དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • སྒུལ་ཤུགས་སྔོག་འདོན་བྱས་ནས་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད། ཕྱིས་འབྱུང་གི་ལོ་5ནི་རང་ལྗོངས་སུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་མངོན་འགྱུར་བྱེད་པའི་གལ་འགངས་ཆེ་ཤོས་དང་། དགོས་གཏུགས་ཆེ་ཤོས། གནད་འགག་ཆེ་ཤོས་བཅས་ཀྱི་ལོ་ལྔ་ཡིན་ཞིང་། “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་སྒྱུར་བཅོས་ཁྲོད་རང་ལྗོངས་ཀྱི་གཞུང་ཁོངས་ཁེ་ལས་ལ་གསོན་ཤུགས་གསར་པ་བྱུང་རུང་ཁྲོམ་རའི་དཔལ་འབྱོར་འགོ་འཛུགས་ཕྱི་ཙམ་ཡིན་པ་དང་། ཁྲོམ་ར་དང་གཞི་གཅིག་ཏུ་འདྲེས་ནུས་དམའ་ཙམ་ཡིན་པ། ད་དུང་མི་ཚོའི་ཁྲོམ་རའི་དཔལ་འབྱོར་གྱི་འདུ་ཤེས་དང་ཚོང་ཟོག་གི་འདུ་ཤེས་ཅུང་ཞན་ཙམ་ཡིན་པ། ན་ནིང་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་པའི་དམངས་ཁྲོད་མ་འཇོག་གིས་27.9%ལས་ཟིན་མེད་པ་བཅས་ཀྱིས་དཔལ་འབྱོར་དེ་རྒྱལ་ཡོངས་ཀྱི་ཁྲོམ་ར་ཆེན་པོའི་ནང་གཞི་གཅིག་ཏུ་འདྲེས་པར་ད་དུང་ལམ་ཐག་རིང་ཙམ་བསྐྱོད་དགོས་ཀྱི་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱ་རྒྱུར་སྐུལ་འདེད་བཏང་ནས་སྒུལ་ཤུགས་སྔོག་འདོན་གྱིས་ཚན་རིག་དང་མཐུན་པའི་སྒྲིག་སྲོལ་དང་ལམ་སྲོལ་ཞིག་བཙུགས་ཏེ་རྒྱལ་ཡོངས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་མ་ལག་ནང་གང་མགྱོགས་གཞི་གཅིག་ཏུ་འདྲེས་པར་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྔར་བས་ལེགས་ལ་མྱུར་བ་དང་ཆེ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རྩ་བའི་འགན་ལེན་བྱེད་དགོས། གསར་གཏོད་རྒྱུན་མི་འཆད་པར་བྱས་ན་གཞི་ནས་བསམ་བློའི་བཀག་རྒྱ་ལས་དངོས་འབྲེལ་སྒྲོལ་ཐུབ་པ་དང་སྒྲིག་སྲོལ་གྱི་བཀག་སྡོམ་སེལ་ཐུབ་པ་བྱུང་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ།

        སྒྲིག་སྲོལ་ལམ་སྲོལ་གསར་གཏོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བར་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་དགོས། སྒྱུར་བཅོས་གཏིང་ཟབ་བྱེད་པར་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྱུར་བཅོས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་དང་ཞིབ་གཉེར་ཅན་གྱི་གཉེར་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བྱས་ནས་ཞིང་འབྲོག་ཁུལ་གྱི་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། སྒོ་མོ་དབྱེ་ནས་གསོན་ཤུགས་འཕེལ་བ་བྱ་རྒྱུ་གཙོ་གནད་དུ་བྱས་ནས་དཔལ་འབྱོར་གྱི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། སྤྱི་ཚོགས་ཀྱིས་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བྱས་ནས་མ་རྩ་འཇོག་པ་དང་བསྡུ་སྒྲིལ་བྱེད་པའི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་བྱས་ནས་སྲིད་འཛིན་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་བྱེད་མགྱོགས་སུ་གཏོང་བ། གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ་དང་གསར་གཏོད་བྱེད་སེམས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བྱས་ནས་ཤེས་ལྡན་པའི་ལས་དོན་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། དེང་རབས་ཀྱི་ཁེ་ལས་ལམ་ལུགས་འཛུགས་རྒྱུ་གཙོ་གནད་དུ་བྱས་ཏེ་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་དེང་རབས་ཁྲོམ་རའི་མ་ལག་འཛུགས་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་སྔར་བས་ལེགས་ལ་མྱུར་བ་དང་ཆེ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྒྲིག་སྲོལ་དང་ལམ་སྲོལ་དང་མ་འཇོག་གི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་སྲིད་གཞུང་གི་འགན་ནུས་དང་ལས་ཀའི་སྤྱོད་སྲོལ་བསྒྱུར་ནས་སྲིད་འཛིན་གྱི་ལས་ཕྱོད་ཆེ་རུ་དང་སྤྱི་ཞབས་པའི་བྱང་ཚད་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་བྱས་ཏེ་སྲིད་གཞུང་གི་སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུའི་འགན་ནུས་ཆེ་རུ་བཏང་ནས་དཔལ་འབྱོར་དོ་དམ་གྱི་འགན་ནུས་དེ་ཁྲོམ་རར་གཙོ་གནད་ཞབས་ཞུ་བྱེད་པ་དང་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུའི་ཐད་བསྒྱུར་རྒྱུ་གཙོ་བོར་བཞག་ནས་ཞབས་ཞུའི་འདུ་ཤེས་དང་། ཞབས་ཞུའི་ནང་དོན། ཞབས་ཞུ་བྱེད་སྟངས། ཞབས་ཞུའི་ཐབས་ལམ་བཅས་ཁྱོན་ཡོངས་ནས་གསར་གཏོད་བྱ་རྒྱུར་སྐུལ་འདེད་བཏང་ནས་ཞབས་ཞུའི་ཁྲོད་དོ་དམ་ཐུབ་པ་དང་དོ་དམ་ཁྲོད་ཞབས་ཞུ་མཚོན་པ་བྱེད་དགོས། སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བར་སྒོ་དབྱེའི་འདུ་ཤེས་ཆེ་རུ་གཏོང་བ་དང་། སྒོ་དབྱེ་དང་འཕེལ་རྒྱས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་ཀའི་བསམ་ཕྱོགས་གསར་གཏོད་བྱེད་པ། སྒོ་དབྱེའི་ཁྱབ་ཁོངས་ཆེ་རུ་གཏོང་བ། སྒོ་དབྱེའི་གྲུབ་ཆ་བཟང་སྒྲིག་བྱེད་པ། སྒོ་དབྱེའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་སྒོ་དབྱེ་བྱེད་པར་བརྟེན་ནས་ཐོན་ཁུངས་དང་། ཁྲོམ་ར། གསོན་ཤུགས། སྒུལ་ཤུགས་བཅས་ཡོང་བ་བྱེད་པ་མ་ཟད། མེས་རྒྱལ་ནང་ས་དང་ལྷག་པར་དུ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་དང་ཁེ་ལས་དབར་སྤེལ་རེས་དང་མཉམ་ལས་བྱ་རྒྱུར་གཙོ་བོར་ཤུགས་སྣོན་བརྒྱབ་ནས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོའི་ནང་གཞི་གཅིག་ཏུ་དངོས་འབྲེལ་འདྲེས་ཐུབ་པ་བྱེད་པ་དང་ལྷག་པར་དུ་རྣམ་གྲངས་ཆེན་པོ་གཉེར་རྒྱུ་དང་རྒྱལ་ཕྱི་རྒྱལ་ནང་གི་འཐབ་ཇུས་མ་འཇོག་མཁན་གདན་དྲངས་རྒྱུའི་ཐད་བསམ་ཕྱོགས་ཆེན་པོ་དང་བྱ་ཐབས་ཆེན་པོ་དང་ཚད་བརྒལ་ཆེན་པོ་བཅས་ཡོང་བ་བྱེད་དགོས། རྒྱལ་ཕྱི་རྒྱལ་ནང་དུ་མཉམ་དུ་སྒོ་མོ་འབྱེད་རྒྱུ་མཐའ་འཁྱོངས་བྱས་ནས་རིམ་པ་མང་བ་དང་། ཁྱབ་ཁོངས་ཆེ་བའི་ཕྱི་ཕྱོགས་སྒོ་དབྱེའི་རྣམ་པ་ཞིག་ཆགས་པ་བྱེད་དགོས་པ་དང་། ཕྱི་ཕྱོགས་སུ་དཔལ་འབྱོར་དང་ལག་རྩལ་གྱི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་མཐའ་མཚམས་འགག་སྒོའི་འཛུགས་སྐྲུན་དང་མཐའ་མཚམས་ཉོ་ཚོང་ལས་དོན་ཡག་པོ་སྒྲུབ་པ། རང་རྒྱལ་འདི་ཉིད་ཨེ་ཤེ་ཡ་ལྷོ་མའི་སྐམ་སའི་དཔལ་འབྱོར་ཚོང་དོན་ཐོག་ཞུགས་པའི་བགྲོད་ལམ་བཏོད་པ་བཅས་བྱས་ཏེ་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་བའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་དགོས།

        སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བར་སྲིད་ཇུས་བེད་སྤྱོད་ཡག་པོ་བྱེད་དགོས། ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་ལེགས་པར་སྤྱོད་པ་དང་། ཡག་པོ་སྤྱོད་པ། གནད་ལ་འཁེལ་བ་སྤྱོད་པ་བཅས་བྱས་ནས་སྲིད་ཇུས་ཀྱི་ཕན་ནུས་ཚད་གཞི་མཐོ་ཤོས་ཀྱིས་འདོན་ཐུབ་པ་བྱེད་དགོས། ས་ཞིང་སྔོན་ལ་བཀོད་སྒྲིག་བྱེད་པ་དང་ས་ཞིང་བེད་སྤྱོད་གྲོན་དངུལ་ཉུང་བསྡུའམ་རྩ་ཆག་གཏོང་བ། བཟོ་ཚོང་དོ་དམ་གྲོན་དངུལ་སོགས་གྲོན་དངུལ་སྣ་ཚོགས་ཉུང་བསྡུའམ་ཡང་ན་རྩ་ཆག་གཏོང་རྒྱུ་བཅས་ལ་བསམ་གཞིགས་བྱས་ནས་ཁྲོམ་རར་འཇུག་འཐུས་དང་། ཐོན་སྐྱེད་རྒྱུ་ཆ་ཐོབ་རྒྱུ། བཟོ་ཚོང་དོ་དམ་སོགས་ཐད་གཟིགས་སྐྱོང་སྲིད་ཇུས་སྔར་ལས་མང་བ་བྱེད་པའི་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། གཉིས་ཕན་གཉིས་ཁེའི་མཉམ་ལས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ལས་སྒྲུབ་ལས་ཕྱོད་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བའི་ཐད་ཤུགས་རྒྱག་པ་བཅས་བྱས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་གཟིགས་སྐྱོང་སྲིད་ཇུས་སྔར་ལས་མང་བ་འདོན་དགོས། ཤེས་ལྡན་པ་སྔར་ལས་མང་བ་བསྡུ་བར་ཤེས་ལྡན་པ་སྐྱེད་བསྲིང་ཡོང་བར་ཕན་པའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཤེས་ལྡན་པ་སྐྱེད་བསྲིང་ཡོང་བར་ཕན་པའི་སྲིད་ཇུས་དང་བྱ་ཐབས་བཟོས་ནས་ཤེས་ལྡན་པ་དང་མཁས་དབང་མང་པོ་བསྡུས་པ་དང་རང་ནུས་འདོན་སྤེལ་བྱེད་པ། གསོན་ཤུགས་འཕེལ་བ་བཅས་ཀྱི་མི་སྤྱོད་ཀྱི་ལམ་སྲོལ་ཞིག་འབད་བརྩོན་ཆེན་པོས་ཆགས་པ་བྱས་ཏེ་བྱ་གཞག་ལ་བརྟེན་ནས་མིའི་སེམས་རྣལ་དུ་ཕབ་ཐུབ་པ་དང་། བརྩེ་དུང་ལ་བརྟེན་ནས་མི་སེམས་རྣལ་དུ་འབབ་ཐུབ་པ། ཐོབ་ཆར་བརྟེན་ནས་མི་སེམས་རྣལ་དུ་འབབ་པ། ལམ་སྲོལ་ལ་བརྟེན་ནས་མི་སེམས་རྣལ་དུ་འབབ་ཐུབ་པ་བཅས་བྱས་ཏེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤེས་ལྡན་པ་མང་པོ་ཞིག་བསྡུ་ཐུབ་པ་བྱེད་དགོས།

        སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བར་དཔྱད་བསྡུར་ནན་པོ་ཡོང་བ་བྱེད་པ་དང་ལམ་སྲོལ་གསར་གཏོད་ཀྱིས་དོན་འཁྱོལ་དམ་འཛིན་བྱེད་དགོས། ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་དེ་ཁྱོན་ཡོངས་འཆར་འགོད་དང་ཡུན་རིང་དོ་དམ་བྱེད་པའི་རྨང་གཞི་ཞིག་ཡིན་ལ “ལོ་ལྔ་ཚན་བཅུ་གཉིས་པའི ”འཕེལ་རྒྱས་དམིགས་ཚད་བདེ་བླག་ངང་མངོན་གྱུར་ཡོང་བ་བྱེད་པའི་གལ་ཆེའི་འགན་ལེན་ཞིག་ཀྱང་ཡིན། དམ་པ་དོན་གཉེར་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་དང་ཧུར་བརྩོན་རང་བཞིན་ལ་ཤུགས་རྐྱེན་ངན་པ་ཐེབས་པའི་ཕྱོགས་གང་ཅིའི་ཐད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་མེད་པ་ཧུར་ཐག་བཟོས་ཏེ་གསོན་ཤུགས་ཀྱིས་ཁེངས་པ་དང་། ལས་ཕྱོད་ཆེ་བ། དེ་བས་སྒོ་མོ་འབྱེད་པ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་ཕན་པ་བཅས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་ཞིག་ཧུར་ཐག་གཏོད་དགོས། ལྟ་ཞིབ་དང་བསྒྲུབ་རྒྱུར་ལྟ་སྐུལ་དང་འགན་འཁྲི་རྩད་གཅོད་ཀྱི་བྱ་དགའ་ཆད་གཅོད་བྱེད་པར་ཤུགས་སྣོན་བརྒྱབ་ནས་དོན་འཁྱོལ་ཡག་པོ་བྱེད་མཁན་ལ་གཟེངས་བསྟོད་དང་། དོན་འཁྱོལ་ཡག་པོ་མི་བྱེད་མཁན་ལ་སྐྱོན་བརྗོད། དོན་འཁྱོལ་མི་བྱེད་མཁན་ལ་ཆད་པ་གཅོད་པ་བཅས་བྱེད་དགོས་པ་དང་། ཁྲིད་སྟོན་གྱི་འདུ་ཤེས་ཆེ་རུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་གདེང་འཇོག་མ་ལག་ཅིག་གཏོད་པ། དོན་དངོས་དང་མཐུན་པ་དང་། བཀོལ་སྤྱོད་བྱེད་ཐུབ་པ། དཔལ་འབྱོར་དང་། སྤྱི་ཚོགས། སྣོད་བཅུད། མི་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་བྱེད་པའི་གདེང་འཇོག་དང་དཔྱད་ཞིབ་མ་ལག་ཅིག་འཚོལ་ཞིབ་ཧུར་ཐག་བྱས་ནས་ཡང་དག་པའི་རིན་ཐང་གི་ཁྲིད་སྟོན་ཞིག་ཆགས་པ་བྱས་ཏེ་ལས་བྱེད་པར་ཡང་དག་པའི་སྲིད་སྐྱོང་གི་བྱས་རྗེས་ལྟ་བ་ཞིག་འཛུགས་རྒྱུའི་ཁྲིད་སྟོན་བྱེད་པ་དང་། དུས་བཀག་ནང་ལས་དོན་སྒྲུབ་པའི་ལམ་ལུགས་དང “ལས་སྒྲུབ་རྩིས་ཐོའི ”བསྡོམས་རྩིས་ལམ་ལུགས། གལ་ཆེའི་རྣམ་གྲངས་ཀྱི་རྗེས་འདེད་ལམ་སྲོལ། འཛུགས་སྐྲུན་རྣམ་གྲངས་མ་དངུལ་དོ་དམ་དང་ལྟ་སྐུལ་ལམ་སྲོལ། ལས་བྱེད་པའི་དཔྱད་ཞིབ་ལམ་སྲོལ་བཅས་སྔར་བས་འཐུས་ཚང་དུ་གཏོང་བ་དང་། ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་ཀ་བྱས་པ་དང་མི་བྱེད་པ་དང་། བྱེད་མང་བ་དང་བྱེད་ཉུང་བ། བྱེད་ཡག་པ་དང་བྱེད་ཞན་པ་བཅས་ཚང་མར་ཤོད་སྟངས་གསལ་པོ་ཞིག་ཡོང་བ་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”འཕེལ་རྒྱས་ཀྱི་དམིགས་ཚད་བདེ་བླག་ངང་བསྒྲུབ་རྒྱུར་འགན་ལེན་བྱེད་དགོས།

        སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་ཚན་རིག་དང་མཐུན་ལ་ལུགས་མཐུན་གྱི་སྒྲིག་སྲོལ་དང་ལམ་སྲོལ་ཞིག་གཏོད་རྒྱུ་དེ་ནི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་བ་དང་ལོ་རྒྱུས་འཕེལ་རྒྱས་དུས་མཚམས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་མཆོང་སྐྱོད་གསར་པ་མངོན་འགྱུར་ཡོང་བའི་རྩ་བའི་འགན་ལེན་ཞིག་ཡིན། ང་ཚོས་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱ་རྒྱུ་དེ་འཇུག་སྒོ་ནུས་ལྡན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་འགག་རྩའི་ལྷུ་ཚིགས་ཐོག་ཚད་བརྒལ་གསར་པ་ཡོང་བ་བྱས་ཏེ་སྒྱུར་བཅོས་སྒུལ་ཤུགས་སུ་བྱས་ནས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་གསར་གཏོད་སྒུལ་ཤུགས་སུ་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།