དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • རྨང་གཞི་བརྟན་པོ་ཞིག་བཏིང་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་དངོས་པོ་དང་ལག་རྩལ་གྱི་འདེགས་སྐྱོར་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་རང་ལྗོངས་ཀྱིས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་འབད་བརྩོན་བྱ་རྒྱུར་འཕྲད་རྒྱུའི་དུས་བབ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཚོད་དཔག་དང་འཕྲད་རྒྱུའི་འགལ་རྐྱེན་དང་དཀའ་ངལ་ཁག་གཅིག་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་བྱས་ཡོད། དེའི་ནང་འཕེལ་རྒྱས་ཀྱི་ཆ་རྐྱེན་ལ་གཞིགས་ན་རང་ལྗོངས་ཀྱི་རྨང་གཞིའི་སྒྲིག་བཀོད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆ་རྐྱེན་འཛོམས་སུ་འགྲོ་མོད། འོན་ཀྱང་དམིགས་བསལ་གྱི་ཁུལ་བབ་ཀྱི་ཆ་རྐྱེན་གྱི་ཚོད་འཛིན་འཕོག་པའི་རྐྱེན་གྱིས་འཇུར་མིག་གི་ཚོད་འཛིན་དེ་ད་དུང་རྩ་བའི་ཆ་ནས་སེལ་ཐུབ་མེད། གནད་དོན་དེར་དམིགས་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ངེས་པར་དུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པའི་ལས་དོན་དང་ལས་འགན་བཀོད་སྒྲིག་བྱས་ཡོད། ང་ཚོས་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ “གྲོས་འགོའི ”འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་དགོས་གཏུགས་ཀྱི་སེམས་པ་དང་། འཇིགས་ཉེན་གྱི་སེམས་པ། ལས་འགན་སྒྲུབ་སེམས། འགན་འཁྲིའི་སེམས་པ་བཅས་སྔར་བས་ཆེ་རུ་བཏང་སྟེ་ཐབས་དང་ཇུས་ཧུར་ཐག་འདོན་པ་དང་། རང་འགུལ་ངང་ཕར་རྒོལ་བྱེད་པ། གསར་གཏོད་ཡར་བརྩོན་བྱེད་པ་བཅས་ཀྱི་ཁར་འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་ནན་པོ་བྱེད་པ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་ཕུགས་ཀྱི་འཕེལ་རྒྱས་ཆེད་རྨང་གཞིའི་བརྟན་པོ་ཞིག་ཏན་ཏིག་ངང་འདིང་དགོས།    

        འགྲིམ་འགྲུལ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཤིང་། བོད་ཀྱི་འགྲིམ་འགྲུལ་ཤར་གཏོང་ཐུབ་ཚད་དང་། གཞུང་ལམ་དྲ་བ་བཀོད་སྒྲིག་བྱས་ཚུལ་ད་དུང་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་རྒྱུ་དང་གཏན་ནས་མཐུན་མེད་པས་ང་ཚོས་ངེས་པར་དུ་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་བོད་འཕེལ་རྒྱས་མགྱོགས་པོ་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས། ཚན་རིག་དང་མཐུན་པའི་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་ཆེད་འགྲིམ་འགྲུལ་གྱི་འགན་ལེན་ནུས་ལྡན་བྱེད་དགོས་པ་དང་། འགྲིམ་འགྲུལ་གྱི་ཐོན་ཁུངས་ལེགས་སྒྲིག་ཏན་ཏིག་བྱས་ཏེ་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཁྱབ་ཁོངས་ལེགས་སུ་གཏོང་བ་དང་སྐྱེལ་འདྲེན་བྱེད་སྟངས་སྣ་ཚོགས་ཕན་ཚུན་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་ནས་གཞུང་ལམ་དྲ་བ་རྨང་གཞིར་བྱེད་པ་དང་། མ་ལམ་ཡིན་པའི་གཞུང་ལམ་དང་། ལྕགས་ལམ། མཁའ་ལམ་བཅས་ཀྱི་སྐྱེལ་འདྲེན་སྒྲོམ་གཞིར་བྱེད་པ། གྲོང་གསེབ་ཀྱི་གཞུང་ལམ་དང་རྒྱལ་ཁབ་ཀྱི་མཐའ་མཚམས་སྲུང་སྐྱོང་གཞུང་ལམ་གཙོ་གནད་དུ་བྱེད་པ་བཅས་ཀྱི་ཤར་ནུབ་འཕྲེད་བརྒལ་དང་། ལྷོ་བྱང་གཞུང་བརྒལ། གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པ། ཕྱི་ནང་དུ་ཤར་གཏོང་ཐུབ་པ་བཅས་དང་། སྟབས་བདེ་དང་། མྱུར་བ། ཤར་གཏོང་། ཕན་ཆེ། བདེ་འཇགས་བཅས་ལྡན་པའི་ཕྱོགས་བསྡུས་སྐྱེལ་འདྲེན་མ་ལག་ཅིག་རིམ་བཞིན་ཆགས་པ་བྱེད་དགོས་པ། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ་ཞིང་འབྲོག་ཁུལ་གྱི་གཞུང་ལམ་གྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་ཏན་ཏིག་བཏང་ནས་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འགན་ལེན་ནུས་ལྡན་བྱེད་དགོས་པ། བོད་ཀྱི་གཞུང་ལམ་གྱི་གེགས་སེལ་དང་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་བཏང་སྟེ་གཞུང་ལམ་བདག་སྐྱོང་དང་སྐྱེལ་འདྲེན་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་གཞུང་ལམ་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཞབས་ཞུའི་འགན་ལེན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

        ནུས་རྒྱུ་གསར་སྤེལ་ཤུགས་ཆེན་བྱེད་དགོས་ཤིང་། རྒྱུན་གཏན་གྱི་ནུས་རྒྱུ་དཀོན་པ་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འཇུར་མིག་ཅིག་ཏུ་གྱུར་པ་དང་སྣུམ་དང་སོལ་རླངས་སོགས་ནང་ས་ནས་དབོར་དགོས་ཀྱི་ཡོད་པ་དང་ནུས་རྒྱུ་དཀོན་པའི་གནོན་ཤུགས་ཧ་ཅང་ཆེན་པོ་ཡོད། དེར་བརྟེན་ངེས་པར་དུ་སྤུས་ལེགས་ནུས་རྒྱུ་ནང་འདྲེན་བྱ་རྒྱུ་དང་ས་གནས་དེ་གའི་ནུས་རྒྱུའི་ཐོན་ཁུངས་གསར་སྤེལ་ཤུགས་ཆེན་བྱ་རྒྱུ་གཉིས་གལ་ཆེ་མཉམ་འཇོག་བྱ་རྒྱུ་དེ་ནི་བོད་དུ་རྒྱུན་གཏན་གྱི་ནུས་རྒྱུ་དཀོན་པའི་གནད་དོན་ཐག་གཅོད་བྱ་རྒྱུའི་དགོས་མཁོ་ཞིག་རེད་ལ་སྣོད་བཅུད་ཁོར་ཡུག་འཛུགས་སྐྲུན་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་རྒྱུའི་དགོས་མཁོ་ཞིག་ཀྱང་རེད། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བས་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཐོན་ཁུངས་གྲོན་ཆུང་ཅན་དང་ཁོར་ཡུག་མཐུན་འཕྲོད་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱ་རྒྱུ་དང་མི་དམངས་ཀྱི་འཚོ་བ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱ་རྒྱུར་དམིགས་ཏེ་ལག་རྩལ་གྱི་ནུས་པ་ཡག་པ་དང་། དཔལ་འབྱོར་གྱི་ཕན་འབྲས་ཆེ་བ། བདེ་འཇགས་ཐོན་སྐྱེད་ལ་འགན་ལེན་ཐུབ་པ། ཁོར་ཡུག་ལ་ཤུགས་རྐྱེན་ཆུང་བ། མ་བཅོས་རྒྱུ་ཆ་འདང་ངེས་བཅས་ཀྱི་བསྐྱར་སྐྱེད་ཐུབ་པའི་ནུས་རྒྱུའི་ཐོན་ཁུངས་ལ་གཞི་ཚུགས་པ་དང་ནུས་རྒྱུ་གསར་སྤེལ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་ནས་ཆུ་གློག་གཙོ་བོར་བྱེད་པ་དང་། སྣུམ་དང་། སོལ་རླངས། བསྐྱར་སྐྱེད་ཐུབ་པའི་ནུས་རྒྱུ་གསབ་རེས་བྱེད་པ། བརྟན་ལྷིང་དང་། དྭངས་གཙང་། བདེ་འཇགས། གོང་ཁེ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ཀྱི་ཕྱོགས་བསྡུས་ནུས་རྒྱུའི་མ་ལག་ཅིག་དངོས་བྲེལ་ཆགས་པ་བྱས་ནས་དཔལ་འབྱོར་དང་། སྤྱི་ཚོགས། ནུས་རྒྱུ། ཁོར་ཡུག་བཅས་རྒྱུན་མཐུད་དང་མཐུན་སྦྱོར་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

        ཆུ་བེད་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཤིང་། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱ་རྒྱུའི་གོ་སྐབས་བཟང་པོར་དམ་འཛིན་གྱིས་གཙོ་གནད་ལས་གྲྭ་དང་དམངས་འཚོའི་ཆུ་བེད་ལས་གྲྭ་འཛུགས་སྐྲུན་བྱ་རྒྱུའི་ཐད་མཆོང་སྐྱོད་གསར་པ་ཡོང་བ་བྱེད་དགོས་པ་དང་། “གཙང་པོ་གཅིག་དང་ཆུ་བོ་གསུམ ”རྒྱུག་ཁུལ་གྱི་ཚོད་འཛིན་རང་བཞིན་གྱི་རྐང་འཛིན་ལས་གྲྭ་ཆེ་འབྲིང་གྲས་འཛུགས་སྐྲུན་བྱ་རྒྱུར་དམ་འཛིན་བྱེད་དགོས་པ། དམངས་འཚོ་ལེགས་སུ་གཏོང་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ཏེ་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དོ་དམ་ལས་དོན་ཡག་པོ་སྒྲུབ་པ་དང་། མིག་སྔ་དང་ཕུགས་དང་། ཁྱོན་ཡོངས་དང་ཆ་ཤས། གཙོ་གནད་དང་སྤྱིར་བཏང་། གསར་སྤེལ་དང་སྲུང་སྐྱོང་། དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཉིས་དང་ཁོར་ཡུག་གི་ཕན་འབྲས་སོགས་དབར་གྱི་འབྲེལ་བ་ཐག་གཅོད་ལུགས་མཐུན་བྱེད་པ། གྲོང་གསེབ་ཀྱི་དྭངས་གཙང་འཐུང་ཆུའི་ལས་གྲྭ་དང་། ཆུ་ཤུགས་གློག་ཁང་ཆུང་གྲས་ཀྱི་ལས་གྲྭ ཞིང་ནང་ཆུ་བེད་ལས་གྲྭ འབྲུབ་འགོག་ལས་གྲྭ་བཅས་འཛུགས་སྐྲུན་མགྱོགས་པོ་བཅས་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་འཐུང་ཆུ་དང་། གློག ཞིང་ཆུ། འབྲུག་འགོག་བདེ་འཇགས་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས།

        ཆ་འཕྲིན་འཛུགས་སྐྲུན་ལ་ཤུགས་སྣོན་ཆེན་པོ་རྒྱག་དགོས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དྲ་ཆེན་དང་། སྐུད་མེད་འཕྲིན་གཏོང་། མཉམ་འབྲེལ་དྲ་བ་རྗེས་མ། སྲུང་སྐར་འཕྲིན་གཏོང་སོགས་ཕྱོགས་བསྡུས་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་གཙོ་གནད་དུ་འཛུགས་སྐྲུན་ཡག་པོ་བྱས་ཏེ་གློག་འཕྲིན་དྲ་བ་དང་། རླུང་འཕྲིན་དང་བཪྙན་འཕྲིན་དྲ་བ། མཉམ་འབྲེལ་དྲ་བ་བཅས་མཉམ་འདྲེས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། གློག་རྡུལ་སྲིད་དོན་དང་། གློག་རྡུལ་ཚོང་དོན། རྒྱང་ཁྲིད་སློབ་གསོ། རྒྱང་ཁྲིད་སྨན་བཅོས་སོགས་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། ལྷག་པར་དུ་ཞིང་འབྲོག་ཁུལ་དང་ཐག་རིང་ས་ཁུལ་གྱི་ཆ་འཕྲིན་དྲ་བ་ཡོངས་སུ་ཁྱབ་པའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་སྲིད་འཛིན་གྲོང་ཚོ་དང་འགྲིམ་འགྲུལ་ལམ་རྒྱུད་ཀྱི་འཕྲིན་གཏོང་བརྡ་རྟགས་ཁྱོན་ཡོངས་ནས་ཁྱབ་རྒྱུ་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བྱེད་དགོས།

        ཧེ་བག་ནི་འབད་བརྩོན་བྱེད་པའི་ཁ་ཕྱོགས་ཡིན། རྨང་གཞིའི་སྒྲིག་བཀོད་སྔོན་དུ་འཛུགས་སྐྲུན་བྱེད་པའི་བླང་བྱ་གཞིར་བཟུང་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་དང་། ཕྱོགས་བསྡུས་ནུས་རྒྱུའི་མ་ལག ཆུ་བེད་དང་ཆ་འཕྲིན་ཅན་གྱི་རྨང་གཞིའི་སྒྲིག་བཀོད་བཅས་འཛུགས་སྐྲུན་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཤུགས་ཆེན་བྱས་ནས་འཕེལ་རྒྱས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དེ་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་ང་ཚོའི་ལས་འགན་གལ་ཆེན་ཞིག་རེད། ང་ཚོས་ངེས་པར་དུ་བསམ་བློའི་ངོས་འཛིན་མཐོ་རུ་ཏན་ཏིག་བཏང་སྟེ་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དང་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། བསམ་ཕྱོགས་རྒྱ་ཆེར་གཏོང་བ། ལས་དོན་ཁག་གསར་གཏོད་རང་བཞིན་གྱི་སྒོ་ནས་ཡག་པོ་སྤེལ་བ་བཅས་བྱས་ཏེ་འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད། འཕྲིན་གཏོང་སོགས་ཐད་ཀྱི་འཇུར་མིག་གི་ཚོད་འཛིན་རིམ་བཞིན་སེལ་བ་དང་ཧེ་བག་མེད་པ་བཟོས་ནས་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དངོས་པོ་དང་ལག་རྩལ་གྱི་འདེགས་སྐྱོར་ནུས་ལྡན་བྱེད་པ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་མངོན་འགྱུར་བྱ་ཕྱིར་རྨང་གཞི་བརྟན་པོ་ཞིག་འདིང་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།