དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • སྦྲག་ཐོག་འཕྲིན་སྐྱེལ་ནས་གྲངས་གཞི་ཅན་དུ་གྱུར་བའི་བར།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ཆབ་མདོར་བཅིངས་འགྲོལ་མ་བཏང་གོང་འགྲིམ་འགྲུལ་གྱི་ཆ་རྐྱེན་རྗེས་ལུས་ཡིན་པས་འཕྲིན་ཡིག་རྣམས་རྐང་ཐང་མའམ་ཡང་ན་རྟ་བཞོན་ནས་སྐྱེལ་དགོས་ཀྱི་ཡོད་པས་ཉུང་ཤོས་ལ་ཉིན་བཅུ་གྲངས་ཁ་ཤས་དང་མང་ཤོས་ལ་ཟླ་བ་གཅིག་གཉིས་ཙམ་ལུས་ཀྱི་ཡོད། འབྲེལ་གཏུག་བྱེད་མི་བདེ་བ་དང་ཆ་འཕྲིན་གསང་པོ་མེད་སྟབས་སྤྱི་ཚོགས་ཀྱི་བྱ་གཞག་ཁག་གོང་འཕེལ་འགྲོ་རྒྱུར་ཚོད་འཛིན་ནན་པོ་ཕོག་གི་ཡོད།

        ཆབ་མདོར་བཅིངས་འགྲོལ་ཐོབ་རྗེས་འཕྲིན་གཏོང་བྱ་གཞག་གོང་འཕེལ་ཤུགས་ཆེན་བྱུང་ནས་དེང་རབས་སྦྲག་ལས་འཕྲིན་གཏོང་བྱ་གཞག་རིམ་བཞིན་གོང་འཕེལ་བྱུང་སྟེ་ཆབ་མདོ་འདི་ཉིད་རྒྱལ་ཡོངས་ས་གནས་ཁག་དང་བར་ཐག་ཟམ་མི་ཆད་པར་ཉེ་རུ་འགྲོ་བཞིན་ཡོད་པ་རེད།

        ཆབ་མདོར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་60འཁོར་བའི་ནང་འཕྲིན་གཏོང་བྱ་གཞག་གོང་འཕེལ་བྱུང་བའི་སྐོར་དྲན་གསོ་བྱེད་སྐབས་འཕྲིན་ཡིག་དང་། ཁ་པར། དྲ་སྦྲེལ་བཅས་གསུམ་ནི་འཕྲིན་གཏོང་བྱ་གཞག་འཕེལ་རྒྱས་ཀྱི་གོམ་བགྲོད་གསུམ་ཡིན།

        འཕྲིན་ཡིག་དུས་རབས་སྐབས་སུ་སྦྲག་ལམ་ཕྱོགས་བཞི་མཚམས་བརྒྱད་དུ་ཤར་གཏོང་ཐུབ་པ།

        འཕྲིན་ཡིག་ནི་མི་རྣམས་ཀྱིས་གཉེན་ཉེའི་དབར་གྱི་བརྩེ་དུང་སྐྱོང་བ་དང་། གྲོགས་པོའི་དབར་གྱི་བརྩེ་སེམས་འབྲེལ་གཏུག་བྱེད་པ། ཕྱི་རོལ་ཡུལ་གྱི་འཛམ་གླིང་དང་འབྲེལ་བ་བྱེད་པ་བཅས་ཀྱི་གལ་ཆེའི་བྱ་ཐབས་ཤིག་ཡིན་པ་རེད། ཆབ་མདོ་ས་ཁུལ་འདི་ཉིད་རི་མཐོ་ལ་གྲོག་རོང་གཏིང་ཟབ་པའི་དམིགས་བསལ་གྱི་ས་ཁམས་ཁོར་ཡུག་གིས་རྐྱེན་པས་འགྲིམ་འགྲུལ་སྟབས་མི་བདེ་བས་འཕྲིན་ཡིག་སྤེལ་གཏོང་ཐུབ་རྒྱུར་དཀའ་ངལ་ངེས་ཅན་ཞིག་འཕྲད་ཡོད།

        སྦྲག་ལམ་ཤར་གཏོང་མི་ཐུབ་བས་འཕེལ་རྒྱས་ཐད་འགོག་རྐྱེན་བཟོ་བའི་འཇུར་མིག་གི་གནད་དོན་ཐག་གཅོད་ཏན་ཏིག་བྱ་ཆེད་ཆབ་མདོར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་60ཡི་ནང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་ཆབ་མདོའི་སྦྲག་ལས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་སྦྲག་ལམ་གསར་པ་ཟམ་མི་ཆད་པར་བཏོད་པ་དང་འཕྲིན་སྐྱེལ་འཁོར་རིགས་གསར་བརྗེས་བྱས་པ་དང་སྦྲག་ལས་འཕྲིན་གཏོང་ལས་དོན་པ་མི་རབས་མང་པོས་དཀའ་ངལ་ལ་མ་འཛེམས་པར་སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་བ་དེས་ཆབ་མདོའི་སྦྲག་ལས་འཕྲིན་གཏོང་བྱ་གཞག་འཕེལ་རྒྱས་ལོ་རྒྱུས་ཀྱི་ལམ་བུའི་བདེན་དཔང་བྱས་ཡོད།

        1951 ལོའི་ཟླ་1 ཚེས་1 ཉིན་ཆབ་མདོ་མི་དམངས་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་བཙུགས་པ་རེད། “བོད་རིགས་མི་དམངས་དང་བོད་སྐྱོད་མི་སྣའི་སྦྲག་སྤྱོད་གནད་དོན་ཐག་གཅོད་བྱ་རྒྱུའི ”སྐོར་གྱི་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་མཛུབ་ཁྲིད་དགོངས་དོན་ལ་གཞིགས་ནས་ཁྲོན་བོད་སྦྲག་ལས་དོ་དམ་ཅུས་དེ་སྐབས་དེ་དུས་ཀྱི་ཤིས་ཁམས་ཞིང་ཆེན་གཡག་རྔ་ས་ཁུལ་ནས་སྦྲག་ལས་མི་སྣ་སྐོང་འཐེན་བྱས་ཏེ་1951 ལོའི་ཟླ་4 ཚེས་16 ཉིན་བོད་ཀྱི་སྦྲག་ལས་ལས་ཁུངས་ཨང་དང་པོ་སྟེ། ཁྲོན་བོད་སྦྲག་ལས་དོ་དམ་ཅུས་ཆབ་མདོ་སྦྲག་ལས་ཅུས་བཙུགས་པ་རེད། སྦྲག་ལས་ཅུས་བཙུགས་མ་ཐག་དངོས་གཞིའི་ལས་བཟོ་གཅིག་དང་འཕྲིན་སྐྱེལ་གླ་པ་གཅིག་རང་ལས་མེད་པ་དང་སྤེལ་རྒྱུའི་ལས་སྒོ་ནི་ཚགས་པར་དང་དུས་དེབ་འགྲེམས་སྤེལ་དང་། སྦྲག་ཐོག་ནས་གཏོང་བའི་འཕྲིན་ཡིག་དང་བསྐུར་མ། ཚོང་ཟོག་ཚབ་ཉོ། དངུལ་བརྗེས་བཅས་གཙོ་བོ་ཡིན་པ་རེད། ལོ་དེའི་ཟླ་12 པར་ཆབ་མདོ་འཕྲིན་གཏོང་གློག་འཕྲིན་ཁང་བཙུགས་ནས་ཆབ་མདོ་ནས་གཡག་རྔ་བར་གྱི་སྤྱི་དམངས་ཀྱི་གློག་འཕྲིན་ལས་སྒོ་གཉེར་འགོ་བཙུགས་པ་དང་དེང་རབས་ཀྱི་སྦྲག་ལས་འཕྲིན་གཏོང་བྱ་གཞག་ཆབ་མདོར་སྤེལ་འགོ་ཚུགས་པ་རེད།

        1954 ལོར་བོད་ཀྱི་ས་མཐོའི་ལོ་རྒྱུས་ཐོག་གི་སྦྲག་ལས་རླངས་འཁོར་ཐོག་མ་དེར་སྦྲག་དངོས་བྱུར་བུར་བླུགས་ནས་གཡག་རྔ་ནས་ཐོན་ཏེ་ཆབ་མདོར་བསྐྱོད་པ་དེས་དེང་རབས་སྦྲག་ཐོག་སྐྱེལ་འདྲེན་བྱེད་འགོ་ཚུགས་པ་མཚོན་ཡོད། 1956 ལོའི་ཟླ་ 7 པར་བོད་ལྗོངས་ཆབ་མདོ་སྦྲག་ལས་དོ་དམ་ཡན་ལག་ཅུས་ཀྱི་སྒོ་བྱང་བཀལ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་ས་ཁུལ་དེ་ཡོངས་ཀྱི་སྦྲག་ལས་ཅུས་5 དང་སྦྲག་ལས་ཁང་22 ལ་དོ་དམ་བྱེད་ཀྱི་ཡོད། “གཞུང་ལམ་ཤར་གཏོང་ཐུབ་པའི་རྫོང (གྲོང་རྡལ )ངམ་བཅའ་སྡོད་ལས་ཁུངས་དང་དཔུང་སྡེ་ཡོད་པའི་ས་ཆར་སྔོན་ལ་སྦྲག་ལས་བཙུགས་པ་དང་གཞུང་ལམ་ཤར་གཏོང་མ་ཐུབ་པའི་ས་ཆར་རིམ་བཞིན་སྦྲག་ལས་འཛུགས་རྒྱུའི ”རྩ་དོན་ལ་གཞིགས་ནས་ཆབ་མདོ་ས་ཁུལ་གྱི་རྫོང་ཕལ་ཆེ་བ་དང་གྲོང་ཁྱེར་དང་གྲོང་རྡལ་ཁག་གཅིག་ཏུ་སྦྲག་ལས་ལས་ཁུངས་བཙུགས་ཡོད། 1956 ལོའི་ལོ་མཇུག་བར་ས་ཁུལ་དེ་ཡོངས་སུ་སྦྲག་ལམ་ 19 ཡོད་པ་རེད།

        ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས་རྒྱལ་ཁབ་ཀྱིས་སྦྲག་ལས་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་དང་སྒྱུར་བཅོས་བྱ་ཐབས་ཁག་སྔ་རྗེས་སུ་བཏོན་ནས་སྦྲག་ལས་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་བྱུང་ཡོད། ཅུས་དེ་བཙུགས་མ་ཐག་པའི་སྐབས་ཀྱི་སྟབས་བདེའི་ཁང་པ་ཐོག་གཅིག་མ་ཁ་ཤས་དང་ཡིག་བསྐུར་ལས་སྒོ་གཅིག་པུ་ནས་ད་བར་གོང་འཕེལ་བྱུང་སྟེ་ས་ཁུལ་གྱི་ཅུས་གཅིག་དང་། རྫོང་གི་སྦྲག་ལས་ཅུས་10 ཤང་སྦྲག་ལས་ལྟེ་གནས་ཀྱི་དྲ་བ་11 བཅས་ཡོད་པ་དང་ལས་བཟོའི་དཔུང་ཁག་དེ་མི་300(ཤང་གི་སྦྲག་ལས་མི་སྣ་ཚུད་པ )བར་སྟོབས་ཆེར་ཕྱིན་ཡོད། ལྷག་པར་དུ་1998 ལོར་སྦྲག་ལས་དང་གློག་འཕྲིན་ཁག་བགོས་ལས་གཉེར་བྱས་རྗེས་ཀྱི་ལོ་བཅུ་ལྷག་ཙམ་ནང་མ་དངུལ་དུང་ཕྱུར་ཙམ་བཏང་ནས་སྦྲག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་གསར་སྐྲུན་དང་རྒྱས་སྐྲུན་བྱས་པ་དང་ཤང་གི་སྦྲག་ལས་ས་ཚིགས་བཅུ་གཅིག་གསར་སྣོན་བྱས་པས་ཆབ་མདོའི་སྦྲག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་གཞི་རྩའི་ཆ་ནས་ལེགས་བཅོས་བྱུང་སྟེ་རྒྱ་ཆེའི་སྤྱོད་མཁན་ལ་སྟབས་བདེ་སྐྲུན་ཡོད། 2009 ལོའི་བར་ཆབ་མདོ་ས་ཁུལ་གྱི་སྦྲག་ལམ་གྱི་སྤྱིའི་གྲངས་ཚད་ 6 ཟིན་པ་དང་ཚང་མ་རང་གཉེར་རླངས་འཁོར་གྱི་སྦྲག་ལམ་ཁོངས་སུ་གཏོགས་ཀྱི་ཡོད་པ་རེད། ཤང་སྦྲག་ལས་ཀྱི་སྦྲག་ལམ་604 ཡོད་པ་དེའི་སྤྱིའི་རིང་ཚད་སྤྱི་ལེ་22122.73 བར་རིང་དུ་ཕྱིན་ཡོད་པ་རེད། མིག་སྔར་ལོ་ལྟར་ཤང་སྦྲག་ལས་འཛུགས་སྐྲུན་ཐད་བཏང་བའི་མ་དངུལ་སྒོར་ཁྲི་500 ལས་བརྒལ་བ་དང་2009 ལོར་སྦྲག་ལས་ལས་སྒོའི་ཡོང་འབབ་སྒོར་ཁྲི་1510 ཟིན་ཡོད་པ་རེད།

        ཁ་པར་གྱི་དུས་རབས་སུ་འབྲེལ་གཏུག་བྱ་རྒྱུར་ཚོད་འཛིན་མེད།

        1960ལོའི་ཟླ་5ཚེས་1ཉིན་ཆབ་མདོའི་ལོ་རྒྱུས་ཐོག་གི་ཁ་པར་ཚོགས་འདུ་ཐེངས་དང་པོ་དེས་གྲོས་ཚོགས་ཁ་པར་འཕྲུལ་ཆས་དང་ཁབ་ལེན་ཁ་པར་འཕྲུལ་ཆས་སོགས་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཁག་གཅིག་སྤྱད་དེ་བདེ་བླག་ངང་འཚོགས་པ་དེ་ཐོག་ནས་ཆབ་མདོའི་སྦྲག་ལས་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཞིང་། ལོ་དེར་ཆབ་མདོའི་གྲོང་ཁུལ་གྱི་གྲོང་ཁྱེར་གྱི་ཁ་པར་300རྒྱ་བསྐྱེད་གཏོང་བའི་ལས་གྲྭ་ལེགས་གྲུབ་ཟིན་པ་དང་ས་ཁུལ་ཡོངས་སུ་ཁ་པར་360ཁྱབ་ཡོད། འོན་ཀྱང་ཁ་པར་དེ་དག་གཙོ་བོ་གཞུང་ལས་ཀྱི་དགོས་མཁོའི་ཐོག་སྤྱོད་པ་ལས་མི་སེར་དཀྱུས་མའི་འཚོ་བའི་ནང་ཁ་པར་ཁྱབ་པ་བྱ་རྒྱུར་ད་དུང་བར་ཐག་རིང་པོ་ཆོད་ཡོད་པ་རེད།

        1982ལོར་ཆབ་མདོ་ནས་ལྷ་ས་བར་གྱི་སྐུད་མེད་ཐག་རིང་ཁ་པར་ཕྱི་ཕྱོགས་སུ་སྤྱོད་འགོ་ཚུགས་པ་དང་ས་ཕྱོགས་གཞན་དུ་ལས་ཀ་བྱེད་མཁན་ནང་མིར་ཆབ་མདོའི་གྲོང་མི་ཚོས་རུ་སྒྲིག་ནས་ཁ་པར་རྒྱག་པའི་རྣམ་པ་ཐོན་ཡོད། ལོ་དེ་རང་དུ་ཆབ་མདོ་གྲོང་ཁུལ་གྱི་རང་འགུལ་ཁ་པར་གྱི་ཐོག་བརྩེགས་ཁང་ཆེན་དང་དེ་བཞིན་གྲོང་ཁྱེར་ཁ་པར་གྱི་སྐུད་ལམ་ཉམས་གསོ་ཆེན་པོའི་ལས་འགོ་ཚུགས་པ་དང་སྤྱོད་མཁན་ཚོར་ཁ་པར་སྒྲིག་སྦྱོར་བྱེད་འགོ་བཙུགས་ཏེ་མི་སེར་དཀྱུས་མའི་ཁྱིམ་དུ་སྤྱོད་འགོ་ཚུགས་པ་རེད། 1985ལོར་ཆབ་མདོས་བོད་དུ་སྲུང་སྐར་འཕྲིན་གཏོང་གི་ས་གོ་ལའི་ས་ཚིགས་ཐོག་མ་དེ་བསྐྲུན་པ་དང་འཕྲིན་གཏོང་སྤུས་ཚད་བརྟན་ཙམ་གྱི་སྒོ་ནས་ཆབ་མདོ་ནས་ལྷ་ས་བར་གྱི་ཐག་རིང་ཁ་པར་གྱི་འཕྲིན་གཏོང་གནད་དོན་ཐག་གཅོད་ཐུབ་ཡོད།

        ལོ་རབས་90པར་སླེབས་རྗེས་ཆབ་མདོའི་སྦྲག་ལས་སྡེ་ཚན་གྱིས “སྐུད་མེད་གཙོ་བོར་བྱེད་པ་དང་སྐུད་ཡོད་དང་སྐུད་མེད་ཟུང་འབྲེལ་བྱས་ནས་སྲུང་སྐར་འཕྲིན་གཏོང་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུའི ”ལམ་བུའི་ཐོག་བསྐྱོད་ཡོད། 1993ལོར་སྔོན་སྒྲིག་གོ་རིམ་ལྡན་པའི་ཁ་པར་དང་དེ་བཞིན་ཐག་རིང་ཐད་གཏོང་ཁ་པར་ཤར་གཏོང་ཐུབ་ནས་ཆབ་མདོ་ས་ཁུལ་དུ་སྔོན་སྒྲིག་གོ་རིམ་ལྡན་པའི་ཁ་པར་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དེ་ནི་ཆབ་མདོའི་སྦྲག་ལས་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་ཞིག་རེད།

        2000ལོར་གློག་འཕྲིན་དང་སྒུལ་བདེ་ལས་གཉེར་ཁག་བགོས་བྱས་པ་དང་ཕྱིས་སུ་སླར་ཡང་ལན་ཐུང་སོགས་གློག་འཕྲིན་ཁེ་ལས་ཆབ་མདོའི་གློག་འཕྲིན་ཁྲོམ་རའི་ཐོག་གཞི་ཚུགས་པས་ཆབ་མདོའི་གློག་འཕྲིན་ལ་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་བྱུང་བ་དང་ཁ་པར་མི་སེར་དཀྱུས་མའི་འཚོ་བའི་ནང་དངོས་སུ་སྤྱོད་འགོ་ཚུགས་ནས་ཁ་པར་ཁྱབ་པའི་དུས་རབས་བསུས་ཡོད་པ་རེད།

        མིག་སྔའི་བར་ཆབ་མདོར་གློག་འཕྲིན་སྤྱོད་མཁན་ཁྲི་9.18ཡོད། ཆབ་མདོ་གློག་འཕྲིན་ཡན་ལག་ཀུང་སིས་རྫོང་ཚང་མར་འོད་འཁྲིད་ཚི་སྐུད་ཤར་གཏོང་ཐུབ་པ་དང་ཤང་ཚང་མར་ཁ་པར་ཤར་གཏོང་དང་བཪྙན་སྐྱེལ་ཤར་གཏོང་ཐུབ་པ་བྱེད་པའི་དམིགས་ཚད་ལེགས་སྒྲུབ་བྱས་པ་དེའི་རྨང་གཞིའི་ཐོག་ཆབ་མདོ་གློག་འཕྲིན་གྱིས་ད་དུང “ཤང་ཀུན་ཁྱབ ”དང “གྲོང་ཚོ་ཀུན་ཁྱབ ”འཛུགས་སྐྲུན་བྱེད་པའི་གོམ་སྟབས་མགྱོགས་སུ་ཤུགས་ཆེན་བཏང་ནས “གྲོང་ཚོ་ཀུན་ཁྱབ ”ཀྱི་འདུ་འགོད་ཀྱིས་སྲིད་འཛིན་གྲོང་ཚོར་ཁ་པར་655ཤར་གཏོང་ཐུབ་པ་བྱས་ཡོད། 2009ལོའི་བར་ཀྲུང་གོ་སྒུལ་བདེ་སྤྱོད་མཁན་ཁྲི་10ལྷག་ཙམ་ཟིན་ནས་ལོ་འཁོར་གྱི་ལས་སྒོའི་ཡོང་འབབ་སྒོར་ཁྲི་1000ལས་བརྒལ་བ་དང་ཕྱོགས་མཚུངས་འཕྲིན་གཏོང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་ཧུར་ཐག་བཏང་སྟེ་རྫོང་དང་། ཤང་། གྲོང་ཚོ་བཅས་ཚང་མར་སྒུལ་བདེའི་ཁ་པར་ཤར་གཏོང་ཐུབ་པའི་དམིགས་ཚད་མངོན་འགྱུར་ཐུབ་པ་བྱས་པས་ཀྲུང་གོ་སྒུལ་བདེའི་དྲ་བ་ཤང་གྲོང་དང་སྲིད་འཛིན་གྲོང་ཚོ་80%ལ་ཁེབས་ཡོད།

        དྲ་བའི་དུས་རབས་སུ་འཛམ་གླིང་མིག་མདུན་དུ་ཡོད་པ།

        ཆབ་མདོའི་འཕྲིན་གཏོང་ནུས་པ་ཆེ་རུ་ཏན་ཏིག་བཏང་ནས་ཆབ་མདོའི་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཞབས་ཞུ་དེ་བས་ལེགས་པ་བྱེད་པ་དང་ཆབ་མདོའི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ཆབ་མདོ་ས་ཁུལ་གྱིས་དྲ་བ་རིམ་བཞིན་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། མིག་སྔའི་བར་ཆབ་མདོར་གློག་འཕྲིན་དྲ་ཆེན་སྤྱོད་མཁན་ཁྲི་1.1ཡོད་པ་དང་ཤང་གྲོང་120ལ་དྲ་ཆེན་ཤར་གཏོང་ཐུབ་ནས་མི་དེ་བས་མང་བ་ཞིག་གིས་དྲ་བའི་ཞབས་ཞུ་སྟབས་བདེ་དང་མགྱོགས་པོ་ཡོད་པ་མྱོང་ཚོར་ཐུབ་ཡོད། དེ་དང་དུས་མཚུངས་ཚན་པ་ཁག་གཅིག་ཏུ་ད་དུང་ཆ་ཤས་དྲ་བ་བཙུགས་ནས “ཤོག་བུ་མི་དགོས་པར ”གཞུང་ལས་སྒྲུབ་པའི་ཕྱོགས་སུ་བར་བརྒལ་བྱེད་འགོ་ཚུགས་ཡོད།

        འདི་ལོ་ནི་ཆབ་མདོར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་60འཁོར་བའི་ལོ་ཞིག་ཡིན་ཞིང་། ཆབ་མདོ་གློག་འཕྲིན་ཀུང་སིས་འདི་ལོའི་ཟླ་5པར་ཆབ་མདོར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཆེ་མོར་སྐྱེས་སུ་འབུལ་བའི་ལས་གྲྭ་ཁག་བཞི་ལག་བསྟར་བྱེད་འགོ་བཙུགས་པའི་ནང “གྲངས་འཛིན་ཆབ་མདོའི ”རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་5000གཏོང་རྩིས་ཡོད་པ་དང་ཆབ་མདོ་ས་ཁུལ་དང་། ཆབ་མདོ་རྫོང་། སྨར་ཁམས་རྫོང་བཅས་སུ “གྲངས་འཛིན་ཆབ་མདོའི ”གྲོང་ཁྱེར་བཏོད་ནས་དྲ་བ་རིམ་བཞིན་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་རྣམ་གྲངས་དེས་གློག་འཕྲིན་དྲ་བ་དང་། རླུང་འཕྲིན་བཪྙན་འཕྲིན་དྲ་བ། མཉམ་འབྲེལ་དྲ་བ་བཅས་གསུམ་ཕན་ཚུན་དྲ་སྦྲེལ་དང་། ཐོན་ཁུངས་མཉམ་སྤྱོད། རང་སོ་སོའི་ལས་སྒོ་ཁྱོན་ཡོངས་ནས་མཉམ་འདྲེས་བཅས་ཐུབ་སྟེ་སྤྱོད་མཁན་ལ་སྐད་སྒྲ་དང་། གྲངས་གཞི། རླུང་འཕྲིན་བཪྙན་འཕྲིན་སོགས་ཀྱི་ཞབས་ཞུ་སྣ་ཚོགས་བྱ་རྒྱུ་ཡིན་ཞིང་། མིག་སྔར་ལས་གྲྭ་དེའི་ལས་གྲྭའི་སྤྱི་འབོར་གྱི་76%ལེགས་གྲུབ་ཟིན་པ་དང་མ་དངུལ་སྒོར་ཁྲི་3800བཏང་ཡོད། “ཤང་ཚང་མར་དྲ་ཆེན་ཤར་གཏོང་ཐུབ་པ་བྱེད་པའི ”རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་1080གཏོང་རྩིས་ཡོད་པ་དང་རྣམ་གྲངས་དེ་འཛུགས་སྐྲུན་བྱེད་སྟངས་ཐད་སྲུང་སྐར་ཐོག་ནས་བརྒྱུད་སྐྱེལ་བྱེད་ཐབས་སྤྱད་དེ་ཤང་གྲོང་སྲིད་གཞུང་གནས་སའི་སྐད་སྒྲ་དང་དྲ་ཆེན་ཁེབས་ཚད་ཀྱི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱ་རྒྱུ་ཡིན་པ་དང་། ལས་གྲྭ་དེ་སྔོན་དཔག་བྱས་ན་འདི་ལོའི་ཟླ་10པའི་ཟླ་མཇུག་ཏུ་ལེགས་གྲུབ་ཟིན་རྒྱུ་ཡིན་ཞིང་། ལེགས་གྲུབ་ཟིན་རྗེས་ཆབ་མདོ་རྫོང་སྨན་མདའ་ཤང་སོགས་ཤང་གྲོང་18ཀྱི “ཤང་ཚང་མར་དྲ་ཆེན་ཤར་གཏོང་བྱེད་པའི ”གནད་དོན་ཐག་གཅོད་ཐུབ་ནས་ཤང་གྲོང་གི་ལས་ཕྱོད་ཧ་ཅང་ཆེ་རུ་འགྲོ་རྒྱུ་ཡིན་པ་དང་སྐབས་དེ་དུས་མི་མང་པོ་ཞིག་གིས་དྲ་བའི་འཇིག་རྟེན་གྱི་སྟབས་བདེ་ལོངས་སྤྱོད་ཐུབ་རྒྱུ་ཡིན་པ་རེད།

        རྒྱལ་ཁབ་ཀྱིས་བོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཏོང་ཆ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་ཆབས་ཅིག་ཆབ་མདོ་ས་ཁུལ་གྱི་འཕྲིན་གཏོང་ཁེ་ལས་ཁག་གིས་ངར་ཤུགས་གཅིག་སྒྲིམ་གྱིས་སྤྱི་ཚོགས་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།