དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ནས་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་སྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        དེ་རིང་གཙང་གསུམ་གྱི་ས་གཞི་ཆེན་པོར་གཡུར་ཟའི་འབྲས་བུ་བཏགས་པ་དང་བོད་ཤར་རྒྱུད་ཀྱི་མི་དམངས་ཀྱིས་གླུ་དབྱངས་ཅི་དགར་ལེན་ཞིང་། ཆབ་མདོའི་མི་རིགས་ཁག་གི་བུ་ཕྲུག་གིས་དགའ་སྤྲོ་རབ་ཏུ་བརྟས་བཞིན་དུ་རང་ཉིད་ཀྱི་དུས་ཆེན་གཟབ་རྒྱས་ཆབ་མདོར་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་རེད།

        ལོ་60གོང་དུ་ཏང་ཀྲུང་དབྱང་དང་མའོ་ཀྲུའུ་ཞིས་མཁས་མཛངས་ལྡན་པའི་ཐབས་ཇུས་བཏོན་གནང་ནས་བློ་ཐག་རྦད་བཅད་ངང་ཆབ་མདོའི་གཡུལ་འགྱེད་བྱས། 1950ལོའི་ཟླ་10ཚེས་19ཉིན་ཆབ་མདོར་བཅིངས་འགྲོལ་བཏང་བའི་ཁྱབ་བསྒྲགས་བྱས་ཏེ་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་བོད་ལྗོངས་ས་མཐོར་ཐེངས་དང་པོ་བཙུགས། ཆབ་མདོའི་གཡུལ་འགྱེད་ཀྱིས་བོད་དུ་དཔུང་སྐྱོད་བྱེད་པའི་རྒྱལ་སྒོ་ཕྱེ་ནས་ཆབ་མདོའི་མི་རིགས་ཁག་གི་མི་དམངས་མུན་ནག་དང་། གདུག་རྩུབ། ཀླ་ཀློ རྗེས་ལུས་བཅས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ལྕགས་སྒྲོག་ལས་བཀྲོལ་ནས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་གཏོང་འགོ་ཚུགས་ཏེ་བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་ཆེད་དངོས་རྫས་དང་། ལས་བྱེད་པ། ཉམས་མྱོང་སོགས་ཀྱི་གྲ་སྒྲིག་བྱས། ཆབ་མདོའི་གཡུལ་འགྱེད་ནི་བོད་ཀྱི་ལོ་རྒྱུས་འཕེལ་རྒྱས་ཁྲོད་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན་པ་དང་བོད་ལྗོངས་འདི་ཉིད་དུས་དེ་ནས་བཟུང་འོད་ཟེར་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད།

        ལོ་60ཡི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་ཚད་ཁྲོད་ཆབ་མདོ་ས་ཁུལ་གྱིས་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་འོད་སྟོང་འཕྲོ་བའི་གྲུབ་འབྲས་བཏོད་པ་དང་ཤིན་ཏུ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མངོན་ནས་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་མངོན་འགྱུར་བྱུང་བའི་མི་ཡུལ་གྱི་ངོ་མཚར་བཏོད། དེ་རིང་བོད་ཤར་རྒྱུད་ཀྱི་ས་གཞི་ཆེན་པོར་བལྟས་ཚེ་དཔལ་འབྱོར་རྒྱུན་བསྲིང་དང་མགྱོགས་མྱུར་ངང་འཕེལ་རྒྱས་སོང་བ་དང་། སྤྱི་ཚོགས་ཀྱི་བྱ་གཞག་ཁྱོན་ཡོངས་ནས་ཡར་ཐོན་བྱུང་བ། མང་ཚོགས་ཀྱི་འཚོ་བ་ཧ་ཅང་ལེགས་སུ་ཕྱིན་པ། མི་རིགས་མཐུན་སྒྲིལ་ཟམ་མི་ཆད་པར་སྲ་བརྟན་བྱུང་བ། སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་བཅས་བྱུང་ཡོད།

        ཆབ་མདོའི་མི་རིགས་ཁག་གི་མི་དམངས་རྣམས་སྔར་ན་མེད་པའི་རང་ཡིད་རང་ཆེས་དང་སྤོབས་སེམས་ཀྱི་ཐོག་ནས་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། མཐུན་སྦྱོར་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་ཐོག་མདུན་སྐྱོད་བྱེད་བཞིན་ཡོད། དགའ་སྟོན་གྱི་དུས་འདིར་ང་ཚོས་འཐབ་ཕྱོགས་ཁག་གི་ཐོག་འབད་འཐབ་བྱེད་བཞིན་ཡོད་པའི་མི་རིགས་ཁག་གི་མི་དམངས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།

        ལོ་60རིང་འབད་འཐབ་ལྷོད་མེད་བྱས་པའི་ཁྲོད་མི་རབས་ནས་མི་རབས་བར་གྱི་ཆབ་མདོའི་བུ་ཕྲུག་ཚོའི་ཕུགས་འདུན་དོན་གཉེར་གཅིག་སྡུད་བྱས་པ་དང་། ལོ་60རིང་གི་འགྱུར་ལྡོག་ཧ་ཅང་ཆེན་པོ་ལས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་མངོན་པ། ལོ་60རིང་གི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལས་ཀྲུང་གོ་གུང་ཁྲན་ཏང་མི་མི་རབས་ཁ་ཤས་ཀྱིས་འབད་བརྩོན་ལྷོད་མེད་བྱས་པ་མངོན་ཡོད། དེ་ནི་ཏང་གིས་ཆབ་མདོའི་མི་རིགས་ཁག་གི་མི་དམངས་ལ་སྣེ་ཁྲིད་དེ་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་རང་ཁྱིམ་རང་བདག་མངོན་འགྱུར་བྱས་ནས་བདེ་སྐྱིད་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་གསར་གཏོད་བྱེད་པའི་ལོ་60དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་སྔར་ན་མེད་པའི་བཅིངས་འགྲོལ་ཐོབ་པ་དང། སྤྱི་ཚོགས་ཀྱི་རྒྱུ་ནོར་ཉིན་བཞིན་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དར་རྒྱས་གོང་འཕེལ་འགྲོ་བ་བཅས་ཀྱི་ལོ་60སྤྱི་ཚོགས་ཀྱི་བྱ་གཞག་ཁྱོན་ཡོངས་ནས་ཡར་ཐོན་དང་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་ཆེན་པོ་ཕྱིན་པའི་ལོ་60 ཆབ་མདོའི་མི་རིགས་ཁག་གི་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་པ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ལོ་60བཅས་ཡིན། ཆབ་མདོའི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་ཧ་ཅང་ཆེན་པོ་དེ་ནི་བོད་ཡོངས་འཕེལ་རྒྱས་དང་ཡར་ཐོན་བྱུང་བའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད།

        ལོ་60ཡི་ལག་ལེན་ཐོག་ནས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་དགོངས་པ་དང་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་རབ་དང་རིམ་པ་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་ར་སྤྲོད་གང་ལེགས་ཐུབ་ཡོད། ལོ་60ཡི་ལོ་རྒྱུས་ཀྱིས་གཞོམ་ཞིག་མེད་པའི་བདེན་དོན་ཞིག་ཁྱབ་བསྒྲགས་བྱས་པ་སྟེ། ཀྲུང་གོ་གུང་ཁྲན་ཏང་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་གྱི་ལྷག་བསམ་ཟོལ་མེད་ཀྱི་མཚོན་བྱེད་ཡིན། གུང་ཁྲན་ཏང་མེད་ཚེ་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་མདོ་གསར་པ་མེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་པ་མེད་པ་དང་། གུང་ཁྲན་ཏང་མེད་ཚེ་ཆབ་མདོའི་མི་དམངས་དང་བོད་ཀྱི་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་ད་ཆ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མེད། ཆབ་མདོར་བཅིངས་འགྲོལ་བཏང་ནས་ལོ་60སོང་རིང་དཔལ་འབྱོར་རྒྱུན་བསྲིང་དང་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བ་དང་། མི་དམངས་ཀྱི་འཚོ་བ་ཟམ་མི་ཆད་པར་ལེགས་སུ་འགྲོ་བ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་གཞི་རྩའི་ཆ་ནས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་བཅས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་དོན་ནི་རྩ་བའི་ཐོག་ནས་བཤད་ན་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། ས་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ། མཐའ་སྲུང་སྲ་བརྟན་དང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཁྲོད་ཆབ་མདོར་བཅའ་སྡོད་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་སྲ་ཞིང་བརྟན་པའི་ཀ་རྡོའི་ནུས་པ་འདོན་སྤེལ་བྱས་པ་བཅས་ལས་བྱུང་ཡོད། ཆབ་མདོའི་ལོ་60ཡི་མདུན་སྐྱོད་ཀྱི་འོད་སྟོང་འཕྲོ་བའི་རྐང་རྗེས་ལས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་དཔག་མེད་མྱོང་ཚོར་ཟབ་མོ་ཐུབ་པ་དང་གུང་ཁྲན་ཏང་མེད་ཚེ་ཀྲུང་གོ་གསར་པ་མེད་པ་དང་། བོད་གསར་པ་མེད་པ། ཆབ་མདོ་གསར་པ་དེ་བས་མེད་པ་བཅས་མྱོང་ཚོར་ཟབ་མོ་ཐུབ་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བཅས་བྱས་ཚེ་གཞི་ནས་བོད་ལ་དར་རྒྱས་ཡར་ཐོན་གྱི་ད་ཆ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ཐུབ།

        འདི་ལོའི་ཟླ་བ་དང་པོར་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་སྐོང་ཚོགས་བྱས་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ཐད་འཐབ་ཇུས་བཀོད་སྒྲིག་གནང་བ་རེད། ལྗོངས་ཏང་ཨུད་ཀྱིས་ལས་དོན་ཚོགས་འདུ་སྐོང་ཚོགས་བྱས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་སྒོ་ཀུན་ནས་བྱ་ཆེད་བཀོད་སྒྲིག་ཞིབ་ཕྲ་གནང་ཡོད། མཇུག་འགྲིལ་མ་ཐག་པའི་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་གྲོས་འགོར་གྲོས་འཆམ་བྱུང་བ་དང་རང་རྒྱལ་གྱི་སླད་ཕྱིན་ལོ་ལྔའི་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་བཀོད་པ་རེད། དེ་དག་ཚང་མས་རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཡིད་ཆེས་དང་འཐབ་སེམས་ལ་སྐུལ་མ་ཆེན་པོ་བཏང་བ་དང་ང་ཚོས་ལས་དོན་ཁག་ཡག་པོ་སྒྲུབ་པའི་ཐད་ཁ་ཕྱོགས་སྔར་བས་གསལ་སྟོན་བྱས་ཡོད། ང་ཚོས་ངེས་པར་དུ་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཆབ་མདོའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ངེས་པར་དུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་མེས་རྒྱལ་གཅིག་གྱུར་དང་སྤྱི་ཚོགས་བརྟན་ལྷིང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ནས་ཡུན་རིང་བདེ་འཁོད་འགན་ལེན་བྱེད་དགོས། ངེས་པར་དུ་དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་བཏང་ནས་ཐབས་བརྒྱ་ཇུས་སྟོང་གིས་མི་དམངས་ལ་ཁེ་ཕན་དང་བདེ་སྐྱིད་བསྐྲུན་དགོས། ངེས་པར་དུ་མི་རིགས་ཁག་གི་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས། ངེས་པར་དུ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་འཛུགས་སྐྱོང་གི་ཚན་རིག་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།

        འཐབ་ལམ་གསར་པར་སྐྱོད་འགོ་ཚུགས་པས་ཆབ་མདོའི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན། ང་ཚོས་ངེས་པར་དུ་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་སྒོ་ཀུན་ནས་བྱེད་པ་དང་བློ་གཅིག་སེམས་གཅིག་དང་བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱས་ནས་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། མཐུན་སྦྱོར་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།