དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གཙོ་གནད་དེ་བརྟན་ལྷིང་ལ་སྐུལ་མ་གཏོང་བའི་ཐད་བཞག་ནས་ཡུན་རིང་བདེ་འཁོད་ཡོང་རྒྱུའི་འགན་ལེན་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ལྷན་ཚང་འཛོམས་ཚོགས་འདུ་ཐེངས་བདུན་པའི་ཐོག་སྤྱི་ཚོགས་བརྟན་ལྷིང་ལ་སྐུལ་མ་ཤུགས་ཆེན་བཏང་ནས་ཡུན་རིང་བདེ་འཁོད་ཡོང་རྒྱུའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་བྱས་ཡོད། སྤྱི་ཚོགས་མཐུན་སྦྱོར་དང་བརྟན་ལྷིང་ཡོང་བ་བྱ་རྒྱུ་དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་གི་བསམ་འདུན་ཞིག་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་གྱུར་ཡོང་བ་བྱ་རྒྱུའི་སྔོན་འགྲོའི་ཆ་རྐྱེན་ཞིག་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བསམ་བློའི་ངོས་འཛིན་གྱི་གཙོ་གནད་དེ་གཅིག་གྱུར་ཡོང་རྒྱུ་དང་། སྒྲིག་སྲོལ་ལམ་སྲོལ་གྱི་གཙོ་གནད་དེ་འཐུས་ཚང་དུ་གཏོང་རྒྱུ། སྤྱི་ཚོགས་དོ་དམ་གྱི་གཙོ་གནད་དེ་མཐོ་རུ་གཏོང་རྒྱུ། གཞི་རིམ་གྱི་རྨང་གཞིའི་གཙོ་གནད་དེ་བརྟན་དུ་གཏོང་རྒྱུ། མང་ཚོགས་ལས་དོན་གྱི་གཙོ་གནད་དེ་གཏིང་ཟབ་ཏུ་གཏོང་རྒྱུ། མི་རིགས་མཐུན་སྒྲིལ་གྱི་གཙོ་གནད་དེ་སྲ་བརྟན་དུ་གཏོང་རྒྱུ་བཅས་སུ་འཇོག་པ་དང་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་ཡུན་རིང་བདེ་འཁོད་ལ་སྐུལ་མ་ཤུགས་ཆེན་བཏང་ཐོག་རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”འཕེལ་རྒྱས་ཀྱི་དམིགས་ཚད་མངོན་གྱུར་ཡོང་ཕྱིར་འགན་ལེན་བྱེད་དགོས།   

        ཡུན་རིང་བདེ་འཁོད་ཡོང་རྒྱུ་འགན་ལེན་བྱེད་པར་ངེས་པར་དུ་བསམ་བློ་ཚད་མཐོའི་གཅིག་གྱུར་ཡོང་རྒྱུའི་འགན་ལེན་བྱེད་དགོས། བསམ་བློ་གཅིག་གྱུར་ཡོང་བ་བྱ་རྒྱུ་དེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་རྩར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་བྱེད་པའི་ཡིན་མིན་ཆེན་པོའི་གནད་དོན་དེའི་ཐད་ལངས་ཕྱོགས་བརྟན་པོའི་ངང་ཐོག་མཐའ་བར་གསུམ་དུ་ངོས་འཛིན་རབ་བི་རིབ་བི་མི་བྱེད་པ་དང་། རྣམ་འགྱུར་གསལ་ལ་མི་གསལ་མི་བྱེད་པ། བྱ་སྤྱོད་ལ་གཡོ་འགུལ་མི་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཀྱི་དུས་བབ་ཆེན་པོའི་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུའི་ཆབ་སྲིད་ཀྱི་འགན་འཁྲི་དེ་དངོས་སུ་ཁུར་བ་དང་ཁ་གཏད་གཅོག་པའི་བྱ་ཐབས་ཏན་ཏན་ཏིག་ཏིག་ཅིག་བཟོས་ཐོག་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་ཡུན་རིང་བྱེད་པའི་གྲ་སྒྲིག་སྒོ་ཀུན་ནས་ཡག་པོ་བྱས་ནས་དོན་རྐྱེན་མི་ཐོན་པའི་གྲ་སྒྲིག་དངོས་གནས་བྱེད་དགོས།

        ཡུན་རིང་བདེ་འཁོད་ཡོང་རྒྱུ་འགན་ལེན་བྱེད་པར་ངེས་པར་དུ་བབ་བསྟུན་གྱི་སྒྲིག་སྲོལ་དང་ལམ་སྲོལ་བཟོ་བ་དང་འཐུས་ཚང་དུ་གཏོང་དགོས། “ཕུགས་ཀྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་གཏོང་གི་བྱ་ཐབས་ལག་ལེན་བསྟར་རྒྱུ ”ནས་འགོ་ཚུགས་ཏེ “དར་ཆ་གསལ་སྟོན་དང་། མདུང་རྩེ་ཁ་སྤྲོད། རང་འགུལ་སྟངས་འཛིན། མི་སེམས་བརྩོན་ལེན། རྩ་སྲ་རྨང་བརྟན ”བཅས་ཀྱི་བྱེད་ཕྱོགས་སྒོ་ཀུན་ནས་ལག་ལེན་བསྟར་ནས་རྒྱུན་ཚུལ་དང་རྒྱུན་ཚུལ་མིན་པའི་གནས་ཚུལ་འོག་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་རིམ་པ་རེ་རེ་བཞིན་འགན་ཁུར་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་ཀར་ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་ངང་དམ་འཛིན་ཡག་པོ་བྱེད་དགོས།

        ཡུན་རིང་བདེ་འཁོད་ཡོང་རྒྱུ་འགན་ལེན་བྱེད་པར་ངེས་པར་དུ་སྤྱི་ཚོགས་དོ་དམ་བྱེད་པའི་དངོས་ཕན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སྤྱི་ཚོགས་ཞབས་ཞུ་དང་དོ་དམ་ཆུ་ཚད་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་ཏང་ཨུད་ཀྱིས་འགོ་ཁྲིད་བྱེད་པ་དང་། སྲིད་གཞུང་གིས་འགན་འཁུར་བ། སྤྱི་ཚོགས་ཀྱིས་གཞོགས་འདེགས་བྱེད་པ། སྤྱི་དམངས་ཞུགས་པ་བཅས་ཀྱི་སྤྱི་ཚོགས་དོ་དམ་རྣམ་པ་ཞིག་འཐུས་ཚང་དུ་བཏང་ནས་གནས་ཁྱོན་ཟུང་འབྲེལ་དང་ཆེད་ལས་རྩ་འཛུགས་དང་མང་ཚོགས་ཟུང་འབྲེལ་བྱེད་པའི་སྤྱི་ཚོགས་བདེ་འཇགས་སྔོན་འགོག་ཚོད་འཛིན་མ་ལག་ཅིག་སྐྲུན་པ་དང་ཁ་ཕྲལ་དང་གཏོར་བཤིག་གི་བྱེད་སྤྱོད་དང་ཉེས་དོན་ཉེས་གསོག་གི་བྱེད་སྤྱོད་ཁག་ལ་དོགས་ཟོན་གཟབ་ནན་བྱེད་པ་དང་རྡུང་རྡེག་ཚ་ནན་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་འཇགས་ཀྱི་འདུ་ཤེས་ཆེ་རུ་ཏན་ཏིག་གཏོང་དགོས། མི་གཤིས་ཅན་གྱི་དོ་དམ་དར་སྤེལ་གཏོང་བ་དང་དུས་མཚུངས་ངེས་པར་དུ་འགལ་བ་དང་རྩོད་གཞི་ནི་ཐོན་མ་ཐག་ཏུ་མེད་པ་བཟོ་དགོས།

        ཡུན་རིང་བདེ་འཁོད་ཡོང་རྒྱུ་འགན་ལེན་བྱེད་པར་ངེས་པར་དུ་གཞི་རིམ་གྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས། རྒྱུན་འཁྱོངས་ལྷོད་མེད་ངང་གཞི་རིམ་ལ་དམ་འཛིན་བྱེད་པ་དང་རྨང་གཞི་བཏིང་ནས་གཞི་རིམ་གྱི་སྲིད་དབང་འཛུགས་སྐྱོང་དང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་སྒོ་ཀུན་ནས་ཤུགས་སྣོན་རྒྱག་པ་དང་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་གཙོ་གནད་དང་། ཏང་རྩ་འཛུགས་འཐུས་ཚང་དུ་གཏོང་རྒྱུ་དེ་འགན་ལེན། རིམ་གསུམ་མཉམ་གཏོད་ཀྱི་བྱེད་སྒོ་སྤེལ་རྒྱུ་དེ་འདྲེན་རྟེན་དུ་བྱས་ནས་ཏང་གི་གཞི་རིམ་རྩ་འཛུགས་དེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞིང་འབྲོག་མང་ཚོགས་སྣེ་ཁྲིད་ནས་ཕྱུག་འགྱུར་ཡོང་བ་བྱེད་པ། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ། ཞིང་འབྲོག་ཁུལ་གྱི་མཐུན་སྦྱོར་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་སྲོག་ཤིང་ཞིག་ཏུ་འཛུགས་སྐྱོང་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་། གོང་བུ་སྒྲིལ་ཤུགས། དམག་འཐབ་ཀྱི་ནུས་པ་བཅས་ཆེ་རུ་ཏན་ཏིག་གཏོང་དགོས།

        ཡུན་རིང་བདེ་འཁོད་ཡོང་རྒྱུ་འགན་ལེན་བྱེད་པར་ངེས་པར་དུ་མང་ཚོགས་ཀྱི་ལས་དོན་ཏན་ཏིག་སྒྲུབ་དགོས། ཏང་ཡོན་དང་ལས་བྱེད་པས་གཞི་རིམ་དུ་སྐྱོད་པ་དང་མང་ཚོགས་ཁྲོད་བསྐྱོད་དེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་དང་བསམ་བློའི་འགུལ་ཚུལ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་བྱེད་པ་དང་མང་ཚོགས་ཀྱི་ལས་དོན་དེ་ཞིབ་ཅིང་ཕྲ་ལ་དངོས་གནས་དང་ལུགས་མཐུན་ཚུལ་མཐུན་ཡོང་བ་བྱེད་པ་དང་ལྷག་དོན་དུ་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་དང་ཏང་གི་དམངས་ཕྱུག་དམངས་ཕན་སྲིད་ཇུས་དུད་ཚང་ཁྲི་སྟོང་ལ་དྲིལ་བསྒྲགས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་ཕན་པ་གང་ནས་བྱུང་བ་དང་ཕན་པ་གང་ཐོབ་པ་ཤེས་རྟོགས་ཐུབ་རྒྱུ་དང་མང་ཚོགས་ཀྱིས་དྲིན་ཆེན་རྟོགས་ཐུབ་པ་དང་། དྲིན་ཆེན་ཚོར་ཐུབ་པ། དྲིན་ཆེན་འཇལ་ཐུབ་པ་བཅས་ཤེས་རྟོགས་ཐུབ་རྒྱུའི་སློབ་གསོ་རྒྱག་དགོས། བོད་ལྗོངས་གསར་པ་དང་། འཕེལ་རྒྱས་གསར་པ། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་དྲིལ་བསྒྲགས་བྱ་རྒྱུ་གཞི་འཛིན་སར་བྱས་ནས་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོར་དགག་རྒྱག་ཐེར་འདོན་གཏིང་ཟབ་བྱས་ནས་བསམ་བློའི་ཐོག་ནས་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལྕགས་དང་ངར་ལྕགས་ལྟ་བུའི་ལྕགས་རི་རིང་པོ་ཞིག་བསྐྲུན་དགོས། དགོན་སྡེར་ཁྲིམས་ལུགས་དྲིལ་བསྒྲགས་དང་སློབ་གསོ་གཏིང་ཟབ་བརྒྱབ་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པ་བྱ་རྒྱུར་སྣེ་ཁྲིད་ཧུར་ཐག་བྱེད་དགོས། མི་དམངས་ནང་ཁུལ་གྱི་འགལ་བ་ཐག་གཅོད་ཡང་དག་བྱ་རྒྱུའི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་འགལ་བ་དང་རྩོད་གཞི་ཞིབ་སེལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་ཐོག་ལབ་གླེང་མང་བ་དང་དཀའ་གནད་ཡིན་པའི་གནད་དོན་ཐག་གཅོད་བྱ་རྒྱུར་སྣང་ཆེན་བྱས་ནས་ཁྲིམས་ལུགས་དང་སྲིད་ཇུས་གཞིར་བཟུང་མང་ཚོགས་ཀྱིས་མཚོན་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས།

        ཡུན་རིང་བདེ་འཁོད་ཡོང་རྒྱུ་འགན་ལེན་བྱེད་པར་ངེས་པར་དུ་རྒྱུན་བསྲིང་ལྷོད་མེད་ངང་མི་རིགས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་དགོས། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། མཐུན་སྦྱོར་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྔར་བས་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་བརྗོད་དོན་གཙོ་བོ་དེ་ཁོང་དུ་བརྟན་པོ་ཆུད་པ་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ཀྱི་བྱེད་སྒོ་ཏན་ཏིག་ངང་སྤེལ་ཐོག་མི་རིགས་མཐུན་སྒྲིལ་ལ་གནོད་པའི་སྐད་ཆ་གཏན་ནས་མི་ཤོད་པ་དང་མི་རིགས་མཐུན་སྒྲིལ་ལ་གནོད་པའི་བྱ་བ་གཏན་ནས་མི་བྱེད་པའི་ཐོག་ནས་མི་རིགས་ཁག་མཐུན་སྦྱོར་མཉམ་གནས་དང་། བདེ་སྡུག་མཉམ་མྱོང་། མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་བཅས་ལ་སྐུལ་མ་གཏོང་བ་དང་ཐོག་མཐའ་བར་གསུམ་དུ་དབུགས་ལམ་གཅིག་སྒྲིལ་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིགའབྲེལ་བཅས་བྱས་ནས་རང་ལྗོངས་འདི་ཉིད་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ཞིག་ཏུ་འགྱུར་བར་སྐུལ་མ་གཏོང་དགོས།

        གངས་ལྗོངས་ས་མཐོ་ནི་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས་སོགས་མི་རིགས་ཁག་གི་ཐུན་མོང་གི་ཁྱིམ་གཞིས་ཤིག་ཡིན་སྟབས་ཡུན་རིང་བདེ་འཁོད་སྲུང་སྐྱོང་བྱ་རྒྱུ་དེ་ང་ཚོའི་ཐུན་མོང་གི་ཁེ་ཕན་ཞིག་ཡིན་ལ་ང་ཚོའི་ཐུན་མོང་གི་འགན་འཁྲི་ཞིག་ཀྱང་རེད། མི་རིགས་ཁག་གི་སྤུན་མཆེད་ཀྱིས་ལག་གདང་འབྲེལ་ནས་ཡུན་རིང་བདེ་འཁོད་ཀྱི་སྲ་ཞིང་བརྟན་པའི་ལྕགས་རི་རིང་པོ་ཞིག་བསྐྲུན་ཚེ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་དེ་དྲི་མེད་དྭངས་གཙང་ལྡན་པའི་གངས་ལྷ་མེ་ཏོག་དང་འདྲ་བར་ནམ་ཡང་རབ་ཏུ་བཞད་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།