དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • འཕེལ་རྒྱས་གཏོང་རིང་ཁྱད་ལྡན་དོན་གཉེར་བྱས་ནས་བོད་ཀྱི་དམིགས་བསལ་ཁྱད་ཆོས་ཀྱི་དེང་རབས་ཐོན་ལས་མ་ལག་འཛུགས་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་བརྗོད་དོན་གཙོ་བོ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ནས “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་གི་འཕེལ་རྒྱས་གྲུབ་འབྲས་ནན་ཏན་ངང་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག་བོད་ཀྱི་དམིགས་བསལ་ཁྱད་ཆོས་ཀྱི་དེང་རབས་ཐོན་ལས་མ་ལག་འཛུགས་རྒྱུ་དེ “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་ལས་འགན་གཙོ་བོ་དང་གནད་དོན་གལ་ཆེན་ལ་བརྩིས་ནས་དབྱེ་ཞིབ་གཏིང་ཟབ་དང་ཚན་རིག་དང་མཐུན་པའི་བཀོད་སྒྲིག་གནང་ཡོད། ང་ཚོས་ངེས་པར་དུ་བསམ་པའི་འདུ་ཤེས་དང་། བསམ་བློ་གཏོང་སྟངས། ལས་ཀ་བྱེད་སྟངས་བཅས་གསར་གཏོད་བྱས་ནས་འགོ་འཛུགས་གསར་པར་གཞི་ཚུགས་པ་དང་གོ་སྐབས་གསར་པར་དམ་འཛིན་བྱས་ནས “ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ ”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་དེ་གཙོ་རྒོལ་བྱེད་སར་བརྩིས་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་གཏོང་རིང་ཚད་བརྒལ་དང་ཁྱད་ལྡན་དོན་གཉེར་བྱས་ནས་བོད་ཀྱི་དམིགས་བསལ་ཁྱད་ཆོས་ཀྱི་དེང་རབས་ཐོན་ལས་མ་ལག་འབད་བརྩོན་ཆེན་པོས་འཛུགས་དགོས།

        ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་གྲོས་འཆམ་བྱུང་བའི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཀྱི་གྲོས་འགོའི་ནང “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ལེགས་ཆ་ལྡན་པའི་གཏེར་ལས་དང་། བོད་སྨན། ཡུལ་སྐོར་ལས་རིགས། ཁྱད་ལྡན་ཞིང་འབྲོག་ལས། ལྷད་མེད་བཟའ (བཏུང )ལས་རིགས། མི་རིགས་ལག་ཤེས་བཟོ་ལས་སོགས་ཁྱད་ལྡན་དང་ལེགས་ལྡན་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད་བོད་ཀྱི་དམིགས་བསལ་ཁྱད་ཆོས་ཀྱི་དེང་རབས་ཐོན་ལས་མ་ལག་འབད་བརྩོན་ཆེན་པོས་འཛུགས་དགོས་ཞེས་བཏོན་པ་འདི་ནི་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བས་མཛུབ་ཁྲིད་དུ་བྱས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་བོད་ཀྱི་དངོས་ཡོད་དང་མཐུན་པའི་ཐོན་ལས་ཅན་ལམ་བུ་གསར་པ་འཚོལ་ཞིབ་བྱེད་པ་དེ་ནི་ང་ཚོའི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་གཞི་རྩའི་ཐབས་ལམ་ཞིག་རེད། དེང་རབས་ཐོན་ལས་མ་ལག་ནི་རྒྱལ་ཁབ་བམ་ཡང་ན་ས་ཁུལ་ཞིག་དཔལ་འབྱོར་གོ་ལ་ཅན་དང་ཁྲོམ་རའི་འགྲན་རྩོད་ནང་ཞུགས་རྒྱུའི་རྨང་གཞི་གལ་ཆེན་ཞིག་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དང་ཕྱོགས་བསྡུས་དངོས་ཤུགས་ཀྱི་གལ་ཆེའི་མཚོན་རྟགས་ཤིག་རེད། ལོ་མང་འབད་བརྩོན་བྱས་པ་བརྒྱུད་ལྷག་པར་དུ “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་འཕེལ་རྒྱས་བརྒྱུད་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དེ་བས་སྲ་ཞིང་བརྟན་པའི་རྨང་གཞི་ལྡན་ཡོད་པས་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་ཆ་སྙོམས་ལོ་རེར་12.4%འཕར་བ་མཚོན་རྟགས་སུ་བྱས་ཏེ་དཔལ་འབྱོར་བརྟན་པོ་དང་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་ཐོན་པ་དང་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་དང་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་ལས་འགོ་ཚུགས་པ་མཚོན་རྟགས་སུ་བྱས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཚད་བརྒལ་ཆེན་པོ་བྱུང་བ། རང་ལྗོངས་ཀྱི་ཐོན་ལས་གྲུབ་ཆ་དང་འཕེལ་རྒྱས་ཆུ་ཚད་ལ་ལེགས་བཅོས་དང་མཐོ་རུ་ཕྱིན་ནས་བོད་ཀྱི་དམིགས་བསལ་ཁྱད་ཆོས་ཀྱི་དེང་རབས་ཐོན་ལས་མ་ལག་འཛུགས་རྒྱུར་རྨང་གཞི་བཏིང་བ་བཅས་རེད།

        འོན་ཀྱང་ང་ཚོར་ངོས་འཛིན་གསལ་པོ་ཞིག་ཡོད་དགོས་པ་ནི་འཕེལ་རྒྱས་ཀྱི་དུས་མཚམས་ཡིན་ནའང་འདྲ་ཡང་ན་འཕེལ་རྒྱས་ཀྱི་རིམ་པ་ཡིན་ནའང་འདྲ་རང་ལྗོངས་ཀྱི་སྤྱི་ཡོངས་དེ་རྒྱལ་ཡོངས་དང་བསྡུར་ཚེ་སྔར་བཞིན་དར་རྒྱས་འགྲོ་འགོར་བའི་ས་ཁུལ་དུ་གཏོགས་པ་དང་ལྷག་པར་དུ་འཕེལ་རྒྱས་གཏོང་སྟངས་ཐད་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་འགོ་ཚུགས་པ་དང་ཁྱབ་ཁོངས་ཁ་ཤས་ཅུང་མགྱོགས་པོར་མཐོ་རུ་ཕྱིན་ཡོད་མོད་འོན་ཀྱང་གཞི་ཁྱོན་ཆུང་བ་དང་། རིམ་པ་དམའ་བ། ཐོན་ལས་གསུམ་པོའི་དབར་གྱི་འབྲེལ་མཚམས་ཞན་པ་བཅས་དང་ཐོན་ལས་དང་པོ་དེ་ཞིང་ཁུལ་ཡིན་ནའང་འདྲ་ཡང་ན་འབྲོག་ཁུལ་ཡིན་ནའང་འདྲ་ཁྱིམ་ཚང་རྣམ་པའི་རང་བྱུང་དཔལ་འབྱོར་ཆུང་གྲས་སྔར་བཞིན་མངོན་གསལ་དོད་པ་དང་མཉམ་སྡེབ་གཉེར་སྐྱོང་དང་གཞི་ཁྱོན་གཉེར་སྐྱོང་འཕེལ་རྒྱས་འགྲོ་འགོར་བ་དང་། ཐོན་ལས་གཉིས་པས་བཟུང་བའི་བསྡུར་ཚད་དམའ་བ་དང་གྲུབ་ཆ་ལུགས་མཐུན་མིན་པ། ཐོན་ལས་གསུམ་པའི་ཐད་ཉེ་བའི་ལོ་ཤས་རིང་ཁྱད་ལྡན་དང་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་ཕྱིན་ཡོད་ནའང་འགྲིམ་འགྲུལ་དང་། ནུས་རྒྱུ། ལག་རྩལ་སོགས་ཐད་ཀྱིས་ཚོད་འཛིན་ཐེབས་པས་ཐོན་ལས་གསུམ་པའི་འདེགས་སྐྱོར་གྱི་ནུས་པ་སྔར་བཞིན་ཆུང་བ་བཅས་རེད། དེར་བརྟེན་རྒྱལ་ཡོངས་ཀྱི་ས་ཆ་མང་ཆེ་བ་དེང་རབས་བཟོ་ལས་ཅན་གྱི་ལམ་བུ་གསར་པར་སྐྱོད་སྐབས་རང་ལྗོངས་ད་དུང་སྲོལ་རྒྱུན་གྱི་ཞིང་འབྲོག་ལས་སྒྱུར་བཀོད་བྱེད་པ་དང་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་བའི་འགོ་ཚུགས་ཀྱི་དུས་མཚམས་སུ་གནས་པས་བོད་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་ཐོན་ལས་མ་ལག་མགྱོགས་པོར་སྐྲུན་ཚེ་གཞི་ནས་ཐག་གཅོད་ཐུབ་རྒྱུ་རེད།

        བོད་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་ཐོན་ལས་མ་ལག་འཛུགས་པར་ཁྱད་ལྡན་དང་ལེགས་ལྡན་ཐོན་ལས་ཆགས་པ་བྱ་རྒྱུ་དེ་མུ་མཐུད་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་ནས་ལེགས་ལྡན་གྱི་གཏེར་ཐོན་ལས་རིགས་དང་། བོད་སྨན་ལས་རིགས། མི་རིགས་ལག་ཤེས་བཟོ་ལས། ཁྱད་ལྡན་ཡུལ་སྐོར་ལས་རིགས། ཆུ་ནུས་ཐོན་ལས་སོགས་འགག་རྩའི་ཐོན་ལས་ཁ་ཤས་དམ་འཛིན་བྱས་ཏེ་འགོ་ཚུགས་ས་མཐོ་བ་དང་ནུས་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས་པ་སྟེ། གཅིག་ནི་ཡུལ་སྐོར་ལས་རིགས་སྟོབས་ཆེར་དང་སྤུས་ལེགས་ཡོང་བར་བྱེད་པ། Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་འཕྲལ་སྡོམ་རོགས་སྐྱོབ་ནུས་པ་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་ནས་ལྷ་སའི་ལོ་རྒྱུས་དང་རིག་གནས་ཀྱི་ཡུལ་སྐོར་ལྟེ་གནས་དང་ཉིང་ཁྲིའི་སྣོད་བཅུད་དང་ནགས་ཚལ་གྱི་ཡུལ་སྐོར་ལྟེ་གནས་དང་། ཐང་བོད་གནའ་ལམ་རྐང་འཛིན་དང་ཇ་རྟའི་ཚོང་ལམ་རྐང་འཛིན། ཤར་ལྷོ་ནུབ་བྱང་གི་སྐོར་ལམ་བཞི་པོ། ས་ཁུལ (གྲོང་ཁྱེར )གནས་སའི་གྲོང་ཁྱེར་དང་གྲོང་རྡལ་བདུན་པོ་ལྟེ་བར་བྱས་པའི་ཁྱད་ཆོས་མངོན་གསལ་དོད་པོའི་ཡུལ་སྐོར་ཁུལ “ལྟེ་གནས་གཉིས་དང་། རྐང་འཛིན་གཉིས། སྐོར་ལམ་བཞི། ཁུལ་བདུན ”བཅས་ཡུལ་སྐོར་འཕེལ་རྒྱས་ཀྱི་འཆར་འགོད་ལག་ལེན་མགྱོགས་སུ་བསྟར་ཏེ་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་2015ལོར་སླེབས་དུས་ལོ་རེར་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་ལྡབ་གཅིག་འཕར་རྒྱུ་མངོན་འགྱུར་བྱེད་དགོས་པ་དང་། གཉིས་ནི་ལེགས་ལྡན་གྱི་གཏེར་རྫས་ཐོན་ཁུངས་ལུགས་མཐུན་དང་གོ་རིམ་ལྡན་པའི་སྒོ་ནས་གསར་སྤེལ་བྱེད་པ། ས་གཤིས་རྩད་ཞིབ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་གཏེར་རྫས་ཐོན་ཁུངས་ཀྱི་གནས་ཚུལ་གསལ་པོ་རྟོགས་པ་བྱེད་པ་དང་བོད་དབུས་དང་བོད་ཤར་ས་ཁུལ་གྱི་མདོག་ལྡན་ལྕགས་རིགས་དང་དེ་བཞིན་ཀེར་ལྕགས་གཏེར་ཐོན་ལས་རྟེན་གཞི་དང་བོད་ནུབ་ཀྱི་ཚྭ་མཚེའུ་ཐོན་ཁུངས་གསར་སྤེལ་རྟེན་གཞི་འཛུགས་སྐྲུན་བྱེད་དགོས་པ། གསུམ་ནི་ཁྱད་ལྡན་ཞིང་འབྲོག་ལས་དང་ལྷད་མེད་བཟའ (བཏུང )ལས་རིགས་འཕེལ་རྒྱས་ཆེན་པོ་གཏོང་བ། ས་མཐོའི་སྐྱེ་དངོས་རིགས་གྲས་ཀྱི་ཐོན་རྫས་མགྱོགས་པོར་གསར་སྤེལ་བྱས་ནས་ནས་ཀྱི་སྦི་རག་དང་5100གཏེར་ཆུ་སོགས་ལེགས་ལྡན་རྣམ་གྲངས་དམ་འཛིན་ཡག་པོ་དང་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ལས་སྣོན་རྟེན་གཞི་འཛུགས་སྐྲུན་བྱེད་དགོས་པ། བཞི་ནི་བོད་སྨན་ཐོན་ལས་ཅན་དང་མི་རིགས་ལག་ཤེས་བཟོ་ལས་འཕེལ་རྒྱས་ཡོང་བར་སྐུལ་འདེད་མགྱོགས་སུ་གཏོང་བ། བོད་ལུགས་གསོ་རིག་ཐོན་ལས་སྡེ་ཁུལ་འཛུགས་སྐྲུན་བྱས་ཏེ་བོད་སྨན་གྱི་ཚད་གཞིའི་མ་ལག་དང་བརྟག་བཤེར་དང་ལྟ་ཞིབ་ཚད་ལེན་གྱི་མ་ལག་འཐུས་ཚང་དུ་བཏང་ནས་2015ལོར་སླེབས་དུས་བོད་ལུགས་གསོ་རིག་གི་ཐོན་ལས་མ་ལག་ཅུང་འཐུས་ཚང་ཞིག་འཛུགས་དགོས་པ་བཅས་རེད།

        བོད་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པར་གལ་འགངས་ཆེ་ཤོས་ནི་བསམ་བློའི་འདུ་ཤེས་དང་། བསམ་བློ་གཏོང་སྟངས། ལས་ཀ་བྱེད་ཐབས་བཅས་གསར་གཏོད་བྱེད་པ་དེ་རེད། རང་ལྗོངས་ཀྱི་རྨང་གཞི་ཞན་ནའང་ཕུན་སུམ་ཚོགས་པོའི་ལེགས་ལྡན་ཐོན་ཁུངས་དང་ཁྱད་ལྡན་གྱི་དམངས་སྲོལ་གོམས་འདྲིས་ཡོད་པས་རེས་སྐོར་གསར་པའི་འཕེལ་རྒྱས་ཁྲོད་ང་ཚོས་མཐོང་རྒྱ་ཆུང་བ་དང་རྒྱུན་འཇགས་ཀྱི་བསམ་བློ་གཏོང་སྟངས་ལས་ཚད་བརྒལ་བྱས་ཏེ་གཙོ་གནད་ལྡན་པའི་སྒོ་ནས་མཚན་སྙན་གྲགས་ཚད་ཅུང་མཐོ་བའི་ས་མཐོའི་ཁྱད་ལྡན་སྤུས་རྟགས་ཁག་གཅིག་བསྐྲུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ཐོན་སྐྱེད་ནུས་པ་སྟོབས་ཆེན་ཆགས་པ་བྱས་ཚེ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ཀྱི་ལམ་བུའི་ཐོག་ཏུ་གཞི་ནས་འོད་སྟོང་འབར་བའི་གྲུབ་འབྲས་སླར་ཡང་གཏོད་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།