དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཤེས་ལྡན་མི་སྣར་བརྟེན་ནས་རང་ལྗོངས་སྟོབས་ཆེར་གཏོང་བའི་འཐབ་ཇུས་ཀྱི་དམིགས་ཚད་སྒྲུབ་པའི་བྱ་སྤྱོད་ཀྱི་རྩ་འཛིན།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        གྲོལ་མ་ཐག་པའི་ལྗོངས་ཡོངས་ཀྱི་ཤེས་ལྡན་མི་སྣའི་ལས་དོན་ཚོགས་འདུས 《བོད་རང་སྐྱོང་ལྗོངས་ཀྱི་དུས་ཡུན་རིང་འབྲིང་གི་ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་རྒྱུའི་འཆར་འགོད་རྩ་གནད (2010—2020ལོ་བར )》(གཤམ་དུ་བསྡུས་མིང་ལ 《ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་རྒྱུའི་འཆར་འགོད་རྩ་གནད 》ཅེས་བརྗོད་རྒྱུ )སྒོ་ཀུན་ནས་བཀོད་སྒྲིག་བྱས་ནས་2020 ལོ་བར་གྱི་རང་ལྗོངས་ཀྱི་ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་རྒྱུའི་འཐབ་ཇུས་དམིགས་ཚད་དང་། མཛུབ་ཁྲིད་བྱེད་ཕྱོགས། སྤྱིའི་བཀོད་སྒྲིག གལ་ཆེའི་བྱ་ཐབས་བཅས་བཏོན་ཡོད་པ་རེད། 《ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་རྒྱུའི་འཆར་འགོད་རྩ་གནད 》ནི་རང་ལྗོངས་ཀྱི་དུས་ཡུན་རིང་འབྲིང་གི་ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་རྒྱུའི་འཆར་འགོད་ཨང་དང་པོ་དེ་དང་ཤེས་ལྡན་མི་སྣར་བརྟེན་ནས་རང་ལྗོངས་སྟོབས་ཆེར་གཏོང་བའི་འཐབ་ཇུས་མངོན་འགྱུར་བྱེད་པའི་བྱ་སྤྱོད་རྩ་འཛིན་ཞིག་ཀྱང་ཡིན་པ་རེད། འཆར་འགོད་དེ་བཏོན་ནས་ལག་བསྟར་བྱ་རྒྱུ་དེ་ནི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་བར་གལ་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད་པ་རེད།

        ཤེས་ལྡན་མི་སྣ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐོན་ཁུངས་ཨང་དང་པོ་དེ་ཡིན་པ་དང་ཤེས་ལྡན་མི་སྣའི་གནད་དོན་ནི་རང་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་འགག་རྩའི་གནད་དོན་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་ནས་བཟུང་ཤེས་ལྡན་མི་སྣའི་ལས་དོན་ལ་མཐོང་ཆེན་པོ་བྱས་ནས་ཤེས་ལྡན་མི་སྣའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་ཡོད། 2003 ལོར་རྒྱལ་ཡོངས་ཀྱི་ཤེས་ལྡན་མི་སྣའི་ལས་དོན་ཚོགས་འདུ་ཐེངས་དང་པོ་སྐོང་ཚོགས་བྱས་ཚུན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚན་སློབ་ལ་བརྟེན་ནས་བོད་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་མ་བཏང་བ་དང་དུས་མཚུངས་ཤེས་ལྡན་མི་སྣར་བརྟེན་ནས་རང་ལྗོངས་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་གྱི་གལ་ཆེའི་ཐབས་ཇུས་བཟོས་པ་དང 《〈ཤེས་ལྡན་མི་སྣའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས 〉ལག་བསྟར་བྱ་རྒྱུའི་བསམ་འཆར 》དང 《ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར 》སོགས་བཟོས་ནས་བཏོན་ཏེ་ཤེས་ལྡན་མི་སྣའི་ལས་དོན་གྱི་སྤྱིའི་བླང་བྱ་དང་། བྱེད་ཕྱོགས་དང་རྩ་དོན། དམིགས་ཚད་དང་ལས་འགན། སྲིད་ཇུས་དང་བྱ་ཐབས་བཅས་སྔར་བས་ཁ་གསལ་བྱུང་ཡོད། རང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཏང་ཨུད་ཀྱིས་བཏོན་པའི “རྩེར་སོན་གྱི་ཤེས་ལྡན་མི་སྣ་རྒྱལ་ཡོངས་ལ་ཕྱོགས་པ་དང་། སྤྱིར་བཏང་གི་ཤེས་ལྡན་མི་སྣ་ལྗོངས་ནང་ཁུལ་དུ་དམིགས་པ ”དང “ད་ཡོད་ཀྱི་ཤེས་ལྡན་མི་སྣ་ཡག་པོ་སྤྱོད་པ་དང་། འགག་རྩའི་ཤེས་ལྡན་མི་སྣ་བརྟན་པོ་ཡོང་བ་བྱེད་པ། དགོས་མཁོ་ཆེ་བའི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པ། འབྱུང་འགྱུར་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ ”བཅས་ཀྱི་ཤེས་ལྡན་མི་སྣའི་ལས་དོན་གྱི་མཛུབ་ཁྲིད་དགོངས་པ་ལག་བསྟར་ནན་ཏན་བྱས་ནས་ཤེས་ལྡན་མི་སྣར་བརྟེན་ནས་རང་ལྗོངས་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུར་རྒྱུན་ཆད་མེད་པར་སྐུལ་མ་བཏང་སྟེ་ཤེས་ལྡན་མི་སྣའི་ལས་དོན་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ཐད་ཕན་འབྲས་མངོན་གསལ་པོ་དོད་པོ་ཐོབ་ཡོད། ལྗོངས་ཡོངས་ཀྱི་ཤེས་ལྡན་མི་སྣའི་སྤྱི་འབོར་བརྟན་པོའི་ངང་འཕར་བ་དང་ཤེས་ལྡན་མི་སྣའི་ཕྱོགས་བསྡུས་བྱང་ཚད་ཟམ་མི་ཆད་པར་གོང་མཐོར་སོང་ནས་ངལ་རྩོལ་ལ་བརྩི་བཀུར་དང་། ཤེས་བྱ་གོང་དུ་བཀུར་བ། ཤེས་ལྡན་མི་སྣར་བརྩི་བཀུར། གསར་གཏོད་ལ་བརྩི་བཀུར་བཅས་བྱེད་པའི་རྣམ་པ་ཞིག་རིམ་པས་ཆགས་བཞིན་ཡོད།

        ཤེས་ལྡན་མི་སྣར་བརྟེན་ནས་རང་ལྗོངས་སྟོབས་ཆེ་སྐྲུན་པའི་འཐབ་ཇུས་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པར “ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ཤེས་ལྡན་མི་སྣར་གཟིགས་སྐྱོང་བྱེད་པ། སྤྱོད་རྒྱུ་གཞི་རྩར་བྱེད་པ། ལམ་སྲོལ་གསར་གཏོད། གསོ་སྐྱོང་དང་ནང་འདྲེན་གལ་ཆེ་མཉམ་དུ་འཛིན་པ། ཁྱོན་ཡོངས་གསར་སྤེལ ”བཅས་ཀྱི་ཤེས་ལྡན་མི་སྣ་གོང་འཕེལ་གཏོང་བའི་མཛུབ་ཁྲིད་དང་བྱེད་ཕྱོགས་ལག་བསྟར་ནན་ཏན་བྱེད་དགོས། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བར་ཞབས་འདེགས་ཞུ་རྒྱུ་དེ་ཤེས་ལྡན་མི་སྣའི་ལས་དོན་གྱི་རྩ་བའི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་དམིགས་ཚད་ལ་གཞིགས་ནས་ཤེས་ལྡན་མི་སྣའི་ཐོན་ཁུངས་གསར་སྤེལ་ལ་སྐུལ་མ་གཏོང་བ་དང་། མཆོང་སྐྱོང་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་དགོས་མཁོར་གཞིགས་ནས་ཤེས་ལྡན་མི་སྣའི་སྲིད་ཇུས་དང་བྱ་ཐབས་བཟོ་བ། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་གྲུབ་འབྲས་ལ་བརྟེན་ནས་ཤེས་ལྡན་མི་སྣའི་ལས་དོན་གྱི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པ་བཅས་བྱས་ཏེ་ཤེས་ལྡན་མི་སྣའི་སྤྱི་འབོར་དང་། བྱང་ཚད། གྲུབ་ཆ། ཁྱབ་ཚུལ་བཅས་ཕན་ཚུན་འཚམས་པོ་དང་མཐུན་སྦྱོར་ཡོང་བ་བྱེད་དགོས། ཤེས་ལྡན་མི་སྣར་གཟིགས་སྐྱོང་བྱེད་པར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རིང་ཤེས་ལྡན་མི་སྣ་སྔོན་ལ་གོང་འཕེལ་གཏོང་བའི་འཐབ་ཇུས་བཀོད་སྒྲིག་གཏན་འཁེལ་བྱས་ནས་ཤེས་ལྡན་མི་སྣའི་ཐོན་ཁུངས་སྔོན་ལ་གསར་སྤེལ་དང་། ཤེས་ལྡན་མི་སྣའི་གྲུབ་ཆ་སྔོན་ལ་ལེགས་སྒྲིག ཤེས་ལྡན་མི་སྣའི་མ་འཇོག་སྔོན་ལ་འགན་ལེན། ཤེས་ལྡན་མི་སྣའི་ལམ་ལུགས་སྔོན་ལ་གསར་གཏོད་བཅས་བྱེད་ཐུབ་པ་བྱེད་དགོས། སྤྱོད་རྒྱུ་གཞི་རྩར་འཛིན་པའི་ཤེས་ལྡན་མི་སྣ་སྒོ་ཀུན་ནས་གོང་འཕེལ་ཡོང་བར་སྐུལ་མ་གཏོང་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཤེས་ལྡན་མི་སྣ་སྟབས་བསྟུན་བེད་སྤྱོད་ཡག་པོ་གཏོང་རྒྱུར་དམིགས་ཏེ་ཤེས་ལྡན་མི་སྣ་འཚར་ལོངས་ཡོང་བར་ཕན་ཐོགས་ཡོད་པའི་སྲིད་ཇུས་དང་བྱ་ཐབས་བཟོས་ཏེ་ཤེས་ལྡན་མི་སྣ་ཁག་གིས་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཤེས་ལྡན་མི་སྣ་སྤྱོད་པའི་ཁོར་ཡུག་བཟང་པོ་དང་སྲིད་ཇུས་ཀྱི་ལེགས་ཆ་གྲུབ་པ་བྱས་ནས་རིགས་ཁག་གི་ཤེས་ལྡན་མི་སྣས་བྱ་བ་སྒྲུབ་པ་དང་བྱ་གཞག་གཏོད་པའི་གོ་སྐབས་དང་ཆ་རྐྱེན་བཏོད་དེ་ཤེས་ལྡན་མི་སྣ་སྤྱོད་རིང་རིན་ཐང་གང་ལེགས་མངོན་པ་དང་གོང་མཐོར་འགྲོ་ཐུབ་པ་བྱེད་དགོས། ལམ་སྲོལ་གསར་གཏོད་བྱེད་པར་ལམ་སྲོལ་དང་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ཤེས་ལྡན་མི་སྣ་གོང་འཕེལ་འགྲོ་རྒྱུར་སྐུལ་མ་གཏོང་བའི་གཞི་རྩའི་སྒུལ་ཤུགས་ཤིག་ཏུ་བརྩིས་ཏེ་ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་རིགས་ཁག་གི་ཤེས་ལྡན་མི་སྣའི་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་བྱེད་དགོས། གསོ་སྐྱོང་དང་ནང་འདྲེན་གལ་ཆེ་མཉམ་དུ་འཛིན་པར་ས་ཆ་དེ་གའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་གཞི་ཚུགས་ནས་ཤེས་ལྡན་མི་སྣ་བརྟན་པོ་ཡོང་བ་བྱེད་པ་དང་། ལྡན་མི་སྣ་བེད་སྤྱོད་ཡག་པོ་བྱ་རྒྱུ་གཉིས་གལ་ཆེ་མཉམ་དུ་འཛིན་ནས་དགོས་གཏུགས་ཆེ་ཞིང་ཁ་ཐང་བའི་ཤེས་ལྡན་མི་སྣ་རྒྱལ་ཡོངས་ལ་ཕྱོགས་པ་དང་སྤྱིར་བཏང་གི་ཤེས་ལྡན་མི་སྣ་ལྗོངས་ནང་ཁུལ་དུ་དམིགས་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ད་ཡོད་ཤེས་ལྡན་མི་སྣ་བེད་སྤྱོད་ཡག་པོ་བྱེད་པ་དང་འགག་རྩའི་ཤེས་ལྡན་མི་སྣ་བརྟན་པོ་ཡོང་བ་བྱེད་པ་དང་ཆབས་ཅིག་ཐམས་ཅད་དོན་དུ་མི་གཉེར་ཡང་སྤྱོད་གོ་ཆོད་རྒྱུ་དོན་གཉེར་བྱས་ཏེ་དགོས་གཏུགས་ཆེ་ཞིང་ཁ་ཐང་བའི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་དགོས། ཁྱོན་ཡོངས་གསར་སྤེལ་བྱེད་པར་རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་གཙོ་ཁྲིད་དུ་བྱེད་པ་དང་ཉེར་སྤྱོད་རྣམ་པའི་ཤེས་ལྡན་མི་སྣས་གཙོ་བོ་བྱས་ཏེ་ས་ཁོངས་དབར་དང་། ལས་རིགས་དབར། དཔལ་འབྱོར་གྱི་རིགས་མི་འདྲ་བའི་དབར་བཅས་ཀྱི་ཤེས་ལྡན་མི་སྣ་བཀོད་སྒྲིག་བྱ་རྒྱུར་གཅིག་གྱུར་འཆར་འགོད་དང་དམ་འཛིན་ཡག་པོ་བྱས་ཏེ་ཏང་སྲིད་ཀྱི་ཤེས་ལྡན་མི་སྣ་དང་། ཁེ་ལས་ཀྱི་གཉེར་སྐྱོང་དང་དོ་དམ་གྱི་ཤེས་ལྡན་མི་སྣ། ཆེད་ལས་ལག་རྩལ་གྱི་ཤེས་ལྡན་མི་སྣ། རྩལ་ནུས་ཆེ་བའི་ཤེས་ལྡན་མི་སྣ། གྲོང་གསེབ་ཀྱི་སྤྱོད་གོ་ཆོད་པའི་ཤེས་ལྡན་མི་སྣ་བཅས་དང་དེ་བཞིན་སྤྱི་ཚོགས་ལས་དོན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་མ་བཏང་སྟེ་རིགས་ཁག་གི་ཤེས་ལྡན་མི་སྣའི་དཔུང་ཁག་མཐུན་སྦྱོར་ངང་གོང་འཕེལ་ཡོང་བ་བྱེད་དགོས།

        ཤེས་ལྡན་མི་སྣར་བརྟེན་ནས་ལྗོངས་སྟོབས་ཆེ་སྐྲུན་པའི་འཐབ་ཇུས་དམིགས་ཚད་འགྲུབ་པར་རྒྱལ་ཁབ་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་དུས་ཡུན་རིང་འབྲིང་གི་ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་རྒྱུའི་འཆར་འགོད་རྩ་གནད་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ར ང་ལྗོངས་ཀྱི་ཤེས་ལྡན་མི་སྣའི་ལས་དོན་གྱི་གཞི་རྩའི་ལས་འགན་ཞིག་ཏུ་བརྩི་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས 《ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་རྒྱུའི་འཆར་འགོད་རྩ་གནད 》བཏོན་པ་དང་ལག་བསྟར་བྱེད་པའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱས་ནས་བསམ་བློ་དང་བྱ་སྤྱོད་དེ་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང 《ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་རྒྱུའི་འཆར་འགོད་རྩ་གནད 》ཀྱི་བསམ་བློ་གསར་པ་དང་། འདུ་ཤེས་གསར་པ། བྱ་ཐབས་གསར་པ་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་ཤེས་ལྡན་མི་སྣའི་ཞབས་ཞུའི་འགན་ནུས་དོན་འཁྱོལ་བྱེད་དགོས་པ་དང་ལྗོངས་ཡོངས་སུ་ཤེས་ལྡན་མི་སྣའི་ལས་དོན་ལ་སེམས་ཁུར་དང་ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས། 《ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་རྒྱུའི་འཆར་འགོད་རྩ་གནད 》དོན་འཁྱོལ་དང་ལྟ་ཞིབ་ལྟ་སྐུལ་གྱི་ལམ་སྲོལ་བཙུགས་ནས་ལས་འགན་ཁག་བགོས་ཡག་པོ་བྱེད་པ་དང་འགན་འཁྲི་ཁ་གསལ་བཟོས་ཏེ་ཁག་རེ་རེ་བྱས་ནས་དམ་འཛིན་དང་དོན་འཁྱོལ་ཡག་པོ་བྱེད་དགོས། དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ས་ཁུལ་དེ་ག་དང་ལས་རིགས་དེ་གའི་ཁོངས་གཏོགས་དང་དེ་བཞིན་གཙོ་གནད་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་རྒྱུའི་འཆར་འགོད་བཟོས་ཏེ་ལྗོངས་ཡོངས་ཀྱི་ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་རྒྱུའི་འཆར་འགོད་མ་ལག་གྲུབ་པ་བྱེད་དགོས། ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཤེས་ལྡན་མི་སྣའི་ལས་དོན་གྱི་ཐོན་ཁུངས་བསྡུ་སྒྲིལ་ནུས་ལྡན་བྱས་ནས 《ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་རྒྱུའི་འཆར་འགོད་རྩ་གནད 》ལག་བསྟར་བྱེད་པའི་ལས་དོན་གྱི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཏང་ཨུད་ཀྱིས་གཅིག་གྱུར་ངང་འགོ་ཁྲིད་རྒྱུ་འཐུས་སྒོ་ཚང་དུ་གཏོང་བ། རྩ་འཛུགས་སྡེ་ཚན་གྱིས་སྣེ་འཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན་བྱེད་པ། འབྲེལ་ཡོད་སྡེ་ཚན་གྱིས་རང་འགན་རང་འཁུར་དང་གཞོགས་འདེགས་དམ་ཟབ་བྱེད་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཡོངས་ཁྱབ་ངང་ཞུགས་པ་བཅས་ཀྱི་ཤེས་ལྡན་མི་སྣའི་ལས་ཀའི་རྣམ་པ་ཞིག་ཆགས་པ་བྱས་ནས་ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་ཚན་རིག་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།

        “གྲགས་ཅན་མང་པོས་བྱ་གཞག་སྒྲུབ། མཁས་དབང་དུ་མས་གྲུབ་འབྲས་བཏོད ”《ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་རྒྱུའི་འཆར་འགོད་རྩ་གནད 》ལག་བསྟར་དོན་འཁྱོལ་བྱེད་པ་དང་བསྟུན་ནས་རང་ལྗོངས་ཀྱི་རིགས་ཁག་གི་ཤེས་ལྡན་མི་སྣས་བྱ་གཞག་སྒྲུབ་པ་དང་བྱ་གཞག་གཏོད་པའི་འཁོར་རྒྱ་སྔར་བས་རྒྱ་ཆེར་འགྲོ་རྒྱུ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་རླབས་ཆེའི་ལག་ལེན་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་ཐུབ་རྒྱུ་རེད། སྤྱི་ཚོགས་ཧྲིལ་པོས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་མི་ཚང་མ་ཤེས་ལྡན་མི་སྣར་འགྱུར་བ་དང་། མི་ཚང་མ་འཕེལ་རྒྱས་ཡོང་བ། མི་ཚང་མས་ལེགས་སྐྱེས་འབུལ་ཐུབ་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ངེས་ཡིན་པ་དང་རང་ལྗོངས་སུ་ཤེས་ལྡན་མི་སྣར་བརྟེན་ནས་རང་ལྗོངས་སྟོབས་ཆེར་གཏོང་བའི་འཐབ་ཇུས་དམིགས་ཚད་མངོན་འགྱུར་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་འགྲུབ་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།