དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དབྱིན་ཡིག་བྲིན་ཚོང་བྱེད་མཁན་ཏཱ་ལས་བོད་ཀྱི“སྐད་ཡིག་གཉིས་ཀྱི་སློབ་གསོར”ངོ་རྒོལ་བྱེད་དགོས་དོན་གང་ཡིན་ནམ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        རི་པིན་གྱི་ཐུན་མོང་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་རི་པིན་དུ་འཁྱམས་མྱུལ་བྱེད་རིང་གི་གཏམ་བཤད་ཅིག་ནང་སླར་ཡང་རི་པིན་གྱི་ན་གཞོན་ཚོར “ཕྱི་རྒྱལ་དུ་ནུས་པ་འདོན་སྤེལ་བྱེད་ཕྱིར་དབྱིན་ཡིག་མང་ཙམ་སློབ་སྦྱོང་བྱེད་དགོས ”ཞེས་ཁ་ཏ་བྱས་ཡོད།   

        ཏཱ་ལས་རི་པིན་བར་དབྱིན་ཡིག་སློབ་སྦྱོང་བྱེད་དགོས་ཞེས་ཁ་ཏ་བྱས་པ་དེ་ནི་ཐེངས་དང་པོ་ཞིག་མིན། འདི་ལོའི་ཟླ་6པར་ཁོ་པ་རི་པིན་དུ་འཁྱམས་མྱུལ་བྱེད་སྐབས་རི་པིན་གྱི་གྱོན་ཆས་ཀུང་སི་ག་གེ་མོ་ཞིག་གིས་ལས་མི་ཡོངས་ལ་དབྱིན་ཡིག་སློབ་སྦྱོང་བྱེད་དུ་བཅུག་པའི་བྱེད་སྟངས་དེར་བསྔགས་བརྗོད་ཤུགས་ཆེན་བྱས་པ་དང་འབྲེལ་མྱོང་བ་ཡོད་པའི་མི་ཞིག་གི་སྐད་ཆ་ཤོད་སྟངས་ཐོག་ནས “ཁྱེད་ཀྱིས་དགའ་པོ་བྱེད་དང་མ་བྱེད་མ་ཡིན་པར་དབྱིན་ཡིག་ནི་རྒྱལ་སྤྱིའི་སྐད་ཡིག་ཅིག་ཡིན་པ་དང་། དབྱིན་ཡིག་སློབ་སྦྱོང་བྱས་ཏེ་འཛམ་གླིང་ཐོག་བསྐྱོད་རྒྱུ་ནི་གལ་ཧ་ཅང་ཆེན་པོ་ཞིག་རེད། ད་གཟོད་ཁྱེད་ཀྱིས་ངེས་པར་དུ་བློ་གྲོས་ལྡན་པའི་སྒོ་ནས་ཕྱི་རོལ་འཇིག་རྟེན་དེར་ཞུགས་དགོས ”ཞེས་བརྗོད་ཡོད། ཁོ་པས་མངོན་སུམ་འཛེམས་མེད་ངང་དབྱིན་ཡིག་བྲིན་ཚོང་དེ་ལྟར་བྱས་པར་ཐ་ན་རི་པིན་སྨྱན་སྦྱོར་གྱི་འཕྱ་སྨོད་ཕོག་པ་སྟེ་ཁོ་པ་ནི་ཡུན་རིང་ཧིན་རྡུར་འཚོ་བ་བསྐྱལ་ཏེ་དབྱིན་ཡིག་ཕྲན་བུ་ཤེས་པའི་དབང་གིས་ད་གཟོད་དབྱིན་ཡིག་སློབ་སྦྱོང་བྱས་པའི་ཕན་པ་རི་པིན་དུ་འུད་ཤོབ་ཤོད་ཀྱི་ཡོད་པའི་ངོས་འཛིན་བྱས་ཡོད།

        དུས་ཡུན་རིང་པོའི་ནང་འཛམ་གླིང་ཐོག་མགོ་སྐོར་གཏོང་ཆེད་ཏཱ་ལས་ཁ་ཞེ་མི་མཐུན་པར “བདེན་པའི་ཆོ་མེད་ཀྱི་གཏམ ”ཤོད་ཀྱི་ཡོད་པ་སྟེ་དཔེར་ན། ད་རེས་རི་པིན་དུ་འཁྱམས་མྱུལ་བྱེད་སྐབས་དང་ཐོག་གཏམ་བཤད་ཀྱི་འགོ་བརྗོད་དུ “ཡུན་གཏན་གྱི་འཛམ་གླིང་ཞི་བདེ་མངོན་འགྱུར་ཡོང་བ་བྱེད་དགོས ”ཟེར་བ་གཏམ་བཤད་བྱས། ཁོ་པས “དམག་འཁྲུག་དང་འཇིགས་སྐུལ་གྱི་འཇབ་རྒོལ་ཐོན་དོན་ནི་མི་གཞན་ལ་བསམ་ཤེས་བྱེད་པའི་བསམ་པ་མི་འདང་བས་ཡིན་པས ”“ངེས་པར་དུ་མི་ཚང་མའི་སེམས་པ་རྣལ་ལ་ཕབ་ཐུབ་པ་དང་བྱམས་སྙིང་རྗེས་ཁེངས་པའི་སྤྱི་ཚོགས་ཤིག་བསྐྲུན་དགོས་པའི ”ངོས་འཛིན་བྱས་ཡོད། སྐད་ཆ་དེ་རིགས་ནོར་བ་ཞིག་མིན། ཏཱ་ལས་སེམས་བཟང་མདོག་གི་སྐད་ཆ་དེ་ཚོར་བརྟེན་ནས་ཀྲུང་གོར་ངོ་རྒོལ་བྱེད་མཁན་རྒྱལ་སྤྱིའི་དགྲ་ཡའི་ཕྱོགས་གཏོགས་ཀྱི་རྒྱབ་སྐྱོར་འོག་རྒྱལ་སྤྱིའི་སྤྱི་ཚོགས་ལ་མགོ་སྐོར་གཏོང་གི་ཡོད། ད་རེས་ཁོ་པས་བཤད་པའི “འཛམ་གླིང་ཐོག་བསྐྱོད་པར ”དབྱིན་ཡིག་སློབ་སྦྱོང་བྱེད་དགོས་ཟེར་བ་དེར་གནས་ལུགས་ཕྲན་བུ་མེད་པ་ཞིག་མིན་མོད། འོན་ཀྱང་སྐད་ཆ་དེ་རིགས་ཀྲུང་གོ་སྲིད་གཞུང་གིས་བོད་ལ “སྐད་ཡིག་གཉིས་ཀྱི་སློབ་གསོ ”ལག་བསྟར་བྱས་པ་དེ་ནི “བོད་ཀྱི་རིག་གནས་རྩ་མེད་གཏོང་བ ”ཞིག་རེད་ཅེས་ཐོག་མཐའ་བར་གསུམ་དུ་ཚིག་མཚོན་འདེབས་མཁན་ཏཱ་ལའི་ཁ་ནས་བཤད་པ་དེར་མི་རྣམས་ཧང་སངས་ཡོད།

        མ་གཞི་བྱས་ན་སྐད་ཡིག་ནི་སྤེལ་རེས་ཀྱི་ལག་ཆ་ཞིག་རེད། དེ་སྔ་འགྲིམ་འགྲུལ་སྟབས་མི་བདེ་བ་དང་། ཆ་འཕྲིན་གསང་པོ་མེད་པ། མི་རིགས་ཁག་དབར་སྤེལ་རེས་བྱ་རྒྱུ་བལྟོས་བཅས་ཀྱིས་ཅུང་ཉུང་བ་བཅས་ཀྱི་གནས་ཚུལ་འོག་མི་མང་ཆེ་བས་རང་མི་རིགས་ཀྱི་སྐད་ཡིག་ལས་མ་ཤེས་ནའང་འཚོ་གནས་དང་འཚོ་བ་སྐྱེལ་ཐུབ། འོན་ཀྱང་དཔལ་འབྱོར་གོ་ལ་ཅན་དང་ཆ་འཕྲིན་གྱི་ཀློང་བརྡོལ་བ་དང་དེ་བཞིན་འཛམ་གླིང་ཐོག་གི་རྒྱལ་ཁབ་མི་འདྲ་བ་དང་མི་རིགས་ཁག་དབར་སྤེལ་རེས་རྟག་པོ་བྱེད་པའི་དུས་རབས་སུ་མི་རིགས་དེ་གའི་སྐད་ཡིག་ལས་མ་ཤེས་ཚེ་རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་མི་རྣམས་དང་ཆ་འཕྲིན་སྤེལ་རེས་ཡག་པོ་དང་འགྲོ་འོང་བྱེད་བདེ་ཞིག་ཡོང་ཐུབ་ཀྱི་མེད། ལྷག་པར་དུ་རྒྱལ་ཁབ་མི་འདྲ་བ་དང་མི་རིགས་མི་འདྲ་བའི་སྔོན་ཐོན་ཚན་རིག་དང་རིག་གནས་ཤེས་བྱ་དང་འཕེལ་རྒྱས་ཀྱི་འདུ་ཤེས་བསྡུ་ལེན་བྱེད་པར་རང་སྐད་ཁོ་ན་ལས་མ་ཤེས་ཚེ་ཡོང་ཐབས་བྲལ། རྒྱལ་སྤྱིའི་ཐོག་ཀུན་སྤྱོད་ཀྱི་སྐད་ཡིག་མ་ཤེས་ན་མི་འགྲིག་ལ་རྒྱལ་ཁབ་ཀྱི་ཀུན་སྤྱོད་ཀྱི་སྐད་ཡིག་མ་ཤེས་ན་དེ་བས་མི་འགྲིག

        དེར་བརྟེན་འཛམ་གླིང་ཐོག་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་རྒྱལ་ཁབ་ཅིག་ཡིན་ཚེ་ཚང་མས “སྐད་ཡིག་གཉིས་ཀྱི་སློབ་གསོ ”སྤེལ་རྒྱུར་སྐུལ་མ་གཏོང་གི་ཡོད། དེ་ནི་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དབྱིན་ཡིག་དང་། ཧྥ་རན་སེའི་ཡི་གེ རི་པིན་གྱི་ཡི་གེ་སོགས་སྐད་ཡིག་སློབ་སྦྱོང་བྱ་རྒྱུ་དར་སྤེལ་ཤུགས་ཆེན་གཏོང་བ་ལྟར་ཡིན། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་རྣམ་འགྱུར་དེ་འདྲ་ཞིག་ཡོད་པའི་དབང་གིས་ལོ་ངོ་30ཡི་ནང་ཀྲུང་གོར་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་བྱུང་ནས་ད་ཆ་རྒྱལ་ཁབ་མང་པོ་ཞིག་ཏུ “རྒྱ་ཡིག་སློབ་སྦྱོང་བྱེད་པའི་ཚ་རླབས ”འཕྱུར་ཏེ་ཕྱི་རྒྱལ་བ་མང་པོ་ཞིག་གིས་རྒྱ་ཡིག་སློབ་སྦྱོང་བྱེད་པར་བརྟེན་ནས་ཀྲུང་གོ་ཤེས་རྟོགས་བྱེད་པ་དང་། ཀྲུང་གོ་དང་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བ། ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་སློབ་སྦྱོང་བཅས་བྱེད་ཀྱི་ཡོད།

        གོང་གསལ་གནས་ལུགས་ལྟར་མི་རིགས་མང་བའི་རྒྱལ་ཁབ་ཏུ་གྲངས་ཉུང་མི་རིགས་ཀྱི་ཁོངས་མི་ཞིག་ཡིན་པའི་ངོས་ནས་རྒྱལ་ཁབ་ཀྱི་ཀུན་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་རྒྱུ་དེ་ནི་སྐད་ཡིག་གི་བཀག་རྒྱ་མེད་པ་བཟོ་བ་དང་། སྤྱི་ཚོགས་ཀྱི་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་སྦྱོང་དང་ལས་ཀའི་གོ་སྐབས་སྔར་ལས་མང་བ་ཐོབ་པ་བྱེད་པ་བཅས་ཀྱི་རྨང་གཞི་གལ་ཆེན་ཞིག་ཡིན། རང་རྒྱལ་དུ་གྲངས་ཉུང་མི་རིགས་ལ་རང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་དབང་ཆ་ཡོད་པ་དེ་ནི་མི་རིགས་འདྲ་མཉམ་གྱི་སྲིད་ཇུས་ལག་བསྟར་བྱས་པའི་མཚོན་ཚུལ་ཞིག་ཡིན། དེ་དང་ཆབས་ཅིག་གྲངས་ཉུང་མི་རིགས་ལའང་རྒྱལ་ཁབ་ཀྱི་ཀུན་སྤྱོད་སྐད་ཡིག་སྟེ་རྒྱ་ཡིག་སློབ་སྦྱོང་བྱེད་པའི་འོས་འགན་ཡང་ཡོད། གྲངས་ཉུང་མི་རིགས་ཀྱི་མཁས་དབང་མང་པོ་ཞིག་གིས་རང་རྒྱལ་དུ་རྒྱ་རིགས་ཀྱིས་གཙོ་བོར་བྱེད་པའི་མི་རིགས་མང་བའི་འབྲེལ་བའི་ནང་རྒྱ་རིགས་ཀྱི་མི་འབོར་མང་བ་མ་ཟད་དེ་དག་འདུས་སྡོད་བྱ་ཡུལ་དབུས་ཤར་ཁུལ་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་བལྟོས་བཅས་ཀྱིས་དར་རྒྱས་ཆེན་པོ་ཡོད་པའི་ཁར་རྒྱལ་ནང་གི་ཚན་རྩལ་འཕེལ་རྒྱས་ཀྱི་མདུན་གྲལ་དུ་གནས་ཡོད་པར་བརྟེན་རྒྱ་ཡིག་དེ་ཡང་གྲངས་ཉུང་མི་རིགས་ཁག་གིས་ཚན་རིག་དང་རིག་གནས་ཤེས་བྱ་སློབ་སྦྱོང་བྱེད་པའི་ཐུན་མོང་གི་ལག་ཆ་ཞིག་ཏུ་རང་ཤུགས་ཀྱིས་གྱུར་ཡོད་ལ་གྲངས་ཉུང་མི་རིགས་ཁག་གིས་མི་རིགས་ཁག་དབར་སྤེལ་རེས་བྱེད་པའི་སྐད་ཡིག་ཅིག་ཏུ་ཡང་དངོས་སུ་གྱུར་ཡོད། དེར་བརྟེན་གྲངས་ཉུང་མི་རིགས་ཁག་གིས་རྒྱ་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་རྒྱུ་དེ་རང་ཉིད་ཀྱི་དོར་ཐབས་བྲལ་བའི་ཐུན་མོང་གི་ལས་འགན་ཞིག་ལ་བརྩི་དགོས། དེ་ནི་ལོ་རྒྱུས་ཀྱི་གདམ་ག་ཞིག་ཡིན་ལ་གྲངས་ཉུང་མི་རིགས་ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱི་རོལ་ཡུལ་གྱི་དགོས་མཁོ་ཞིག་ཀྱང་རེད། སླར་ཡང་གསལ་བཤད་བྱེད་དགོས་པ་ཞིག་ལ་མི་རིགས་ས་ཁུལ་དུ་ལས་ཀ་དང་འཚོ་བ་སྐྱེལ་ཆེད་རྒྱ་རིགས་བློ་མཐུན་མང་པོ་ཞིག་གམ་ཡང་ན་ས་གནས་དེ་གའི་མི་རིགས་གཙོ་བོ་མིན་པའི་གྲངས་ཉུང་མི་རིགས་གཞན་དག་གི་བློ་མཐུན་ཚོས་ཀྱང་ས་གནས་དེ་གའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་བྱས་དང་བྱེད་མུས་ཡིན། དེའི་ཁྲོད་སྐབས་དེ་དུས་ཞི་བའི་ངང་བོད་དུ་དཔུང་སྐྱོད་བྱེད་མཁན་དམག་སྡེ་18པའི་དཔོན་དམག་ཚུད་ཡོད་ལ་ད་དུང་ཉེ་དུས་ཀྱི་བོད་སྐྱོར་ལས་བྱེད་པ་ཁག་དྲུག་པའི་རྫོང་ཨུད་ཀྱི་ཧྲུའུ་ཅི་ཡང་ཚུད་ཡོད།

        བོད་ལྗོངས་ཁུལ་གྱི་ངོས་ནས་བརྗོད་ན། ཕྱོགས་གཅིག་ནས་བོད་སྐད་ཡིག་རྒྱ་ཁྱབ་ངང་བེད་སྤྱོད་བྱེད་ཐུབ་པ་བྱུང་ཡོད་ལ་བོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུར་བཅའ་ཁྲིམས་ཀྱི་འགན་ལེན་ཐོབ་ཡོད། ཕྱོགས་གཞན་ཞིག་ནས་བོད་དང་མེས་རྒྱལ་ནང་སའི་དབར་གྱི་སྤེལ་རེས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བོད་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་བོད་སྐད་ཡིག་གིས་སློབ་ཚན་འཁྲིད་རྒྱུ་གཙོ་བོར་བྱེད་པའི “སྐད་ཡིག་གཉིས་ཀྱི་སློབ་གསོའི ”མ་ལག་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་མ་ཟད་གྲུབ་འབྲས་ཀྱངཧ་ཅང་ཆེན་པོ་ཐོབ་ཡོད་པ་སྟེ། བོད་སྐད་ཡིག་དེ་བོད་ཀྱི་སློབ་གྲྭ་ཡོད་ཚད་ལ་སྔར་བྱུང་མ་མྱོང་བའི་ཁྱབ་གདལ་བྱུང་ཡོད་ལ་རྒྱ་ཆེའི་བོད་རིགས་སློབ་མ་ཚོས་རྒྱ་རིགས་ཚུད་པའི་རྒྱལ་ནང་གི་མི་རིགས་གཞན་དག་དང་སྤེལ་རེས་འགྲོ་འོང་བྱེད་པའི་སྐད་ཡིག་གི་ལག་ཆ་ཡང་ཁོང་དུ་ཆུད་ཐུབ་པ་བྱུང་ཡོད། བྱེད་སྟངས་དེས་རྒྱལ་ནང་གི་མི་རིགས་གཞན་དག་ལ་མི་རིགས་སློབ་གསོ་འཕེལ་རྒྱས་གཏོང་རྒྱུར་གྲུབ་འབྲས་ཐོབ་པའི་དཔེ་གཞི་མཁོ་འདོན་བྱས་པ་དང་སྦྲགས་རྒྱལ་སྤྱིའི་ཐོག་གི་དཔྱོད་ལྡན་པ་རྣམས་ཀྱི་བསྔགས་བརྗོད་དང་ཁས་ལེན་ཐོབ་ནས “སྐད་ཡིག་གཉིས་ཀྱི་སློབ་གསོས ”དོན་དངོས་ཐོག་བོད་ཀྱི་རིག་གནས་འཕེལ་རྒྱས་ལ་སྐུལ་མ་བཏང་ཡོད་པའི་ངོས་འཛིན་གནང་ཡོད། འོན་ཀྱང་དེ་དག་ཐམས་ཅད “རི་པིན་བར་དབྱིན་ཡིག་སློབ་སྦྱོང་བྱེད་དགོས ”ཞེས་ཁ་ཏ་བྱེད་མཁན་ཏཱ་ལས་མཐོང་སྐབས་རང་ཉིད “སེམས་རྣལ་དུ་ཕབ་མི་ཐུབ་པར ”གྱུར་ཡོད། ཁོ་པས་དོན་དངོས་ལ་མ་བལྟོས་པར་ཀྲུང་གོ་སྲིད་གཞུང་གིས་བོད་དུ “རིག་གནས་རྩ་མེད་གཏོང་གི་འདུག ”ཅེས་དམའ་འབེབས་གཏོང་སྐབས་དྲངས་པའི་དཔང་རྟགས་ཀྱི་གྲས་ཤིག་ནི་བོད་རིགས་ཀྱི་རིག་གནས་མེད་པར་འགྱུར་འགྲོ་བ་མ་ཟད་ཐ་ན “བོད་ཡིག་གི་གནས་བབ་ལ་འཇིགས་སྐུལ་ཕོག་ཡོད་པ ”སྟེ “སྐད་རིགས་གཉིས་ཀྱི་སློབ་གསོ ”སྤེལ་བ་དེས་བོད་རིགས་ཀྱི་རྒྱུན་གཏན་འཚོ་བའི་ཁྲོད་དུ་བོད་ཡིག་གིས་བཟུང་བའི་གནས་བབ་ཀྱི་ཚབ་དེ་རྒྱ་ཡིག་གིས་བྱས་ཡོད་ཟེར་བ་སོགས་ཡིན། དེས་མ་ཚད་གོང་གི་ཤོད་སྟངས་ལ་བརྟེན་ནས་རྒྱལ་སྤྱིའི་དགྲ་ཡའི་ཕྱོགས་གཏོགས་ཀྱི་རྒྱབ་སྐྱོར་འོག་ཀྲུང་གོར་ངོ་རྒོལ་བྱེད་པའི་གླེང་ཕྱོགས་རྒྱུན་ཆད་མེད་པར་བཟོས་ཡོད།

        འོན་ཀྱང་ཟུར་ཟའི་དོན་སྙིང་ལྡན་པ་ཞིག་ནི་ཧིན་རྡུར་ཡོད་པའི་ཏཱ་ལའི “བོད་ཡུལ་གྱར་སྲིད་གཞུང ”ཟེར་བས་གཉེར་བའི་སློབ་གྲྭར་ལག་བསྟར་བྱེད་པ་ནི “སྐད་རིགས་གཉིས་ཀྱི་སློབ་གསོ ”ཡིན་པ་སྟེ། བོད་ཡིག་སློབ་སྦྱོང་བྱེད་པ་དང་སྦྲགས་དབྱིན་ཡིག་ཀྱང་སློབ་སྦྱོང་བྱེད་དགོས་པ་དང་། དེར “སློབ་མ་ཚོས་འབྱུང་འགྱུར་ཧིན་རྡུ་དང་། ཡོ་རོབ། ཨ་རིའི་མཐོ་རིམ་སློབ་གྲྭར་མིང་འགོད་རྒྱུགས་སྤྲོད་བྱ་ཆེད་གྲ་སྒྲིག་བྱས་པ་ཞིག་ཡིན ”ཞེས་མིང་སྙན་པོ་ཞིག་བཏགས་ཡོད། དེས་མ་ཚད “རང་བཙན་བརྩོན་ལེན་བྱེད་ཀྱི་མེད ”ཅེས་ཤོད་མཁན་དང་རང་ཉིད་ནི་ཀྲུང་གོ་བ་ཞིག་ཡིན་པ་ཁས་ལེན་དགོས་ངེས་ཀྱི་ཏཱ་ལས་འཛམ་གླིང་ཐོག “རྒྱ་ཡིག་སློབ་སྦྱོང་བྱེད་པའི་ཚ་རླབས ”ཤིག་འཕྱུར་བའི་དེ་རིང་ཁོ་པའི་སློབ་གྲྭའི་ནང་རྒྱ་ཡིག་སློབ་ཁྲིད་བྱེད་དུ་བཅུག་གི་མེད།

        ཏཱ་ལས “ཡིད་རྣལ་དུ་ཕབ་པའི ”སྒོ་ནས་རི་པིན་བར་དབྱིན་ཡིག་སློབ་སྦྱོང་བྱེད་དགོས་ཞེས་བརྗོད་ཐུབ་པ་དང “ཡིད་རྣལ་དུ་ཕབ་ནས ”ཁོ་པའི “བོད་ཡུལ་གྱར་སྲིད་གཞུང ”ཟེར་བས་བོད་རིགས་ཕྲུ་གུའི་སློབ་གྲྭའི་ནང་དབྱིན་ཡིག་སློབ་ཁྲིད་བྱེད་དུ་བཅུག་ཐུབ་རུང་། “ཡིད་རྣལ་དུ་ཕབ་ནས ”བོད་ལྗོངས་གསར་པའི “སྐད་ཡིག་གཉིས་ཀྱི་སློབ་གསོར ”དངོས་ཡོད་དང་ལུགས་མཐུན་གྱི་ལྟ་སྟངས་ཡང་དག་ཅིག་འཛིན་མི་ཐུབ་དོན་གང་ཡིན་ནམ། རྩ་བའི་རྒྱུ་རྐྱེན་ནི་ཁོ་པས་ཀྲུང་གོར་ངོ་རྒོལ་བྱེད་མཁན་རྒྱལ་སྤྱིའི་དགྲ་ཡའི་ཕྱོགས་གཏོགས་ཀྱི་རྒྱབ་སྐྱོར་འོག་ཀྲུང་གོ་སྲིད་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་ལ་མཚན་ཤས་བཟོས་ཏེ་བོད་ཟང་ཟིང་བཟོས་ནས་ཟིང་ཆ་དང་བསྟུན་ཏེ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་འགོ་གཙོ་སླར་ཡང་བྱ་རྒྱུའི་ཁོ་པའི་རྨི་ལམ་དེ་བསྒྲུབ་ཐུབ་མིན་དེར་སེམས་ཁུར་ཁོ་ན་བྱས་པས་ཡིན། དེར་བརྟེན་བོད་ཀྱི་བྱ་བ་དང་འབྲེལ་བ་ཡོད་ཚེ་ཏཱ་ལའི་གདོང་རིས་གྱུར་ཏེ་སྨྱོ་ཧམ་ཚད་མེད་དང་གནས་ལུགས་ཤོད་ཐབས་བྲལ་བ་ཞིག་ཏུ་གྱུར་ནས “མི་གཞན་ལ་བསམ་ཤེས་བྱེད་པའི་སེམས་པ ”ལྡན་རྒྱུ་ཕར་བཞག་དེ་ལས་ལྡོག་སྟེ་ངན་སེམས་མཁྲེགས་འཛིན་གྱིས་བོད་ལྗོངས་ཟང་ཟིང་བྱུང་ན་ཅི་མ་རུང་སྙམ་གྱི་ཡོད། ཁོ་པས་རི་པིན་བ “འཛམ་གླིང་ཕྱོགས་སུ་སྐྱོད་ཐུབ་མིན་ལ ”སེམས་ཁུར་བྱེད་པ་ལས་སྐད་ཡིག་སློབ་སྦྱོང་བྱེད་དགོས་པའི་ཕྱི་རོལ་ཡུལ་གྱི་དགོས་མཁོ་ཚུད་པའི་བོད་མི་དམངས་ཀྱི་བདེ་རྩར་སེམས་ཁུར་རྩ་བ་ནས་བྱེད་ཀྱི་མེད། ཁོ་པའི་སེམས་ནང་བོད་མི་དམངས་ཚོ་ཕ་སྐད་ལས་མི་ཤེས་པར་ས་མཐོའི་ཟུར་ཞིག་ལ་ཕྱི་ཕྱོགས་སུ་འབྲེལ་བ་མེད་པའི་ངང་འཇོག་རྒྱུ་སྟེ་ཡག་ཤོས་བྱུང་ན་ལོ་ངོ་60སྔོན་གྱི་རྣམ་པ་ལྟར་ཡོང་བ་བྱས་ནས་ཁོ་པས་སླར་ཡང་ཕྱིར་ལོག་གིས་བཙན་པོ་དབང་ཡོད་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད།

        “ཆུ་ངོགས་གཡས་གཡོན་སྤྲེལ་སྐད་ལྷང་ལྷང་སྒྲོག གྲུ་ཆུང་རི་ཚོགས་གསེབ་ནས་མྱུར་དུ་བགྲོད ”ཟེར་བ་ལྟར་དཔལ་འབྱོར་གོ་ལ་ཅན་གྱི་རྦ་རླབས་ལང་ལོང་འཕྱུར་བ་དང་། དྲ་སྦྲེལ། སྒུལ་བདེའི་འཕྲིན་གཏོང་སོགས་ཀྱི་དབང་གིས་འཛམ་གླིང་དེ་ཉིད “སའི་གོ་ལའི་གྲོང་ཚོར ”གྱུར་པ་དང་ལྷག་པར་དུ་སྒོ་དབྱེའི་ཀྲུང་གོ་འཛམ་གླིང་དང་ཡོངས་སུ་འདྲེས་པའི་ད་ཆ་ཏཱ་ལའི་སྐད་ཅོར་ཁ་ཤས་ཀྱིས་བོད་རིགས་སྤུན་ཟླ་ཚུད་པའི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་གྲངས་ཉུང་མི་རིགས་ཁག་གིས་རྒྱལ་ཁབ་ཀྱི་ཀུན་སྤྱོད་སྐད་ཡིག་དང་ཐ་ན་རྒྱལ་སྤྱིའི་ཀུན་སྤྱོད་སྐད་ཡིག་སློབ་སྦྱོང་བྱས་ཏེ་མི་རིགས་དེ་གའི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་རྒྱུའི་དོན་གཉེར་དེ་འགོག་མི་ཐུབ་པ་དང་། ཏཱ་ལའི་ཁུངས་ལུང་མེད་པའི་སྐད་ཆར་ཡང་འཛམ་གླིང་ཐོག་གི་དཔྱོད་ལྡན་པ་ཚོས་ཟུར་ཟ་བྱེད་པ་དང་དེ་མཆིལ་མ་ལྟར་འདོར་གྱི་ཡོད། མི་རྣམས་དུས་ཀྱི་རླབས་རྒྱུན་གྱིས་དེད་པས་ཐ་ན་ཏཱ་ལ་རང་ཉིད་ཀྱིས་ཀྱང་རི་པིན་དུ་བསྐྱོད་དེ་དབྱིན་ཡིག་བྲིན་ཚོང་བྱེད། དེ་ཐོག་ནས་ཁ་ཞེ་མི་མཐུན་པའི “བོད་ཀྱི་རིག་གནས་སྲུང་སྐྱོང་པ ”ཟེར་བའི་གདོང་རིས་ངོ་མ་དམར་རྗེན་དུ་ཐོན་པ་དང་གཡོ་སྒྱུ་ཅན་གྱི “ཞི་བདེའི་ཕོ་ཉ ”ཟེར་བ་དེའི་སྐྱུག་བྲོ་བའི་གདོང་རིས་དམར་རྗེན་དུ་ཐོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།