང་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་རྒྱུའི ”ལས་འགན་གལ་ཆེན་ཨང་དང་པོ་དེ་དོན་འཁྱོལ་བྱེད་པའི་བྱ་སྤྱོད་ཞིབ་ཕྲ་ཡིན་ཞིང་། ཚང་མས་ཤེས་གསལ་ལྟར་ལོ་རྒྱུས་དང་རང་བྱུང་སོགས་རྒྱུ་རྐྱེན་གྱིས་ཤུགས་རྐྱེན་ཐེབས་སྟབས་བོད་ཀྱི་ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་དང་ཞིང་འབྲོག་པའི་འཚོ་བའི་སྤུས་ཚད་ད་དུང་དམའ་ཙམ་ཡོད་པ་དང་ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་དང་ཁྱིམ་ཚང་གི་གསོག་འཇོག་བྱེད་ཚད་ཚང་མ་ཆུ་ཚད་དམའ་ཙམ་ཡིན་ལ་ཞིང་འབྲོག་ཁུལ་དང་ཞིང་འབྲོག་པའི་རང་གིས་རང་འཕེལ་རྒྱས་གཏོང་བའི་ནུས་པ་ད་དུང་ཞན་ཙམ་ཡོད། དེར་བརྟེན་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་དང་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་རྒྱུ་དེ་རང་ལྗོངས་ཀྱི “ཞིང་གསུམ ”ལས་ཀའི་ལས་འགན་གལ་ཆེན་ཨང་དང་པོར་གྱུར་ཡོད་ལ “ཞིང་གསུམ ”ལས་ཀའི་འགོ་འཛུགས་ས་དང་དོན་ལ་བབས་སར་ཡང་གྱུར་ཡོད། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱེད་པའི་བཀོད་སྒྲིག་འགངས་ཆེན་བྱས་པ་དེ་ནི་ལས་འགན་གལ་ཆེན་ཨང་དང་པོ་དེ་དོན་འཁྱོལ་བྱེད་པའི་བྱ་སྤྱོད་ཞིབ་ཕྲ་རེད། ང་ཚོས་ངེས་པར་དུ་དེའི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱས་ནས་ཉམས་མྱོང་ཟམ་མི་ཆད་པར་ཕྱོགས་སྡོམ་དང་བྱེད་ཐབས་ཤུགས་ཆེར་བཏང་སྟེ་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་མུ་མཐུད་ལག་བསྟར་ཤུགས་ཆེན་བྱས་ནས “དམངས་སེམས་འདུ་འགོད ”དེ་འཆར་འགོད་ཡག་པོ་དང་ལག་བསྟར་ཡག་པོ་བྱས་ཐོག་ཞིང་འབྲོག་མང་ཚོགས་ལ་ཕན་བདེ་དངོས་བསྐྲུན་ནས་ཁོང་ཚོས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་འབྲས་བུ་ལོངས་སྤྱོད་ཐུབ་པ་བྱེད་དགོས།

        ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་མུ་མཐུད་ལག་བསྟར་ཤུགས་ཆེན་བྱ་རྒྱུ་དེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་བསམ་འདུན་དང་མཐུན་པས་དེ་ནི་དམངས་སེམས་ཐོབ་པ་དང་དམངས་འདུན་དང་བསྟུན་པའི “དམངས་སེམས་འདུ་འགོད ”དང་མཐུན་སྦྱོར་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་རྩ་བའི་ཆ་རྐྱེན་རེད། ཞིང་འབྲོག་པའི་ཟས་གོས་སྡོད་གསུམ་གྱི་ཆ་རྐྱེན་ལེགས་སུ་སོང་ཞིང་། བདེ་སྡོད་ལས་བརྩོན་གྱི་འདོད་འདུན་དེ་སྔར་ནས་ད་བར་ཡོད་པ་དང་ཁང་པ་ཆུང་ཆུང་ནས་ཆབ་སྲིད་ཀྱི་དོན་ཆེན་མཚོན་ཐུབ་ཀྱི་ཡོད་ལ་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ལག་བསྟར་བྱེད་པ་དེ་ཐོག་ནས་བོད་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་ཡོད། ལྗོངས་ཏང་ཨུད་ཀྱིས་མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པ་དང་། ཐད་ཀའི་འབྲེལ་བ་ཡོད་པ། ཆེས་དངོས་ཡོད་བཅས་ཡིན་པའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་ནས་འགོ་ཚུགས་ཏེ་བདེ་སྡོད་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་པས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་བོད་མི་དམངས་ལ་ཐུགས་ཁུར་ཟབ་བཞེས་གནང་ལུགས་གང་ལེགས་མཚོན་ཡོད། ལོ་ལྔ་ཡི་རིང་གི་ལག་ལེན་ཐོག་ནས་དེ་ནི་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་བདེ་བསྐྲུན་པའི “དམངས་སེམས་འདུ་འགོད ”དང “དམངས་ཕན་འདུ་འགོད ”ཡིན་པས་མང་ཚོགས་ཀྱི་དགའ་བསུ་དང་བརྩི་བཀུར་ཐོབ་པ་ར་སྤྲོད་ཐུབ་ཡོད། ང་ཚོས་ངེས་པར་དུ “དམངས་སེམས་འདུ་འགོད ”དེ་ལག་བསྟར་ཡག་པོ་བྱས་ནས་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་དེ་བས་མཐུན་སྦྱོར་བརྟན་ལྷིང་དང་འཕེལ་རྒྱས་ཡར་ཐོན་ཡོང་བ་བྱེད་དགོས།

        ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་མུ་མཐུད་ལག་བསྟར་ཤུགས་ཆེན་བྱ་རྒྱུ་དེ་ང་ཚོས་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་ཁྲོད་རང་འགུལ་སྟངས་འཛིན་བྱེད་པའི་རྨང་གཞི་ཡིན་སྟབས་དོན་སྙིང་ཧ་ཅང་འགངས་ཆེན་ལྡན་ཡོད། ཏཱ་ལའི་རུ་ཚོགས་ཀྱིས་བདེ་སྡོད་ལས་གྲྭ་བདེ་བླག་ངང་ལག་བསྟར་བྱ་རྒྱུར་བཀག་འགོག་བྱ་ཆེད་2007ལོ་ནས་བཟུང “ལོ་ལྟར ‘ལོ་ནག ’ཡིན་པས་སུས་ཁང་པ་བརྒྱབ་ཀྱང་དེར་ཆག་སྒོ་ཡོང་བ ”སོགས་ཀྱི་དཀྲོག་གཏམ་བཟོས་པ་དེ་ཐོག་ནས་བྱེད་ཐབས་དེས་ཏཱ་ལའི་རུ་ཚོགས་ལ་ཕོག་ཐུག་བཏང་བ་མཚོན་ཡོད། བདེ་སྡོད་ལས་གྲྭ་དང་དེ་བཞིན་དེའི་སྐུལ་ཁྲིད་ནུས་པ་བརྒྱུད་ཞིང་འབྲོག་པ་བདེ་འཇགས་ལྡན་ལ་སྤྱོད་གོ་ཆོད་པའི་སྡོད་ཁང་གསར་པའི་ནང་བསྡད་དེ་ལྷ་མཆོད་གནས་མཇལ་བྱེད་མཁན་ཉུང་དུ་དང་རིག་གནས་དང་ལག་རྩལ་སྦྱོང་མཁན་མང་དུ་སོང་བ་དང་། འབད་བརྩོན་མི་བྱེད་མཁན་ཉུང་དུ་དང་དཀའ་སྤྱད་ཕྱུག་འགྱུར་བྱེད་མཁན་མང་དུ་སོང་བ་རེད། ཞིང་འབྲོག་མང་ཚོགས་ཀྱིས་ཏཱ་ལའི་ངོས་ནས་བཤད་ན་ལོ་ལྟར “ལོ་ནག ”ཡིན་པ་ལས་ང་ཚོའི་ངོས་ནས་བཤད་ན་ལོ་ལྟར་ལོ་གསར་ཞིག་རེད་ཅེས་འཚང་ཁ་ཤིག་ཤིག་ངང་ཤོད་ཀྱི་ཡོད། དེ་ནི་ཏཱ་ལའི་རུ་ཚོགས་ཀྱི་དཀྲོག་གཏམ་དེར་ནུས་ལྡན་ངང་དགག་རྒྱག་བྱས་པ་ཞིག་ཡིན་པ་དེ་ཐོག་ནས་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་ཡག་པོ་བྱས་ཚེ་ང་ཚོས་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་རང་འགུལ་དབང་ཆ་སྟངས་འཛིན་བྱེད་པ་གསལ་བཤད་ཐུབ་ཡོད།

        ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་མུ་མཐུད་ལག་བསྟར་ཤུགས་ཆེན་བྱ་རྒྱུ་དེ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་བདེ་བསྐྲུན་པའི “དམངས་སེམས་འདུ་འགོད ”ཅིག་ཡིན་ཞིང་། ང་ཚོས་ངེས་པར་དུ་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ཁྱོན་ཡོངས་ཀྱི་མཐོ་ཚད་དང་དམངས་ཆེད་སྲིད་སྐྱོང་བའི་ཏང་གི་ངོ་བོའི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ་དེའི་དོན་སྙིང་འགངས་ཆེན་ངོས་འཛིན་གཏིང་ཟབ་བྱེད་པ་དང་འཆར་འགོད་ཡག་པོ་དང་། སྒྲིག་འཛུགས་ཡག་པོ། ལག་བསྟར་ཡག་པོ་བཅས་ཧུར་ཐག་བྱས་ཏེ་བདེ་སྡོད་ལས་གྲྭ་རྒྱ་ཆེར་གཏོང་རྒྱུ་གཏན་འཁེལ་བྱས་པའི་དམིགས་ཚད་ཕུན་སུམ་ཚོགས་པོའི་ངང་མངོན་འགྱུར་ཡོང་བའི་འགན་ལེན་བྱས་ཐོག་བོད་ཀྱི་མི་རིགས་ཁག་གི་ཞིང་འབྲོག་མང་ཚོགས་དེ་བས་ཤེས་དཔལ་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།