དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • “གཅིག་བྱས་པ་བཞི”ལ་དམ་འཛིན་ཤུགས་ཆེན་བྱས་ཏེ་རྒྱལ་ཁབ་ཀྱི་འགངས་ཆེའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག “ལོ་ལྔ་ཚན་བཅུ་གཉིས་པའི ”དུས་ནི་རང་ལྗོངས་ཀྱིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་རྒྱུའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པར་རྒྱལ་ཕམ་ཐག་གཅོད་ཀྱི་དོན་སྙིང་ལྡན་པའི་འགག་རྩའི་དུས་ཤིག་ཡིན་པས་སྣོད་བཅུད་བཟང་བའི་བོད་ལྗོངས་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས “གཅིག་བྱས་པ་བཞི ”ལ་དམ་འཛིན་ཤུགས་ཆེན་གྱིས་སྣོད་བཅུད་བཟང་བའི་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་དང་རྒྱལ་ཁབ་ཀྱི་འགངས་ཆེའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་ནས་བོད་ལྗོངས་འདི་ཉིད་ཐོན་སྐྱེད་གོང་འཕེལ་དང་། འཚོ་བ་འབྱོར་ཕྱུག སྣོད་བཅུད་བཟང་བ་བཅས་ཀྱི་ཤེས་དཔལ་ལྡན་པའི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས་ཡོད།

        རྒྱལ་ཁབ་ཀྱི་འགངས་ཆེའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུ་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་རྒྱུ་དང་། མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན། ཀྲུང་ཧྭ་མི་རིགས་འཚོ་གནས་དང་གོང་འཕེལ་གཏོང་རྒྱུ་བཅས་དང་འབྲེལ་བ་ཡོད། བོད་ལྗོངས་ནི་འཛམ་གླིང་ཐོག་རི་བོ་དང་འཁྱགས་རོམ་གྱི་འབྱུང་ཁུངས་དང་། རང་རྒྱལ་དང་ཨེ་ཤེ་ཡའི་གཙང་པོ་དང་ཆུ་བོའི་འབྱུང་ཁུངས། རང་རྒྱལ་དང་ཨེ་ཤེ་ཡ་ཤར་མའི་གནམ་གཤིས་བརྟན་པོ་ཡོང་ཐབས་བྱེད་པའི་འགངས་ཆེའི་སྲུང་ཡོལ་བཅས་ཡིན་པར་བརྟེན་སྣོད་བཅུད་ཀྱི་གནས་བབ་གལ་འགངས་ཤིན་ཏུ་ཆེན་པོ་རེད། ང་ཚོས་ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས་གཅིག་བྱས་པ་བཞི་ལ་དམ་འཛིན་བྱེད་དགོས་པ་སྟེ། འཆར་འགོད་གཅིག་དོན་འཁྱོལ་བྱ་རྒྱུ་དང་། བྱེད་སྒོ་གཅིག་སྤེལ་རྒྱུ། ལམ་སྲོལ་གཅིག་འཛུགས་རྒྱུ། འགག་རྩ་གཅིག་དམ་འཛིན་བྱ་རྒྱུ་བཅས་ཡིན་པས་སྣོད་བཅུད་བཟང་བའི་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཀྱི་འགངས་ཆེའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཧུར་ཐག་བསྐྲུན་དགོས།   

        འཆར་འགོད་གཅིག་དོན་འཁྱོལ་བྱེད་པར་བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་འཆར་འགོད་མགྱོགས་མྱུར་ལག་ལེན་བསྟར་ནས་གཙོ་གནད་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དང་རང་བྱུང་སྣོད་བཅུད་མ་ལག་སྲུང་སྐྱོང་དང་སྣོད་བཅུད་ཞན་འགྱུར་གྱི་མ་ལག་ཉམས་གསོ་དང་བསྐྱར་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁོར་ཡུག་སྲུང་སྐྱོང་བྱེད་པར་སྔོན་དུ་འཆར་གཞི་བསྒྲུབ་དགོས། ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་འཆར་འགོད་ཚན་རིག་དང་མཐུན་པའི་ངང་བཟོ་རྒྱུ་དང་ལག་ལེན་བསྟར་རྒྱུ་སྒྲིག་འཛུགས་བྱེད་པ་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་འགན་ལེན་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་དགོས་མཁོ་ཞིག་ཡིན། མིག་སྔར་རང་ལྗོངས་ཀྱིས་《བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད 》སྒྲིག་བཟོ་བྱས་ཏེ་སྔོན་དུ་གསར་སྤེལ་བྱ་རྒྱུ་དང་། གཙོ་གནད་གསར་སྤེལ་བྱ་རྒྱུ། གསར་སྤེལ་ཚོད་འཛིན་བྱ་རྒྱུ། གསར་སྤེལ་བཀག་སྡོམ་བྱ་རྒྱུ་བཅས་ཁྱབ་ཁོངས་བཞི་གཏན་ལ་ཕབ་པ་དང་ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་གསལ་སྟོན་བྱས་ཡོད། ང་ཚོས 《འཆར་འགོད 》དོན་འཁྱོལ་ནན་ཏན་གྱིས་དེའི་ནང་གཏན་ལ་ཕབ་པའི་སྣོད་བཅུད་སྲུང་སྐྱོང་དང་། སྣོད་བཅུད་འཛུགས་སྐྲུན། འདེགས་སྐྱོར་དང་འགན་ལེན་བཅས་རིགས་ཆེ་གྲས་གསུམ་གྱི་རྣམ་གྲངས་བཅུའི་འདུ་འགོད་ལག་བསྟར་བྱེད་དགོས་པ་དང་སྦྲགས། ཚན་རིག་དང་མཐུན་པ་དང་། རྒྱུན་མཐུད་པ། དངོས་ཕན་ཐོབ་པ་བཅས་རྒྱུན་འཁྱོངས་ཀྱིས་སྣོད་བཅུད་ཀྱི་མ་ལག་རང་བཞིན་སླར་གསོ་ཡོང་ཐབས་བྱེད་པ་དང་སྣོད་བཅུད་ཀྱི་ནུས་པ་སྲུང་སྐྱོང་བྱས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས།

        བྱེད་སྒོ་གཅིག་སྤེལ་བར་སྤྱི་ཚོགས་ཧྲིལ་པོའི་སྟོབས་ཤུགས་སྒྲིག་འཛུགས་ཀྱིས་ཤིང་འཛུགས་ནགས་བཟོའི་བྱེད་སྒོ་ཤུགས་ཆེན་སྤེལ་ནས་གླ་སྤྲོད་ཤིང་འཛུགས་དང་འོས་འགན་ཤིང་འཛུགས་ཟུང་དུ་སྦྲེལ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ལྗོངས་ཕྱི་ནང་གི་མི་སྣ་དང་ཡང་ན་ཁེ་ལས་ལ་རི་རྒོད་དང་གྲམ་ཐང་འགན་གཙང་སྤྲད་དེ་ཤིང་འཛུགས་ནགས་བཟོ་བྱ་རྒྱུར་སྐུལ་ལྕག་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་ཉེ་འདབས་ཁུལ་དང་། གཞུང་ལམ་དང་ལྕགས་ལམ་རྒྱུད། རོང་སའི་རྒྱུད་སོགས་ལ་ཤིང་འཛུགས་ནགས་བཟོ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་གྲོང་གསེབ་ཏུ་ཕྱོགས་བཞིར་ཤིང་འཛུགས་ནགས་བཟོ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཤིང་འཛུགས་ནགས་བཟོ་བྱས་ནས་མེས་རྒྱལ་སྔོ་ལྗང་ཅན་དུ་འགྱུར་བ་བྱེད་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབོད་སྐུལ་ཞིག་དང་ང་ཚོ་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་ཡིན་པ་མ་ཟད། སྔོ་ལྗང་ལས་དོན་ལ་སྐུལ་འདེད་གཏོང་བའི་འགངས་ཆེའི་བྱ་ཐབས་ཤིག་དེ་བས་ཡིན་པར་བརྟེན་ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས་ལས་དོན་དེར་ངོས་འཛིན་གཏིང་ཟབ་ཀྱིས་རྒྱལ་ཁབ་ཀྱི་འགངས་ཆེའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུ་དེ་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་གཏོང་རྒྱུའི་འགངས་ཆེའི་བྱ་ཐབས་ཤིག་དང་། ཤེས་དཔལ་ལྡན་པའི་སྣོད་བཅུད་བསྐྲུན་རྒྱུའི་འགངས་ཆེའི་ལས་འགན། གནམ་གཤིས་ཀྱི་འགྱུར་བར་ཁ་གཏད་གཅོག་རྒྱུའི་འཐབ་ཇུས་གདམ་ག་བཅས་སུ་བརྩིས་ནས་མི་རྒྱུ་དངོས་ཀྱི་ཐོག་ནས་ཤིང་འཛུགས་ནགས་བཟོའི་ལས་དོན་དེ་བས་ཡག་པོ་དང་། དེ་བས་མྱུར་པོ། དེ་བས་ཆེ་བ་བཅས་ཀྱི་སྒོ་ནས་སྒྲུབ་ཐོག་ཤིང་འཛུགས་ནགས་བཟོའི་བྱེད་སྒོ་དེ་གཏིང་ཟབ་སྤེལ་ནས་བོད་ཀྱི་གནམ་དེ་བས་དྭངས་བ་དང་། རི་དེ་བས་སྔོ་བ། ཆུ་དེ་བས་དྭངས་པ། ཡུལ་ལྗོངས་དེ་བས་མཛེས་པ་བཅས་ཡོང་རྒྱུའི་སྣོད་བཅུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས།

        ལམ་སྲོལ་གཅིག་འཛུགས་པར་སྣོད་བཅུད་ཁ་གསབ་ཀྱི་ཕུགས་ཕན་ལམ་སྲོལ་མགྱོགས་མྱུར་བཏོད་དེ་སྣོད་བཅུད་ཁ་གསབ་སྤྲོད་ཤུགས་ཆེ་རུ་གཏོང་བ་དང་སྦྲགས། རྒྱལ་ཁབ་རིམ་པའི་སྤྱི་ཕན་ཤིང་ནགས་ཀྱི་སྣོད་བཅུད་ཕན་འབྲས་ཀྱི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་བ་དང་། རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་གི་བྱ་དགའ་སྤྲོད་པའི་ལམ་སྲོལ་འཛུགས་པ། གཏེར་རིའི་ཁོར་ཡུག་བཅོས་སྐྱོང་དང་སྣོད་བཅུད་སླར་གསོའི་འགན་འཁྲིའི་ལམ་སྲོལ་དོན་འཁྱོལ་བྱེད་པ་བཅས་བྱེད་དགོས། བོད་འདི་ཉིད་ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་ས་ཁུལ་དུ་གནས་ཡོད་པས་སྣོད་བཅུད་ཁོར་ཡུག་ཤིན་ཏུ་ཞན་པ་དང་གཏོར་སྐྱོན་ཕོག་ཚེ་སླར་གསོ་བྱེད་ཁག་པོ་ཡོད། ལས་དོན་དེ་ནི་ཡུན་རིང་དང་དཀའ་ཚེགས་ཆེ་ལ་ཪྙོག་འཛིང་ཆེ་བའི་ལས་འགན་ཞིག་ཡིན་པར་བརྟེན་རྩ་བའི་ཐོག་ནས་སྣོད་བཅུད་ཁོར་ཡུག་ཇེ་སྡུག་ཏུ་འགྲོ་བ་ཚོད་འཛིན་བྱེད་པ་དང་སྣོད་བཅུད་བཅོས་སྐྱོང་གི་ཕན་འབྲས་སྲ་བརྟན་དུ་གཏོང་ཆེད “གཞན་བརྟེན ”ནས “རང་བརྟེན ”ལ་སྐུལ་འདེད་གཏོང་རྒྱུའི་བྱ་ཐབས་སྤྱད་དེ་ས་ཁོངས་ནང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་གཅིག་གྱུར་འཆར་འགོད་དང་ཐག་གཅོད་བྱེད་དགོས་པ་དང་། ཡུན་རིང་སྣོད་བཅུད་སྲུང་སྐྱོང་གི་འཛུགས་སྐྲུན་ཕན་འབྲས་སྲ་བརྟན་གཏོང་རྒྱུར་ཕན་པ་ཡོད་ལ་ཡུལ་དེའི་དཔལ་འབྱོར་དང་སྤྱི་ཚོགས་ཡུན་རིང་འཕེལ་རྒྱས་གཏོང་རྒྱུར་ཕན་པ་ཡོད་པའི་སྣོད་བཅུད་ཁ་གསབ་ཀྱི་ཕུགས་ཕན་ལམ་སྲོལ་བཙུགས་ནས་སྣོད་བཅུད་འཛུགས་སྐྲུན་གྱི་ཕན་འབྲས་བརྟན་པོ་ཡོང་བ་དང་རྒྱུན་མཐུད་ཐུབ་པ་བྱས་ཏེ་ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་ཐུབ་་པ་བྱེད་དགོས།

        འགག་རྩ་གཅིག་དམ་འཛིན་བྱེད་པར་ཁོར་ཡུག་འཇོག་འཐུས་དང་སྣོད་བཅུད་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་རང་འགུལ་ངང་ལྟ་ཞིབ་ཚད་ལེན་བྱེད་པའི་མ་ལག་དང་། གནོད་འཚེའི་ལྟ་ཞིབ་ཚད་ལེན་བྱེད་པའི་དྲ་ཚིགས། ཁོར་ཡུག་གི་འཕྲལ་སྡོམ་མ་ལག ཁོར་ཡུག་སྲུང་སྐྱོང་གི་ཆ་འཕྲིན་མ་ལག་བཅས་སྐྲུན་ཤུགས་ཆེ་རུ་བཏང་ནས་ཁོར་ཡུག་འཕྲལ་སྡོམ་གྱི་ནུས་པ་ཆེ་རུ་གཏོང་དགོས། སྣོད་བཅུད་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་དམིགས་ཡུལ་ནི་དུས་ཐོག་དང་། གནད་དུ་འཁེལ་བ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ཁོར་ཡུག་གི་སྤུས་ཚད་དང་སྦགས་བཙོག་བཟོ་ཁུངས་ཀྱི་ད་ལྟའི་གནས་ཚུལ་དང་དེ་བཞིན་འཕེལ་ཚུལ་མཚོན་པར་བྱས་ནས་སྣོད་བཅུད་འཛུགས་སྐྲུན་དང་དཔལ་འབྱོར་འཛུགས་སྐྲུན་ལ་ནུས་ལྡན་ཞབས་ཞུ་བྱ་ཆེད་ཡིན། ང་ཚོས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་ཁོར་ཡུག་ལ་ཁྲིམས་འཛིན་ནན་པོ་བྱེད་པ་དང་། ཁོར་ཡུག་གི་བདེ་འཇགས་སྲུང་སྐྱོང་བྱེད་པ། འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཁོར་ཡུག་སྲུང་སྐྱོང་བྱེད་ནུས་ཆེ་རུ་གཏོང་བ། ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་སྔོན་བརྡ་གཏོང་བའི་མ་ལག་དང་ཁོར་ཡུག་སྦགས་བཙོག་གི་འཕྲལ་སྡོམ་དང་ལྟ་སྐུལ་ཚད་ལེན་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ཐོལ་བྱུང་གི་ཁོར་ཡུག་དོན་རྐྱེན་གྱི་འཕྲལ་སྡོམ་ལྟ་སྐུལ་ཚད་ལེན་དང་ཐག་གཅོད་བྱེད་ནུས་སྔར་བས་ཆེ་རུ་གཏོང་བ་བཅས་བྱེད་དགོས།

        བོད་ཀྱི་ཤེས་དཔལ་ལྡན་པའི་སྣོད་བཅུད་བསྐྲུན་རྒྱུ་དེ་དེང་རབས་ལ་བྱས་རྗེས་འཇོག་པ་དང་ཕ་ཚ་བུ་རྒྱུད་ལ་ཕན་འབྲས་ཡོད་པ་ཞིག་ཡིན་པར་བརྟེན་ང་ཚོས་ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་བྱ་ཐབས་བཏོན་པ་དང་ཕན་འབྲས་དོན་གཉེར་བྱས་ནས “གཅིག་བྱས་པ་བཞི ”ལ་དམ་འཛིན་ཏན་ཏིག་གིས་རྒྱལ་ཁབ་ཀྱི་འགངས་ཆེའི་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་ཧུར་ཐག་བསྐྲུན་དགོས་པ་དང་། བོད་ཀྱི་རང་བྱུང་སྣོད་བཅུད་མ་ལག་དང་སྤྱི་ཚོགས་དང་དཔལ་འབྱོར་མ་ལག་གི་འཁོར་རྒྱུག་བཟང་པོ་མངོན་འགྱུར་ཡོང་བ་བྱས་ཏེ་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་དེ་སྣོད་བཅུད་སྲུང་སྐྱོང་བྱ་རྒྱུ་དང་མཐུན་སྦྱོར་ལྡན་པའི་ངང་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།