དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དམངས་འཚོར་ཕན་པ་མངོན་གསལ་ཡོང་བ་བྱས་ནས་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་མགྱོགས་སུ་གཏོང་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        དམངས་འཚོ་འགན་ལེན་བྱ་རྒྱུ་དང་ལེགས་སུ་གཏོང་རྒྱུ་ནི་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་ས་ཡིན་ལ་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཡང་ཡིན། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་དོན་འཁྱོལ་བྱེད་པར་ངེས་པར་དུ་དམངས་འཚོར་ཕན་པ་མངོན་གསལ་ཡོང་བ་བྱས་ནས་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་མགྱོགས་སུ་བཏང་སྟེ་ལྗོངས་དེ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པ་དང་ཆེས་ཐད་ཀར་དང་ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་ཐོག་ནས་འགོ་འཛུགས་དགོས་པ་དང་སྲིད་ཇུས་ཀྱི་ཁྲིད་སྟོན་མངོན་གསལ་དང་། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མངོན་གསལ། འཕྲོད་བསྟེན་ཐད་གཞི་རིམ་ལ་ཕྱོགས་རྒྱུ་མངོན་གསལ། ལས་ཞུགས་གང་མང་ཡོང་རྒྱུ་མངོན་གསལ། འགན་ལེན་ཐད་ཀུན་ཁྱབ་མངོན་གསལ། རིག་གནས་དར་རྒྱས་ཡོང་རྒྱུ་མངོན་གསལ། ཚན་རྩལ་ཁྱབ་གདལ་གཏོང་རྒྱུ་མངོན་གསལ་བཅས་ཡོང་བ་བྱེད་དགོས་པའི་གཞི་རྩའི་བླང་བྱ་ལྟར་མ་རྩ་འཇོག་ཚད་མང་དུ་གཏོང་བ་དང་། གྲུབ་ཆ་ལེགས་སུ་གཏོང་བ། སྤུས་ཚད་མཐོ་རུ་གཏོང་བ། ལས་ཆོད་མཐོ་རུ་གཏོང་བ་བཅས་བྱས་ཏེ་སྤྱི་པའི་ཞབས་ཞུའི་ནུས་པ་དང་དོ་སྙོམས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་སྤྱི་ཚོགས་དྲང་གཞག་དང་དྲང་བདེན་ཡོང་བར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཏུ་ཡོངས་སུ་ཁྱབ་པའི་སྤྱི་པའི་ཞབས་ཞུའི་མ་ལག་གོམ་གང་མདུན་སྤོས་ཀྱིས་བསྐྲུན་པ་དང་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་བྱ་གཞག་གི་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་ཆེས་ཆེར་གཏོང་དགོས།

        དམངས་འཚོར་ཕན་པ་མངོན་གསལ་ཡོང་བ་བྱེད་པར་སྲིད་ཇུས་ཀྱི་ཁྲིད་སྟོན་མངོན་གསལ་ཡོང་བ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྲིད་ཇུས་ཐོག་ནས་ཁྲིད་སྟོན་ལ་བྱ་དགོས། དགོས་མཁོ་དང་སྒྲུབ་ཐུབ་པའི་རྩ་དོན་ལྟར་སྲིད་ཇུས་ཀྱི་མ་དངུལ་དེ་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་དང་། སྤྱི་ཕན་རང་བཞིན་གྱི་རྣམ་གྲངས་གལ་ཆེན། རྒྱ་ཆེའི་ཞིང་འབྲོག་ཁུལ། མཐའ་མཚམས་ལུང་ཁུག་ས་ཁུལ་བཅས་སུ་མང་ཙམ་ཕྱོགས་ནས་དོན་དངོས་དང་འཚམ་པའི་གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་དང་ཚད་གཞི་བཟོས་ཏེ་སྲིད་གཞུང་གིས་གཙོ་ཁྲིད་དང་ཁྲོམ་ར་དང་སྤྱི་ཚོགས་ཞུགས་པའི་སྤྱི་པའི་ཞབས་ཞུའི་འདོན་སྤྲོད་ལམ་སྲོལ་ཆགས་པའི་འབད་བརྩོན་བྱེད་དགོས་པ་དང་ཞིང་འབྲོག་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་འདོན་སྤྲོད་ཧ་ཅང་མི་འདང་བ་དང་ཞབས་ཞུའི་སྤུས་ཚད་དམའ་བའི་གནད་དོན་གཙོ་གནད་དུ་ཐག་གཅོད་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་དང་སྤུས་ཚད་མཐོ་རུ་བཏང་སྟེ་དམངས་ཕྱུག་པ་དང་བོད་ལྗོངས་སྟོབས་ཆེར་འགྱུར་བ་གཉིས་གཞི་མཐུན་གཅིག་གྱུར་ཡོང་བ་བྱེད་དགོས། དམངས་འཚོར་ཕན་པ་མངོན་གསལ་ཡོང་བ་བྱེད་པར་ངེས་པར་དུ་སློབ་གསོའི་ཐད་གཟིགས་སྐྱོང་མངོན་གསལ་ཡོང་བ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་སློབ་གསོ་དེ་ཉིད་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་མགྱོགས་སུ་གཏོང་བའི་ནང་ཨང་དང་པོར་འཇོག་དགོས། སློབ་གསོའི་ཐོན་ཁུངས་ལུགས་མཐུན་ངང་བཀོད་སྒྲིག་བྱས་ཏེ་ཞིང་འབྲོག་ཁུལ་དང་། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་སུ་གཙོ་གནད་ཐོག་ཕྱོགས་དགོས། སློབ་གསོའི་གྲུབ་ཆ་ལེགས་སུ་བཏང་ནས་དྲང་གཞག་དང་སྤུས་ཚད་མཐོ་རུ་གཏོང་བར་སྔར་བས་དོ་སྣང་བྱེད་དགོས། སློབ་གསོ་དང་སློབ་ཁྲིད་སྒྱུར་བཅོས་གཏིང་ཟབ་བྱས་ཏེ་སློབ་གསོའི་དོ་དམ་སྒྲིག་སྲོལ་དང་སློབ་གཉེར་ལམ་སྲོལ་གསར་གཏོད་བྱས་ནས་བྱང་ཚད་སློབ་གསོ་ལག་ལེན་ཤུགས་ཆེན་བསྟར་དགོས། རྨང་གཞི་གཉིས་ཀྱི་གྲུབ་འབྲས་སྔར་བས་བརྟན་དུ་བཏང་ནས་ཞིང་འབྲོག་པའི་བུ་ཕྲུག་གི་འོས་འགན་སློབ་གསོའི “འགན་ལེན་གསུམ ”གྱི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཏེ་རོགས་དངུལ་གྱི་ཚད་གཞི་ཡོངས་སུ་ཁྱབ་པ་བྱེད་པ་དང་འབྲེལ་རིམ་བཞིན་མཐོ་རུ་གཏོང་དགོས། དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཆེས་ཆེར་རྒྱག་པ་དང་དགེ་རྒན་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། སློབ་གསོ་ཆ་འཕྲིན་ཅན་དུ་འགྱུར་བའི་བརྒྱུད་རིམ་མགྱོགས་སུ་བཏང་ནས་སློབ་གསོའི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བར་འབད་བརྩོན་བྱེད་དགོས།

        དམངས་འཚོར་ཕན་པ་མངོན་གསལ་ཡོང་བ་བྱེད་པར་ངེས་པར་དུ་འཕྲོད་བསྟེན་ཐད་གཞི་རིམ་མངོན་གསལ་ཡོང་བ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་སྲོལ་སྒྱུར་བཅོས་སྐོར་གྱི་ཇུས་གཞི་སྒོ་ཀུན་ནས་དོན་འཁྱོལ་བྱས་ཏེ་རིན་པ་མི་དགོས་པའི་སྨན་བཅོས་རྨང་གཞི་བྱས་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་གོམ་གང་མདུན་སྤོས་ཀྱིས་འཐུས་ཚང་དུ་གཏོང་དགོས། ས་ཁུལ (གྲོང་ཁྱེར )རིམ་པའི་སྨན་ཁང་དང་། རྫོང་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས། ལྟེ་བའི་ཤང་གྲོང་དང་ཞིང་ནགས་ར་བའི་འཕྲོད་བསྟེན་ཁང་བཅས་འཛུགས་སྐྲུན་ལ་གཙོ་གནད་ཐོག་ཤུགས་སྣོན་རྒྱག་པ་དང་། བོད་ལུགས་གསོ་རིག་གི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཞབས་ཞུའི་དྲ་བ་དང་གྲོང་ཁྱེར་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྒོ་ཀུན་ནས་ཤུགས་སྣོན་རྒྱག་པ། གོ་ཆོད་སྨན་པ་གཙོ་གནད་དུ་བྱས་པའི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་དཔུང་ཁག་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤྱི་པའི་འཕྲོད་བསྟེན་དང་གཞི་རྩའི་སྨན་བཅོས་ཞབས་ཞུའི་མ་ལག་མུ་མཐུད་འཐུས་ཚང་དུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི་གཞི་རྩའི་སྨན་བཅོས་ལམ་ལུགས་རིམ་བཞིན་བཙུགས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་ནད་གཞི་ཕོག་ཉུང་བ་དང་། སྨན་པ་བསྟེན་ཐུབ་པ། སྨན་བཅོས་ཡག་པོ་བྱེད་ཐུབ་པ་བཅས་བྱེད་དགོས།

        དམངས་འཚོར་ཕན་པ་མངོན་གསལ་ཡོང་བ་བྱེད་པར་ངེས་པར་དུ་ལས་ཞུགས་ལེགས་བརྩོན་ཡོང་བ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མཐུན་སྦྱོར་ལྡན་པའི་ངལ་རྩོལ་འབྲེལ་བ་ཧུར་ཐག་བསྐྲུན་དགོས། ལས་ཞུགས་སྲིད་ཇུས་སྔར་བས་དགེ་མཚན་ལྡན་པ་ཞིག་ལག་བསྟར་བྱས་ཏེ་ལས་ཞུགས་ལས་གནས་གསར་སྤེལ་ཧུར་ཐག་བྱས་ནས་རང་ཚུགས་ངང་ལས་ལམ་གསར་འབྱེད་བྱེད་པར་སྐུལ་ལྕག་དང་ལས་ཞུགས་ལེགས་བརྩོན་ལ་སྐུལ་འདེད་གཏོང་དགོས། གཅིག་གྱུར་དང་ཚད་ལྡན་གྱི་མི་ཤུགས་ཐོན་ཁུངས་ཁྲོམ་ར་འཐུས་ཚང་དུ་བཏང་ནས་སྟབས་བསྟུན་རང་བཞིན་རྒྱུན་འཁྱོངས་དང་ཚད་ལྡན་རང་བཞིན་མཐོ་རུ་བཏང་སྟེ་ངལ་རྩོལ་པར་སྤུས་ཚད་ལེགས་པ་དང་ཕན་ནུས་ཆེ་བའི་ལས་ཞུགས་ཞབས་འདེགས་ཞུ་དགོས། མཐོ་སློབ་ཐོན་མཁན་སློབ་མ་དང་། ཞིང་པ་གླ་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ཀྱི་དཀའ་ངལ་ཡོད་པའི་མི་སྣ་བཅས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱ་རྒྱུ་གཙོ་གནད་དུ་བརྩིས་ཏེ་ལས་རིགས་གསོ་སྦྱོང་དང་ལས་འདེམས་འདུ་ཤེས་ཀྱི་སློབ་གསོ་རྒྱག་རྒྱུར་ཤུགས་སྣོན་བརྒྱབ་ནས་ངལ་རྩོལ་པའི་ལས་ཞུགས་རྩལ་ནུས་མཐོ་རུ་གཏོང་དགོས། བཟོ་ཚོགས་དང་ལས་རིགས་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཁེ་ལས་དང་ལས་བཟོའི་ཁེ་ཕན་མཉམ་སྤྱོད་ལམ་སྲོལ་ཆགས་པ་བྱས་ཏེ་མཐུན་སྦྱོར་ལྡན་པའི་ངལ་རྩོལ་འབྲེལ་བ་འཛུགས་དགོས།

        དམངས་འཚོར་ཕན་པ་མངོན་གསལ་དོད་པོ་ཡོང་བ་བྱེད་པར་ངེས་པར་དུ་ཁྱབ་ཚད་མངོན་གསལ་ཡོང་རྒྱུ་འགན་ལེན་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་ཡོངས་སུ་ཁྱབ་པའི་སྤྱི་ཚོགས་འགན་ལེན་མ་ལག་འཛུགས་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་རྒན་གསོའི་འགན་བཅོལ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ། ལས་ཤོར་འགན་བཅོལ། ལས་རྨས་འགན་བཅོལ། བུ་རྩའི་འགན་བཅོལ་བཅས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་དང་། ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་་རྒན་གསོའི་དངུལ་གྱི་ཚད་གཞི་སྔར་བས་མཐོ་རུ་གཏོང་དགོས། གྲོང་གསེབ་གསར་པའི་སྤྱི་ཚོགས་ཀྱི་རྒན་གསོའི་འགན་བཅོལ་དང་། ཞིང་པའི་རྒན་གསོའི་འགན་བཅོལ། ས་ཆ་བསྡུ་ལེན་བྱས་པའི་ཞིང་པའི་རྒན་གསོའི་འགན་བཅོལ་དང་། འབྲོག་ར་དོར་བའི་འབྲོག་པའི་རྒན་གསོའི་འགན་བཅོལ་བཅས་ལམ་ལུགས་གསར་པ་མགྱོགས་མྱུར་ངང་བཙུགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཡོངས་སུ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་ནོར་སྲིད་འགན་ལེན་གཙོ་བོ་བྱས་པའི “འགན་ལེན་ལྔའི ”འཚོ་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྨན་བཅོས་རོགས་སྐྱོར་ལམ་ལུགས་དང་། ལས་བྱེད་ལས་བཟོ། གྲོང་མིའི་ཚབས་ཆེའི་ནད། ནད་ཆེན་བཅས་ཀྱི་སྨན་བཅོས་ཁ་གསབ་ལམ་ལུགས་འཛུགས་དགོས། སྤྱི་ཚོགས་ཀྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས་རྒན་རྒོན་ལ་རོགས་རམ་དང་། དབང་པོ་སྐྱོན་ཅན་ལ་རོགས་སྐྱོར། དྭ་ཕྲུག་ལ་རོགས་སྐྱོར། དབུལ་པོར་རོགས་རམ། མུག་སྐྱོབ་བཅས་གཙོ་གནད་དུ་བྱེད་པའི་སྤྱི་ཚོགས་ཀྱི་ཕན་བདེ་དང་དགེ་སྒྲུབ་སྤྱི་ཕན་བྱ་གཞག་འཐུས་ཚང་ཡོང་བ་བྱེད་དགོས།

        དམངས་འཚོར་ཕན་པ་མངོན་གསལ་ཡོང་བ་བྱེད་པར་ངེས་པར་དུ་རིག་གནས་དར་རྒྱས་མངོན་གསལ་ཡོང་བ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་གི་མི་དམངས་ཀྱི་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་མཐོ་རུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་ཁྱད་ཆོས་དང་ཆོས་ཉིད་ལ་བརྩི་སྲུང་ཞུས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་འཛུགས་རྒྱུ་དེ་གཙོ་རྐང་དུ་བརྩིས་ནས་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མི་དམངས་མང་ཚོགས་ཀྱི་བསམ་བློ་རིག་གནས་ཀྱི་དགོས་མཁོ་སྐོང་རྒྱུ་དེ་འགོ་ཚུགས་ས་དང་དོན་ལ་འབབ་སར་བརྩི་བ་དང་། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་རྒྱུ་དེ་འགན་འཁྲི་གཙོ་བོར་བརྩིས་ནས་ཕུལ་བྱུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོབ་བྱེད་པ་དང་འཕེལ་རྒྱས་བཏང་ནས་སྤྱི་ཚོགས་ཡོངས་ལ་ཁྱབ་པའི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་མགྱོགས་མྱུར་ངང་བསྐྲུན་ཏེ་མཆོང་སྐྱོང་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཁྲོད་ཀྱི་རིག་གནས་ཀྱི་སྐུལ་འདེད་ནུས་པ་ཏན་ཏིག་ངང་ཆེ་རུ་གཏོང་བ་དང་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་གཞི་རྩའི་རིག་གནས་ཁེ་དབང་འགན་ལེན་ཏན་ཏིག་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

        དམངས་འཚོར་ཕན་པ་མངོན་གསལ་ཡོང་བར་ངེས་པར་དུ་ཚན་རྩལ་ཁྱབ་གདལ་མངོན་གསལ་ཡོང་རྒྱུ་མཐའ་འཁྱོངས་བྱས་ནས་ཚན་རྩལ་གྱི་རྨང་གཞིའི་ལས་སྟེགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། ཚན་རྩལ་ཡར་རྒྱས་དང་ཐོན་ལས་གྲུབ་ཆའི་ལེགས་སྒྲིག་རིམ་སྤོར་དང་དམངས་འཚོ་ལེགས་སུ་གཏོང་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ནས་ལག་རྩལ་གསར་གཏོད་ནུས་པ་ཧུར་བརྩོན་ཆེན་པོས་མཐོ་རུ་བཏང་ནས་ལག་རྩལ་གསར་པ་དང་སྒྲིག་བཀོད་གསར་པ་ནང་འདྲེན་ཤུགས་ཆེན་བྱེད་པ་དང་། སྔོན་ཐོན་གྱི་དངོས་ཕན་ལག་རྩལ་དང་མཐོ་གསར་ལག་རྩལ་བེད་སྤྱོད་ཆེ་རུ་གཏོང་བ། སྲོལ་རྒྱུན་ཐོན་ལས་གཉེར་ཚད་མཐོ་རུ་གཏོང་བ། ས་མཐོའི་ཁྱད་ལྡན་གྱི་ཞིང་འབྲོག་ལས་དང་། སྐྱེ་དངོས་ཐོན་ལས། བོད་སྨན་ལས་རིགས། ནུས་ཁུངས་གསར་པ་སོགས་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་རྒྱུ་དང་ཐོན་ལས་ཀྱི་ལས་ཆོད་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཚན་རྩལ་ཁྱབ་གདལ་གཏོང་རྒྱུ་དེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་དུ་བརྩི་བ་དང་ཞིང་འབྲོག་ཁུལ་དུ་སྔོན་ཐོན་དང་དངོས་ཡོད་ལག་རྩལ་ཁྱབ་གདལ་ཤུགས་ཆེན་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཚོས་ཚན་རིག་ལ་སྣང་ཆེན་བྱེད་པ་དང་། ཚན་རིག་ལ་ཡིད་ཆེས་བྱེད་པ། ཚན་རིག་སྤྱོད་པ་སོགས་བྱེད་དུ་འཇུག་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།