དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བོད་ཀྱི་ཞིང་འབྲོག་པ་རྣམས་སྔར་བས་བདེ་སྐྱིད་དང་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་ཐུབ་རྒྱུའི་འགན་ལེན་བྱེད་པའི་བྱ་ཐབས་གལ་ཆེན།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        བདེ་སྡོད་ལས་གྲྭ་ལག་ལེན་ཤུགས་ཆེན་བསྟར། ས་མཐོའི་མི་དམངས་ཁྲི་བརྒྱར་བདེ་བ་བསྐྲུན།

        “དམངས་སེམས་འདུ་འགོད ”མུ་མཐུད་ལག་ལེན་བསྟར། “བདེ་སྡོད་ལས་བརྩོན ”རྣམ་པ་གསར་པ་གཏོད།

        རང་ལྗོངས་ཀྱིས “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱེད་ཉེར་ཡོད་པ་དང “ལོ་ལྔ་ཚན་བཅུ་གཉིས་པའི ”འཕེལ་རྒྱས་ཀྱི་འཆར་གཞི་ཇུས་འགོད་ལེགས་པར་བྱེད་པའི་དུས་སྐབས་གལ་ཆེན་དེར་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་མུ་མཐུད་ལག་ལེན་ཤུགས་ཆེན་བསྟར་ནས་2011ལོ་ནས་བཟུང་ལོ་གསུམ་རིང་འབད་བརྩོན་བྱས་པ་བརྒྱུད “ལོ་ལྔ་ཚན་བཅུ་གཅིག་པའི ”ནང་ཚུད་མེད་པའི་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭའི་འཛུགས་སྐྲུན་འཆར་གཞིའི་ནང་གི་དེ་སྔོན་གྱི་སྡོད་ཁང་ཆ་རྐྱེན་བལྟོས་བཅས་ངང་ལེགས་ཙམ་ཡོད་པའི་30%དང་བདེ་སྡོད་ལས་གྲྭ་ལག་བསྟར་བྱས་ཚུན་གསར་སྣོན་བྱུང་བའི་དུད་ཚང་ཁྲི་6ཙམ་ཚུད་པའི་ཞིང་འབྲོག་པའི་དུད་ཚང་ཁྲི་18.5ཡི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་བྱ་རྒྱུའི་ལས་འགན་ལེགས་སྒྲུབ་བྱེད་དགོས་པའི་གཏན་འཁེལ་བྱས་པ་རེད།

        དེ་ནི་ཞིང་འབྲོག་མང་ཚོགས་དེ་བས་མང་བར་ཁེ་ཕན་ཐོབ་ལ་དོན་སྙིང་གཏིང་ཟབ་ལྡན་པའི “དམངས་སེམས་འདུ་འགོད ”ཅིག་ཡིན་ལ་ལྗོངས་དེ་ཡོངས་ཀྱི་ཞིང་འབྲོག་པ་རྣམས་སྔར་བས་བདེ་སྐྱིད་དང་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་ཐུབ་རྒྱུའི་འགན་ལེན་དང་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱ་རྒྱུ་འགན་ལེན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད།

        “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་ནས་བཟུང་རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་གནས་སྡོད་ཆ་རྐྱེན་ལེགས་སུ་ཏན་ཏིག་བཏང་ནས་ཀྲུང་དབྱང་གིས་བཏོན་པའི “ཐོན་སྐྱེད་གོང་འཕེལ་དང་། འཚོ་བ་འབྱོར་ཕྱུག ཡུལ་སྲོལ་བཟང་བ། གྲོང་ཚོ་བཀོད་གཙང་། དོ་དམ་དམངས་གཙོ ”བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་དང་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱ་ཕྱིར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་དོན་དངོས་གཞིར་བཟུང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག “བདེ་སྡོད་ལས་གྲྭ ”ཚད་བརྒལ་བྱེད་སར་བརྩི་བའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ཤུགས་ཆེན་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།

        2006ལོའི་ཟླ་1ཚེས་1ཉིན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་དེ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཞིང་པའི་ཁང་པ་བསྒྱུར་བཀོད་དང་། ཕྱུགས་རིགས་སྤོ་འཚོའི་འབྲོག་པའི་སྡོད་གནས་གཏན་འཁེལ། དུད་ཚང་དབུལ་པོ་བདེ་སྡོད་བཅས་གཙོ་གནད་དུ་འཛིན་པའི་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ལག་ལེན་བསྟར་ནས་ལོ་ལྔའི་དུས་ཚོད་ནང་ལྗོངས་དེ་ཡོངས་ཀྱི་སྡོད་ཁང་གི་ཆ་རྐྱེན་ཅུང་ཞན་པའི་ཞིང་འབྲོག་པ་80%བདེ་འཇགས་དང་གོ་ཆོད་པའི་སྡོད་ཁང་དུ་སྡོད་ཐུབ་པ་བྱ་རྒྱུ་དངོས་སུ་ཁས་ལེན་བྱས་པ་རེད། གཏན་འབེབས་དེར་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་སྙིང་དབུས་ནས་བརྩི་སྲུང་དང་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཅིང་། ལོ་ལྔ་འབད་བརྩོན་བྱས་པ་བརྒྱུད་རང་ལྗོངས་ཀྱིས་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གྲྭ་ལག་ལེན་བསྟར་བར་གྲུབ་འབྲས་ཆེན་པོ་ཐོབ་ནས་ལོ་གཅིག་གི་སྔ་སྣུར་དུ་ལྗོངས་དེ་ཡོངས་ཀྱི་སྡོད་ཁང་གི་ཆ་རྐྱེན་ཅུང་ཞན་པའི་ཞིང་འབྲོག་མང་ཚོགས་80%བདེ་འཇགས་དང་གོ་ཆོད་པའི་སྡོད་ཁང་དུ་སྡོད་ཐུབ་པ་བྱ་རྒྱུའི་ཁས་ལེན་དེ་མངོན་འགྱུར་བྱུང་བ་མ་ཟད། ལྗོངས་དེ་ཡོངས་ཀྱི་སྡོད་ཁང་གི་ཆ་རྐྱེན་ཅུང་ཞན་པའི་ཞིང་འབྲོག་དུད་ཚང་ཁྲི་27.48ཚང་མ་བདེ་འཇགས་དང་སྤྱོད་གོ་ཆོད་པའི་སྡོད་ཁང་དུ་སྡོད་རྒྱུ་བྱུང་བ་རེད། ད་ལོའི་ལོ་མཇུག་ཏུ་སླེབས་སྐབས་ལྗོངས་དེ་ཡོངས་ཀྱི་ཞིང་འབྲོག་པ་ཁྲི་140ལྷག་ཙམ་བདེ་འཇགས་དང་གོ་ཆོད་པའི་སྡོད་ཁང་གསར་པར་སྡོད་ཐུབ་རྒྱུ་ཡིན་པ་རེད།

        ཞིང་འབྲོག་པའི་བདེ་སྡོད་ལས་གྲྭའི་གྲུབ་འབྲས་ད་དུང་དེ་ཁོ་ན་མིན་ཞིང་། “དམངས་འཚོ་འདུ་འགོད ”དང “དམངས་སེམས་འདུ་འགོད ”བརྒྱུད་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་གནས་སྡོད་ཆ་རྐྱེན་དང་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་སོང་བའི་ཁར་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཕྱོགས་བསྡུས་ཆ་ལག་ཚང་བའི་འཛུགས་སྐྲུན་དང་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ཕྱོགས་བསྡུས་བྱེད་སྒོ་སྤེལ་ཡུལ་འཛུགས་སྐྲུན་ཐད་ཡར་རྒྱས་ཆེན་པོའང་བྱུང་ནས་ཞིང་འབྲོག་པའི་ཡོང་འབབ་ཆེས་ཆེར་འཕར་ཏེ་མི་རིགས་ཁག་གི་ཞིང་འབྲོག་མང་ཚོགས་ཤེས་དཔལ་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱུང་བ་དང་རྒྱ་ཆེའི་ཞིང་འབྲོག་པའི་བསམ་པའི་རྣམ་པ་དང་བསམ་པའི་འདུ་ཤེས་ལ་འགྱུར་ལྡོག་གསར་པ་བྱུང་བས་ཞིང་འབྲོག་ཁུལ་སྔར་བས་མཐུན་སྦྱོར་ལྡན་པ་དང་བརྟན་ལྷིང་དུ་གྱུར་ཡོད།

        དོན་དངོས་ཀྱི་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ལག་ལེན་ཤུགས་ཆེན་བསྟར་བའི་ཇུས་འགོད་གལ་ཆེན་དེ་ལྗོངས་ཀྱི་གནས་ཚུལ་དང་དམངས་འདོད་དང་མཐུན་པས་མཁས་མཛངས་ལྡན་པ་ཞིག་ཡིན་པ་ར་འཕྲོད་བྱུང་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རང་ལྗོངས་ཀྱི་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་དང་དེ་བཞིན་དེ་དང་འབྲེལ་བ་ཡོད་པའི་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ཕྱོགས་བསྡུས་བྱེད་སྒོ་སྤེལ་ཡུལ་དང་ཆུ་དང་། གློག ལམ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི “ཆ་ལག་ཚང་བ་དྲུག ”གི་ལས་གྲྭ་འཛུགས་སྐྲུན་ཐད་ཐོབ་པའི་དངོས་ཕན་ལ་ཁས་ལེན་གང་ལེགས་ཀྱང་གནང་ཡོད། “བདེ་སྡོད་ལས་གྲྭའི ”དངོས་ཕན་ཐོབ་པའི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་དེ་བས་བསྔགས་བརྗོད་བྱས་ནས “སྲིད་བཟང་འདུ་འགོད ”དེ་ལས་ཞིང་འབྲོག་མང་ཚོགས་དེ་བས་མང་བར་ཁེ་ཕན་ཐོབ་པ་དང་ཞིང་འབྲོག་ཁུལ་གྱི་རྣམ་པར་འགྱུར་ལྡོག་བཏང་ནས་ཞིང་འབྲོག་མང་ཚོགས་དེ་བས་མང་བ་ཞིག་སྔར་བས་བདེ་སྐྱིད་དང་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུའི་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད་པ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་མུ་མཐུད་ལག་བསྟར་ཤུགས་ཆེན་བྱ་རྒྱུའི་གཏན་འབེབས་བྱས་པ་དེ་ནི་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་རེ་སྒུག་ཟབ་མོ་བྱེད་པ་དང་བསྟུན་ཏེ་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་ཀྲུང་དབྱང་གི་སྤྱི་ཡོངས་བླང་བྱ་དང་འཚམ་པས་དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་འགག་རྩ་དང་། “ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་རྒྱུའི ”ལས་འགན་གལ་ཆེན་ཨང་དང་པོ་དེ་དོན་འཁྱོལ་བྱེད་པའི་བྱ་སྤྱོད་ཞིབ་ཕྲ། དམངས་སེམས་ཐོབ་པ་དང་དམངས་འདུན་དང་བསྟུན་པའི་དམངས་སེམས་འདུ་འགོད། མཐུན་སྦྱོར་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་རྩ་བའི་ཆ་རྐྱེན། ང་ཚོས་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་ཁྲོད་རང་འགུལ་སྟངས་འཛིན་བྱེད་པའི་རྨང་གཞི་བཅས་ཡིན་སྟབས་དོན་སྙིང་གཏིང་ཟབ་ལྡན་ཡོད།

        ལྗོངས་ཡོངས་ཀྱི་ས་ཁུལ (གྲོང་ཁྱེར )ཁག་དང་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་འགངས་ཆེན་དེའི་དོན་སྙིང་གཏིང་ཟབ་ངོས་འཛིན་གང་ལེགས་དང་། གོ་བ་གཏིང་ཟབ་ལོན་པ། ཁྱོན་ཡོངས་ནས་ཤེས་རྟོགས་བཅས་བྱས་ཏེ་ཉམས་མྱོང་སྔར་བས་ཕྱོགས་སྡོམ་དང་བྱེད་ཐབས་ཤུགས་ཆེར་བཏང་ནས་མཐོང་ཆེན་བྱེད་ཤུགས་ཆུང་དུ་མི་གཏོང་བ་དང་། སྤྱི་ཡོངས་བླང་བྱ་འགྱུར་ལྡོག་མི་གཏོང་བ། མ་དངུལ་རོགས་སྐྱོར་བྱེད་ཤུགས་ཆུང་དུ་མི་གཏོང་བ་བཅས་བྱེད་ཐུབ་པ་བྱས་ཐོག་བདེ་སྡོད་ལས་གྲྭ་རྒྱ་ཆེར་གཏོང་བའི་གཏན་འཁེལ་བྱས་པའི་དམིགས་ཚད་ཕུན་སུམ་ཚོགས་པོའི་ངང་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས།

        ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་མུ་མཐུད་ལག་བསྟར་བྱེད་པར “གཅིག་གྱུར་འཆར་འགོད་དང་། ཕྱོགས་ཡོངས་སྐུལ་འདེད་གཏོང་བ། རིགས་དབྱེའི་མཛུབ་ཁྲིད་བྱེད་པ། ཚན་རིག་དང་མཐུན་པའི་ཇུས་འགོད་བྱེད་པ། ཕྱོགས་བསྡུས་ལེ་ལག་ཚང་བ། ཁྱད་ཆོས་མངོན་པ ”བཅས་ཀྱི་སྤྱི་ཡོངས་བླང་བྱ་མཐའ་འཁྱོངས་བྱེད་དགོས། “སྒྱུར་བཀོད་འཚམ་པར་སྒྱུར་བཀོད་དང་། འཛུགས་སྐྲུན་འཚམ་པར་འཛུགས་སྐྲུན། ཉམས་བཟོ་འཚམ་པར་ཉམས་བཟོ། གནས་སྤོ་འཚམ་པར་གནས་སྤོ ”བཅས་བྱ་རྒྱུའི་རྩ་དོན་མཐའ་འཁྱོངས་བྱས་ནས་ཡུལ་བབ་དང་བསྟུན་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱས་ཏེ་དེང་སྐབས་ལ་གཞི་ཚུགས་པ་དང་། ཕུགས་ལ་དམིགས་པ། ཁྱོན་ཡོངས་ལ་བསམ་གཞིགས་བྱེད་པ་བཅས་བྱས་ནས་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱེད་པ་མ་ཟད། ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་ཡང་འཐུས་ཚང་དུ་བཏང་ཐོག་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་རིང་ཆུ་དང་། གློག ལམ། འཕྲིན་སྤེལ། རྫབ་རླངས། རླུང་འཕྲིན་དང་བཪྙན་འཕྲིན། སྦྲག་སྲིད། མཛེས་སྡུག་ལྡན་པའི་ཁོར་ཡུག་བཅས་ཁག་བརྒྱད་ཞིང་ཁྱིམ་དུ་ཁྱབ་པའི་འཛུགས་སྐྲུན་ལས་གྲྭར་གཅིག་གྱུར་འཆར་འགོད་བྱེད་དགོས། དུས་མཚུངས་རྨོ་ཞིང་གང་བྱུང་དུ་བཟུང་སྤྱོད་བྱེད་པའི་གནས་ཚུལ་བཀག་འགོག་བྱས་ནས་ཚབ་བྱེད་རྣམ་པའི་འཛུགས་སྐྲུན་ཡོ་བྱད་སྤྱོད་གང་ཐུབ་བྱས་ཏེ་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས། དངོས་ཕན་ལ་སྣང་ཆེན་བྱེད་པ་ལས་ཕྱི་ཚུལ་རིང་ལུགས་མི་བྱེད་པ་དང་། དམངས་འདུན་ལ་བརྩི་འཇོག་བྱེད་པ་ལས་བཙན་ཤེད་ངང་བཀའ་མི་གཏོང་བ། ཁྱད་ཆོས་མངོན་གསལ་དོད་པོ་བྱེད་པ་ལས་ཚང་མ་གཅིག་མཚུངས་མི་བྱེད་པ། རོགས་སྐྱོར་དང་སྣེ་ཁྲིད་བྱེད་པ་ལས་ཁེར་གཉེར་གཙང་སྒྲུབ་མི་བྱེད་པ་བཅས་ཐོག་མཐའ་བར་གསུམ་དུ་བྱེད་ཐུབ་པ་བྱེད་དགོས།

        ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་མུ་མཐུད་ལག་བསྟར་བྱེད་པར་ལས་གྲྭའི་སྤུས་ཚད་ཀྱི་འགག་སྒོ་དང་མ་དངུལ་དོ་དམ་བྱེད་པའི་འགག་སྒོ་དམ་སྲུང་བྱེད་དགོས། ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ནི་དམངས་སེམས་འདུ་འགོད་ཡིན་པས་སྤུས་ཚད་དེ་འགག་རྩ་ཡིན། ས་ཁུལ (གྲོང་ཁྱེར )ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་ལས་གྲྭའི་སྤུས་ཚད་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཨར་རྒྱག་ཞིབ་ཚགས་བྱེད་པ་དང་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་འོག་མྱུར་ཚད་མགྱོགས་སུ་བཏང་སྟེ་བདེ་སྡོད་ལས་གྲྭས་དུས་ཚོད་ཀྱི་ཞིབ་བཤེར་དང་། ལོ་རྒྱུས་ཀྱི་ཞིབ་བཤེར། མང་ཚོགས་ཀྱི་ཞིབ་བཤེར་བཅས་ཐེག་ཐུབ་པ་དང་བདེ་འཇགས་སྤྱོད་གོ་ཆོད་པ་ཞིག་ཡོང་རྒྱུ་འགན་ལེན་བྱེད་དགོས། དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྷག་པར་དུ་མ་དངུལ་དོ་དམ་ཐད་ཤུགས་སྣོན་བརྒྱབ་ནས་བདེ་སྡོད་ལས་གྲྭའི་མ་དངུལ་དེ་ཆེད་དངུལ་ཆེད་སྤྱོད་ཐུབ་པ་བྱས་ཐོག་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དེ་བས་མང་བ་དང་དེ་བས་ཐད་ཀའི་ངང་ཞིང་འབྲོག་པས་ཚོར་ཐུབ་པ་བྱེད་དགོས། དུས་མཚུངས “བདེ་སྡོད ”དེ “ལས་བརྩོན ”དང་མངོན་གསལ་དོད་པོའི་ངང་ཟུང་འབྲེལ་བྱེད་པ་དང་ཁང་པ་བསྐྲུན་རྒྱུ་དེ་སྒོ་ར་དང་གྲོང་ཚོའི་རྣམ་པ་བཅོས་སྒྲིག་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ཕན་ཚུན་སྐུལ་འདེད་དང་ཕན་ཚུན་སྤེལ་རེས་ཐུབ་པ་བྱས་ནས་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་དུས་མཚུངས་ཞིང་འབྲོག་པར་རྒྱུན་བསྲིང་དང་བརྟན་པོའི་ངང་འབབ་འཕར་ཡོང་བ་བྱས་ཐོག་ཞིང་འབྲོག་ཁུལ་གྱི་རྣམ་པ་ཧྲིལ་པོ་འགྱུར་ལྡོག་འགྲོ་བར་སྐུལ་འདེད་གཏོང་དགོས།

        དེང་སྐབས་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་མུ་མཐུད་ལག་བསྟར་ཤུགས་ཆེན་བྱེད་པའི་སྲིད་དོན་ཆེན་པོའི་བྱེད་ཕྱོགས་དང་དམིགས་ཚད་ལས་འགན་དེ་གཏན་འཁེལ་བྱས་ཟིན་པས་འགག་རྩ་ནི་དོན་འཁྱོལ་དམ་འཛིན་བྱ་རྒྱུར་རག་ལུས་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱིས་ངེས་པར་དུ་བསམ་བློ་དེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་དང་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས་ཆབ་སྲིད་ལ་སྣང་ཆེན་དང་ཁྱོན་ཡོངས་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ཐོག་ལངས་ཏེ་འགོ་ཁྲིད་ལ་ཤུགས་སྣོན་དང་། འགན་འཁྲི་ཁ་གསལ། དོན་འཁྱོལ་དམ་འཛིན་བཅས་བྱེད་དགོས། ས་ཁུལ (གྲོང་ཁྱེར )ཁག་དང་སྡེ་ཚན་ཁག་གིས་ཕྱར་བ་གྲུ་འདེགས་བྱས་ཏེ་ཕན་ཚུན་གཞོགས་འདེགས་དང་སྒྲིལ་ཤུགས་ཆགས་པ་བྱེད་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་འགན་འཁྲི་ཁག་བགོས་བྱས་ནས་ཧུར་བརྩོན་དང་རང་འགུལ། འགན་འཁྲི་ནན་ཏན་འཁུར་བའི་ངང་ལས་ཀ་ཡག་པོ་བྱེད་དགོས་པ། ས་ཁུལ (གྲོང་ཁྱེར )ཁག་གི་འགོ་ཁྲིད་གཙོ་བོས་དམ་འཛིན་དང་སྤྱི་འགན་འཁུར་བ་དང་ཁག་བགོས་དོ་དམ་བྱེད་མཁན་འགོ་ཁྲིད་ཀྱིས་འགན་ཞིབ་ཕྲ་འཁུར་དགོས་པ་བཅས་རེད། ས་ཁུལ (གྲོང་ཁྱེར )ཁག་དང་། རྫོང་དང་ཆུས་ཁག ཤང་གྲོང་ཁག འབྲེལ་ཡོད་སྡེ་ཚན་བཅས་ཀྱིས་འགན་འཁྲི་གསལ་བཟོ་དང་། ལས་འགན་ཞིབ་ཕྲ། དོན་འཁྱོལ་དམ་འཛིན་བཅས་བྱས་ནས་བདེ་སྡོད་ལས་གྲྭའི་གཏན་འཁེལ་ཟིན་པའི་དམིགས་ཚད་ཕུན་སུམ་ཚོགས་པོའི་ངང་མངོན་འགྱུར་བྱས་ཐོག་བོད་ཀྱི་མི་རིགས་ཁག་གི་ཞིང་འབྲོག་པ་དེ་བས་ཤེས་དཔལ་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།