དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • “ལོ་ལྔ་ཚན་བཅུ་གཉིས་པའི”རིང་འབད་འཐབ་བྱས་ཏེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་ལེའུ་གསར་པ་ཞིག་རྩོམས་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ཉེ་ཆར་གྲོལ་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཚོགས་འདུའི་ཐོག 《“ལོ་ལྔ་ཚན་བཅུ་གཉིས་པའི ”རིང་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་འགོར 》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། 《གྲོས་འགོའི 》ནང་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ཚོགས་འདུའི་དགོངས་དོན་བཅས་ལག་བསྟར་ནན་ཏན་བྱེད་དགོས་པ་དང་རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་དུས་བབ་གསར་པ་དང་ལས་འགན་གསར་པ་སྟངས་འཛིན་འཕྱུགས་མེད་བྱས་ཏེ་རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་གྱི་མཛུབ་ཁྲིད་བསམ་བློ་དང་། དམིགས་ཚད་ལས་འགན། གཞི་རྩའི་རེ་བ་དང་བྱ་ཐབས་གལ་ཆེན་སོགས་ཁ་གསལ་བཏོན་ཡོད། དུས་རབས་གསར་པའི་རང་ལྗོངས་ཀྱི་ལོ་ལྔའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བརྗིད་ཆེའི་འཆར་གཞི་ཨང་གསུམ་པ་བཀོད་པ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་སྐུལ་སློང་བྱས་ཏེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བཅས་བྱ་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན།   

        ཚོགས་འདུའི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་ཡག་པོ་དང་། ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པར་དང་ཐོག་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་བའི “ལོ་ལྔ་ཚན་བཅུ་གཉིས་པའི ”དོན་སྙིང་གལ་ཆེན་ལ་ངེས་པར་དུ་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་དུས་བབ་གསར་པ་དང་ལས་འགན་གསར་པར་ངོས་འཛིན་གཏིང་ཟབ་བྱས་ཏེ་འགན་འཁྲི་ཁུར་སེམས་དང་དགོས་གཏུགས་ཀྱི་བསམ་པ་ཏན་ཏིག་མཐོ་རུ་བཏང་ཐོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་སྐུལ་སློང་བྱས་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་འབད་འཐབ་བྱས་ཏེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་ལེའུ་གསར་པ་ཞིག་ཐུན་མོང་ཐོག་བརྩམ་རྒྱུ་ཡིན་པ་རེད།

        “ལོ་ལྔ་ཚན་བཅུ་གཉིས ”ནི་རང་ལྗོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་བྱེད་པར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པའི་འགག་རྩའི་དུས་སྐབས་ཤིག་ཡིན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་2020ལོར་བོད་ཀྱི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་ཚད་སླར་ཡང་གཏན་འཁེལ་བྱས་ཡོད། ལྗོངས་ཏང་ཨུད་ཀྱི་ལས་དོན་གྲོས་ཚོགས་ཐོག་གོམ་པ་གསུམ་ལ་དབྱེ་ནས་འགྲོ་བའི་འཐབ་ཇུས་བཏོན་པའི་ནང “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་བདེ་བླག་ངང་ལེགས་གྲུབ་བྱ་རྒྱུ་ནི་རྨང་གཞི་ཡིན་པ་དང “ལོ་ལྔ་ཚན་བཅུ་གཉིས་པར ”དམ་འཛིན་བྱ་རྒྱུ་ནི་འགག་རྩ་ཡིན་པའི་རྨང་གཞིའི་ཐོག་སླར་ལོ་ལྔ་འབད་བརྩོན་བྱས་ཚེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་མངོན་འགྱུར་ཐུབ་རྒྱུ་རེད། དུས་ཚོད་ཀྱིས་མི་མི་སྒུག་ལ་དུས་ཚོད་ཀྱིས་མི་ལ་གུ་ཡངས་ཀྱང་གཏོང་མི་སྲིད། མ་འོངས་པའི་ལོ་བཅུའི་རིང་དུས་དང་རྣམ་པ་ཀུན་ཏུ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ཏེ་འབད་འཐབ་བྱེད་དགོས་ངེས་ཡིན་མོད། འོན་ཀྱང་འགག་རྩ་ནི་ཐོག་མའི་ལོ་ལྔ་པོ་དེ་ཡིན། གལ་སྲིད་གོང་གི་ལོ་ལྔ་པོ་དེ་དམ་འཛིན་མ་ཐུབ་པར་བུ་ལོན་མང་པོ་ཟུག་པ་ཡིན་ན་མཐའ་མའི་ལོ་ལྔའི་ནང་གུན་གསབ་བྱེད་ཁག་པོ་རེད། དེར་བརྟེན “ལོ་ལྔ་ཚན་བཅུ་གཉིས་པར ”ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད།

        འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་བྱེད་རིན་ཆེན་པོ་ལྡན་ཡོད། “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་འཕེལ་རྒྱས་བཏང་བ་བརྒྱུད་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་སྲ་ཞིང་བརྟན་པའི་རྨང་གཞི་ཞིག་ཆགས་ཡོད། དཔལ་འབྱོར་བརྟན་ལ་ཅུང་མགྱོགས་པའི་ངང་འཕེལ་རྒྱས་འགྲོ་བའི་དུས་བབ་བཟང་པོ་ཞིག་རྒྱུན་འཛིན་བྱེད་ཐུབ་ཡོད་པ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ཚད་བརྒལ་ཆེན་པོ་བྱུང་ཡོད་པ། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པའི་འཛུགས་སྐྲུན་ཐད་གོམ་སྟབས་གསར་པ་ཞིག་སྤོས་པ། སྤྱི་ཚོགས་བྱ་གཞག་ལ་སྒོ་ཀུན་ནས་སྐུལ་འདེད་ཐེབས་པ། སྣོད་བཅུད་བཟང་བའི་བོད་ལྗོངས་འཛུགས་སྐྲུན་ལ་ཕན་འབྲས་ཏན་ཏིག་ཐོབ་པ་བཅས་བྱུང་ནས་སྤྱི་ཚོགས་ཀྱི་དུས་བབ་གཞི་རྩའི་ཆ་ནས་བརྟན་ལྷིང་ཡིན་པ་ནས་རྒྱུན་མཐུད་བརྟན་ལྷིང་གི་ཕྱོགས་སུ་བསྐྱོད་ཐུབ་པ་བྱུང་ཡོད། ལྷག་དོན་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་པ་དེས་2020ལོར་བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་མངོན་འགྱུར་བྱེད་པའི་བརྗིད་ཆེའི་དམིགས་ཚད་ཀྱི་དུང་བརྡ་གསར་པ་ཞིག་གྲགས་པ་དེ་དག་ཚང་མས “ལོ་ལྔ་ཚན་བཅུ་གཉིས་པར ”དམ་འཛིན་བྱེད་པར་རྨང་གཞི་གལ་ཆེན་ཞིག་བཏིང་ཡོད་པ་དང་ཕན་ལྡན་གྱི་ཆ་རྐྱེན་ཡང་བཏོད་ཡོད།

        “ལོ་ལྔ་ཚན་བཅུ་གཉིས ”ནི་དམ་འཛིན་ཤུགས་ཆེན་བྱེད་དགོས་པ་དང་གཞི་ཁྱོན་ཆེན་པོས་འཛུགས་སྐྲུན་བྱེད་དགོས་པའི་དུས་སྐབས་ཤིག་ཡིན། ལོ་རྒྱུས་དང་། རང་བྱུང་། སྤྱི་ཚོགས་སོགས་ཀྱི་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཕོག་པར་བརྟེན་བོད་འདི་ཉིད་སྤྱིའི་ཆ་ནས་དར་རྒྱས་བྱུང་མེད་པའི་ས་ཁུལ་དུ་སྔར་བཞིན་གནས་ཡོད་པ་དང་རྒྱལ་ཡོངས་དང་བསྡུར་ན་ད་དུང་ཧེ་བག་ཆེན་པོ་འཛོལ་ཡོད། འཕེལ་རྒྱས་ཀྱི་ཆུ་ཚུད་ལ་བལྟས་ན། ཕྱོགས་བསྡུས་སྟོབས་ཤུགས་དང་རང་ངོས་འཕེལ་རྒྱས་གཏོང་ནུས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད་མོད་འོན་ཀྱང་དཔལ་འབྱོར་གྱི་བསྡོམས་འབོར་ཉུང་བ་དང་། རང་ངོས་གསོག་འཇོག་བྱེད་ཚད་དམའ་བ། དབུལ་པོ་ཅུང་མང་བ། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་འགོར་པོ་ཡོད་པ། འཕེལ་རྒྱས་ཀྱི་ཆ་རྐྱེན་ལ་བལྟས་ན། རྨང་གཞིའི་སྒྲིག་བཀོད་ཀྱི་འཇུར་འགག་གི་ཚོད་འཛིན་ད་དུང་ཡང་རྩ་བ་ནས་སེལ་མེད་པ། འཕེལ་རྒྱས་གཏོང་སྟངས་ལ་བལྟས་ན། ཁྱད་ལྡན་ཐོན་ལས་ཀྱི་གཞི་ཁྱོན་ཆུང་བ་དང་། རིམ་པ་དམའ་བ། ཐོན་ལས་ཀྱི་འདེགས་སྐྱོར་ནུས་པ་ཞན་པ་བཅས་ཡིན་པས་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་དང་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་གཏོང་བའི་ལས་འགན་ཧ་ཅང་ལྕི་པོ་ཡོད་པ། ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་གཞིར་བལྟས་ན། གཞུང་ཁོངས་ཁེ་ལས་ཀྱི་སྒྲིག་གཞི་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་འགྲན་རྩོད་ཀྱི་ནུས་པ་མཐོ་རུ་གཏོང་བའི་ལས་འགན་ལྕི་པོ་ཡིན་པ་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་པ། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་ཚད་དང་རིམ་པ་ཅུང་དམའ་བ། སྤྱི་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་ཤུགས་མི་འདང་བ་བཅས་ཡིན་པ། གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པར་བལྟས་ན། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་དབར་མཐུན་སྦྱོར་མེད་པའི་གནད་དོན་ད་དུང་མངོན་གསལ་དོད་ཙམ་ཡོད་པ། སྤྱི་ཚོགས་ཁོར་ཡུག་ལ་བལྟས་ན། ང་ཚོ་དང་ཏཱ་ལའི་རུ་ཚོགས་དབར་གྱི་འཐབ་རྩོད་ནི་ཡུན་རིང་དང་། ཪྙོག་འཛིང་ཆེ་བ། ཛ་དྲག་པ་བཅས་དང་སྐབས་རེ་ཐ་ན་ཧ་ཅང་ཛ་དྲག་པོ་ཡོད་པ་བཅས་རེད། དཀའ་ངལ་ནི་སྣོན་ཤུགས་ཡིན་པ་དང་ཧེ་བག་ནི་འབད་བརྩོན་བྱེད་ཕྱོགས་ཡིན། འཕེལ་རྒྱས་ཀྱི་ལམ་བུ་ནི་ཡུན་རིང་ཡིན་ནའང་གནད་འགག་ཆེ་ས་གོམ་པ་ཁ་ཤས་ལས་མེད་པས་གོམ་པ་གཅིག་ནོར་འཛོལ་བྱུང་ན་རྦད་དེ་རྗེས་ལུས་ཐེབས་སྲིད། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གོམ་པ་དལ་དྲགས་རྒྱུ་མེད་ལ་འཐུས་ཤོར་དུའང་གཏོང་རྒྱུ་མེད་ཅིང་དེ་ནི་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་བྱེད་པའི་དུས་སྐབས་ཤིག་ཡིན་ལ་བྱེད་རིན་ཡོད་པའི་དུས་སྐབས་ཤིག་ཀྱང་རེད།

        ང་ཚོས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་གལ་ཆེའི་དོན་སྙིང་ལ་ངེས་པར་དུ་ངོས་འཛིན་གསལ་པོ་བྱེད་པ་དང་། རང་ལྗོངས་ཀྱི་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལ་ངོས་འཛིན་གསལ་པོ་བྱེད་པ། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཕྲད་པའི་གནད་དོན་གཙོ་བོར་ངོས་འཛིན་གསལ་པོ་བྱེད་པ། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་གཞི་རྩའི་བླང་བྱར་ངོས་འཛིན་གསལ་པོ་བྱེད་པ་བཅས་བྱས་ནས་དུས་ཚོད་ཀྱིས་མི་མི་སྒུག་པ་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱི་སྙིང་སྟོབས་ཐོག་ནས་འགོ་འཛུགས་ས་གསར་པའི་ཐོག་ལངས་པ་དང་། གོ་སྐབས་གསར་པ་དམ་འཛིན་བྱེད་པ། མཆོང་སྐྱོད་གསར་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཛུབ་ཁྲིད་བསམ་བློའི་ཐོག་ཐུན་མོང་གི་ངོས་འཛིན་ཆགས་པ་བྱས་ནས་དངོས་ཡོད་ལས་དོན་ནང་མཉམ་ཤུགས་ཤིག་ཆགས་པ་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དེ་བས་ལེགས་པའི་སྐུལ་སློང་གིས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་འབད་འཐབ་ཧུར་ཐག་བྱས་ཐོག་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་ལེའུ་གསར་པ་ཞིག་ཧུར་ཐག་བརྩམས་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།