དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དཔྱིད་རླུང་ལྡང་བས་གཙང་གསུམ་འབབ་རྒྱུད་སླར་ཡང་སྔོ་ལྗང་ཅན་དུ་གྱུར།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ས་མཐོའི་གྲོང་ཁྱེར་གསར་པ་ཆབ་མདོ།

        ཆབ་མདོར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་60སོང་བ་དང་ལྷག་དོན་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཆབ་མདོ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོང་བ་དང་བསྟུན་ནས་ཆབ་མདོ་ས་ཁུལ་གྱི་སྣོད་བཅུད་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུར་ཉིན་རེ་བཞིན་མཐོང་ཆེན་བྱུང་ཡོད། ད་ཕན་ལོ་ཤས་རིང་ས་ཁུལ་དེས་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་། རྨོ་བསྐྱུར་ནགས་གསོ། སྐྱས་སྤོས་རྩྭ་གསོ། གཙོ་གནད་ས་ཁོངས་སུ་ནགས་བཟོ། བྱེ་འགོག་བྱེ་བཅོས་སོགས་དོན་སྙིང་གལ་ཆེན་ལྡན་པའི་འདུ་འགོད་རབ་དང་རིམ་པ་སྔ་རྗེས་སུ་ལག་བསྟར་བྱས་པས་བྱེད་ཐབས་ནུས་ལྡན་དེ་དག་གིས་གངས་ལྗོངས་ས་མཐོའི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་ཏན་ཏིག་བྱུང་ཡོད།

        སྣོད་བཅུད་ཀྱི་སྲུང་ཡོལ་བསྐྲུན་པ།

        ཆབ་མདོ་ས་ཁུལ་འཇོ་མདའ་རྫོང་གྲོང་གནས་ཡུལ་འཇོ་མདའ་གྲོང་རྡལ་དུ་བོད་ཤར་རྒྱུད་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ཐོག་སོ་གཉིས་ལྡན་གྱི་སྡོད་ཁང་གསར་པ་སྟར་པ་མང་པོ་ཡོད་པ་དེ་དག་ཧ་ཅང་མངོན་གསལ་དོད་པོ་ཡོད་ཅིང་། དེ་གར་འཇོ་མདའ་རྫོང་གིས་རང་བྱུང་ནགས་ཚལ་སྲུང་སྐྱོང་གི་འདུ་འགོད་ལག་བསྟར་བྱེད་སྐབས་གནས་སྤོ་བྱས་པའི་ཁྱིམ་དུད་རྣམས་གནས་སྡོད་བྱེད་ཀྱི་ཡོད། དེ་གར་གྲོང་ཚོ་དེ་ཡོད་པའི་དབང་གིས་ཤུགས་བསྟན་གོ་དོན་གཏིང་ཟབ་པའི་བདེ་སྐྱིད་གྲོང་ཚོ་ཞེས་མིང་བཏགས་ཡོད། རྫོང་ཨུད་དྲིལ་བསྒྲགས་པུའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། དེ་སྔོན་འཇོ་མདའི་རྒྱུད་དུ་སྡོད་ཁང་སྐྲུན་སྐབས་ཤིང་ཆ་འབོར་ཆེན་དགོས་ཀྱི་ཡོད་རུང་ད་ཐེངས་བཅའ་སྒྲིག་སྡོད་ཁང་འཛུགས་སྐྲུན་བྱེད་པའི་ནང་རྒྱལ་ཁབ་ཀྱིས་དུད་ཚང་རེར་ཁ་གསབ་རོགས་དངུལ་སྒོར་ཁྲི་5སྤྲད་དེ་མང་ཚོགས་ཚོར་ཚབ་སྤྱོད་རྒྱུ་ཆ་འབོར་ཆེན་བེད་སྤྱོད་བྱེད་རྒྱུའི་ཁྲིད་སྟོན་བྱས་པས་ཨར་སྐྲུན་གྱི་ཉམས་འགྱུར་སྲོལ་རྒྱུན་ལྟར་གནས་ཐུབ་པ་བྱུང་བ་དང་ཕྱོགས་མཚུངས་ཤིང་ཆ་འབོར་ཆེན་གྲོན་ཆུང་ཐུབ་སྟེ་གནས་སྤོ་དང་བཅའ་སྒྲིག་ལས་དོན་ཐད་ལའང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་མངོན་ཡོད།

        འཇོ་མདའ་རྫོང་ནི་འབྲི་ཆུའི་སྟོད་རྒྱུད་ཀྱི་རང་བྱུང་ནགས་ཚལ་སྲུང་སྐྱོང་འདུ་འགོད་རྫོང་གི་གྲས་སུ་བཅུག་ཡོད། རང་བྱུང་ནགས་ཚལ་སྲུང་སྐྱོང་གི་འདུ་འགོད་ལག་བསྟར་བྱས་ཚུན་རྫོང་དེས་རང་བྱུང་ནགས་ཚལ་ཕྱོགས་ཡོངས་ནས་གཅོད་མཚམས་བཞག་སྟེ “གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ ”བཅས་ཀྱི་བྱེད་ཕྱོགས་ལྟར་ནགས་ཁུལ་ཁྲོད་དུ་གནས་སྡོད་བྱེད་མཁན་ཁ་ཐོར་ཡུལ་མི་རྣམས་ལ་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་རྣམ་གྲངས་དང་གྲོང་གསེབ་ཀྱི་ཚོང་འདུས་གྲོང་སྡེ་ཆུང་གྲས་འཛུགས་སྐྲུན་བྱེད་རྒྱུ་དང་ཟུང་འབྲེལ་གྱིས་སྣོད་བཅུད་གནས་སྤོ་བྱས་པ་དང་འབྲེལ་གནས་སྤོ་བྱས་རྗེས་ཀྱི་ས་ཞིང་ལ་ནགས་ཚལ་སྔོ་ཁེབས་སླར་གསོ་ཐུབ་པ་བྱས་ཡོད་སྟབས་ནགས་ཚལ་ཁེབས་ཚད་དེ་འདུ་འགོད་ལག་བསྟར་མ་བྱས་གོང་གི 30.44% ནས་མིག་སྔའི་31.05%བར་མང་དུ་སོང་ཡོད། འབྲེལ་ཡོད་བརྟག་ཞིབ་དཔྱད་གཞིའི་ཡིག་ཆའི་ཐོག་ནས་མངོན་པར་གཞིགས་ན། ལོ་ལྟར་ས་རྒྱུ་ཤོར་ཚད་ཏུན་ཁྲི་23.1ཉུང་དུ་ཕྱིན་ཡོད།

        སྨར་ཁམས་རྫོང་དུ་རང་བྱུང་ནགས་ཚལ་སྲུང་སྐྱོང་འདུ་འགོད་ལག་བསྟར་བྱས་ནས་ལོ་10སོང་ཚུན་བྱེད་ཐབས་སྣ་ཚོགས་སྤྱད་པ་བརྒྱུད་རྫོང་དེ་ཡོངས་སུ་ནགས་ཚལ་ཁེབས་ཚད་དེ་དེ་སྔའི་23.49%ནས་ད་ཆའི་24.89%བར་མང་དུ་སོང་ཡོད་པ་དང་སྣོད་བཅུད་གནས་སྤོ་དང་ནགས་ཚལ་དོ་དམ་དང་སྐྱོང་སྐྱོང་སོགས་ཀྱི་འདུ་འགོད་ཁྲོད་ནས་མང་ཚོགས་ལ་ཕན་པ་ཐོབ་པས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་ཁོང་ཚོའི་ངོས་འཛིན་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་དང་དེ་སྔོན་ཤིང་གཅོད་མཁན་ནས་ད་ཆའི་ཤིང་འཛུགས་མཁན་དང་དོ་དམ་དང་སྲུང་སྐྱོང་བྱེད་མཁན་དུ་གྱུར་ཡོད།

        ཤེས་རྟོགས་བྱུང་བར་གཞིགས་ན། འབྲི་ཆུའི་སྟོད་རྒྱུད་ཀྱི་རང་བྱུང་ནགས་ཚལ་སྲུང་སྐྱོང་འདུ་འགོད་དེ་2000ལོའི་ཟླ་5པར་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་རྗེས་མིག་སྔའི་བར་རིམ་རྩིས་བྱས་ན་འདུ་འགོད་ལ་མ་དངུལ་སྒོར་དུང་ཕྱུར་4.49བཏང་ནས་ནགས་ཚལ་དོ་དམ་དང་སྲུང་སྐྱོང་བྱེད་མཁན་2715བཀོད་སྒྲིག་བྱས་ཏེ་སྤྱི་ཆིང་ཁྲི་120ཡོད་པའི་ནགས་ཚལ་ཐོན་ཁུངས་ལ་ལོ་མང་རིང་ཕྱོགས་ཡོངས་ནས་དོ་དམ་དང་སྲུང་སྐྱོང་བྱས་པ་དང་། འདུ་འགོད་ནང་ཤིང་ཕྱོགས་ཡོངས་ནས་གཅོད་མཚམས་བཞག་པས་རིམ་རྩིས་བྱས་ན་ནགས་ཚལ་ཐོན་ཁུངས་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་320གྲོན་ཆུང་ཐུབ་པ། རིམ་རྩིས་བྱས་ན་སྣོད་བཅུད་སྤྱི་ཕན་ནགས་ཚལ་སྤྱི་ཆིང་15618.2འདེབས་འཛུགས་བྱས་པ། དུད་ཚང་2508ཀྱི་མི་15183སྣོད་བཅུད་གནས་སྤོ་བྱས་པ། ཡུན་ཧྲན་གསོམ་ཤིང་དང་། ས་གནས་དེ་གའི་སྦྱར་ལྕང་། གླང་ཚེར་བཅས་ཀྱི་སྡོང་ཕྲུག་རྟེན་གཞི་མུའུ་300ལྷག་ཙམ་བཙུགས་པ་དང་ཚད་ལྡན་ཅན་གྱི་སྡོང་ཕྲུག་ར་བ་4སྐྲུན་པའི་རྒྱ་ཁྱོན་མུའུ་180ཟིན་ནས་ལོར་སྡོང་ཕྲུག་ཁྲི་100ཐོན་པ་བཅས་རེད། འདུ་འགོད་ཁུལ་གྱི་ནགས་ཚལ་ཐོན་ཁུངས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ནས་སྣོད་བཅུད་ལེགས་སུ་མངོན་གསལ་དོད་པོ་ཕྱིན་ཡོད།

        དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནམ་ཡང་གནས་ཐུབ་པ་བྱ་ཆེད་ཆབ་མདོ་ས་ཁུལ་གྱིས “སྲུང་སྐྱོང་བྱ་རྒྱུ་ཨང་དང་པོར་འཇོག་པ་དང་འཛུགས་སྐྲུན་ཧུར་ཐག་བྱེད་པའི ”བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་ནགས་ཚལ་ཐོན་ཁུངས་དོ་དམ་དང་སྲུང་སྐྱོང་བྱེད་པའི་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་ནགས་ཚལ་ཐོན་ཁུངས་དོ་དམ་དང་སྲུང་སྐྱོང་གི་མ་ལག་ཅིག་རགས་ཙམ་བསྐྲུན་པ་དང་ས་ཁུལ་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་དོ་དམ་དང་སྲུང་སྐྱོང་གི་དྲ་བ་བཙུགས་ཏེ་ཀྲུང་དབྱང་དང་ས་གནས་ཀྱི་ནགས་ཚལ་སྣོད་བཅུད་ཕན་འབྲས་ཁ་གསབ་ཀྱི་ཐེབས་རྩ་ལག་བསྟར་བྱེད་འགོ་བཙུགས་པ་དང་དང་ཆབས་ཅིག་ས་ཁུལ་དེ་ཡོངས་སུ་སྡོང་ཕྲུག་ར་བ་སྣ་ཚོགས་བཙུགས་ནས་ཤིང་འཛུགས་སྔོ་ལྗང་ཅན་དུ་འགྱུར་བ་བྱེད་པའི་ལས་དོན་གཞི་ཁྱོན་ཆེན་པོས་སྤེལ་ཡོད།

        སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པ།

        སྨར་ཁམས་རྫོང་གྲོང་ནས་ཚྭ་ཁ་ལྷོ་འཇང་རིགས་མི་རིགས་ཤང་བར་སྐྱོད་པར་ཧོང་ལའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ངེས་པར་དུ་བརྒྱུད་དགོས་ཀྱི་ཡོད། རི་རྩེ་ནས་མར་ལྟ་སྐབས་ལོ་མ་ཆེ་བའི་ནགས་ཚལ་དང་། ཕྲ་ལོ་ནགས། སྤང་ཐང་། གངས་འཁྱགས་རྒྱུད་བཅས་རིམ་པ་སྟར་ཆགས་བཞིན་གནས་ཡོད་པ་དང་ཚོན་མདོག་དམར་པོ་དང་། སེར་པོ། ལྗང་ཁུ་བཅས་ཀྱིས་རི་བོ་ཆེན་པོ་ཡོངས་བཀླུབས་ཡོད་པས་སྟོན་དུས་ཀྱི་ཧོང་ལ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར་ཡོད། ཧོང་ལའི་སྙན་གྲགས་ཆེན་པོ་དེ་འདྲ་ཡོད་དོན་ནི་ཧོང་ལའི་སྔོ་ཁེབས་རིགས་མང་བ་དང་ནགས་ཚལ་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པའི་ཁར་དེ་གར་འཛམ་གླིང་ཐོག་སྟོངས་ཉེར་ཡོད་པའི་བློ་ལྡན་སྲོག་ཆགས་ཀྱི་རིགས་ཏེ་ཡུན་ནན་གྱི་སྤྲེའུ་སྤུ་སེར་དེ་གར་འཚོ་སྡོད་བྱེད་ཀྱི་ཡོད་པས་ཡིན། བསོད་ནམས་ཚེ་རིང་ནི་ཧོང་ལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐོར་གཡེང་དོ་དམ་པ་ཞིག་ཡིན་པ་དང་2000ལོ་ནས་བཟུང་ཁོང་གིས་ཧོང་ལའི་གང་སར་བསྐྱོད་དེ་དེ་གའི་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་བྱེད་ཀྱི་ཡོད་པ་མ་ཟད་ཡུན་ནན་གྱི་སྤྲེའུ་སྤུ་སེར་གྱི་འཚོ་བའི་གོམས་གཤིས་ལ་ལྟ་ཞིབ་ཞིབ་ཚགས་བྱས་ཏེ་ཚན་རིག་ཞིབ་འཇུག་ཐད་མིག་མཐོང་ལག་ཟིན་གྱི་དཔྱད་གཞིའི་ཡིག་ཆ་མཁོ་འདོན་བྱེད་ཀྱི་ཡོད། ཁོང་གིས་ཧོང་ལའི་སྐྱིད་སྣང་དོད་པའི་གནམ་གཤིས་དང་ཕུན་སུམ་ཚོགས་པའི་ནགས་ཚལ་ཐོན་ཁུངས་ཀྱིས་ཡུན་ནན་སྤྲེའུ་སྤུ་སེར་ལ་འཚོ་སྡོད་ཀྱི་ཁོར་ཡུག་ལེགས་པོ་ཞིག་བྱུང་ཡོད། ད་ཕན་ལོ་ཤས་རིང་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཤུགས་ཆེར་སོང་བའི་དབང་གིས་ཡུན་ནན་གྱི་སྤྲེའུ་སྤུ་སེར་གྱི་གྲངས་འབོར་མང་དུ་སོང་བ་དང་མིག་སྔར་དེ་གར་ཡུན་ནན་གྱི་སྤྲེའུ་སྤུ་སེར་600ལྷག་ཙམ་འཚོ་སྡོད་བྱེད་པ་ཤེས་རྟོགས་ཐུབ་ཡོད། བསོད་ནམས་ཚེ་རིང་གིས་ཡུན་ནན་གྱི་སྤྲེའུ་སྤུ་སེར་ཕུད་སྲུང་སྐྱོང་ཁུལ་ནང་ནས་ད་དུང་སྐབས་འགར་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་གཟིག་སྐྱ་དང་། གསའ་གཟིག འབྲོང་བཅས་དང་དེ་བཞིན་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་བདག་ཏུ་མ་བཟུང་བའི་སྲོག་ཆགས་དོམ་ཁྲ་ཆུང་ཆུང་དང་། མ་ལ་དོམ། ཤྭ་བ་སེར་ཆེན། གླ་བ་བཅས་མཐོང་རྒྱུ་ཡོད་ཅེས་བརྗོད་ཀྱི་འདུག ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཧོང་ལར་རྩ་ཆེའི་སྲོག་ཆགས་སྣ་ཚོགས་ཡོད་པ་ཕུད་ད་དུང་ཤིང་སྣ་སྣ་ཚོགས་དང་རྩ་ཆེའི་མེ་ཏོག་དང་རྩྭ་དང་ནགས་ཁྲོད་ཐོན་ཁུངས་འབོར་ཆེན་ཞིག་ཡོད་པས “སྲོག་ཆགས་དང་རྩི་ཤིང་གི་ཞིང་ཁམས ”ཞེས་བརྗོད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

        འཇོ་མདའ་གྲོང་རྡལ་བདེ་སྐྱིད་གྲོང་ཚོར་ཚེ་མཇུག་སྐྱེལ་བཞིན་པའི་བགྲེས་སོང་དགེ་འཕེལ་གྱིས་ལོ་འགའ་ཤས་གོང་ནགས་ཁུལ་ནས་འདི་གར་སྤོས་པ་ཡིན་ཞེས་བརྗོད་ཀྱི་འདུག ནགས་ཁུལ་ནས་སྤོ་སྐབས་ཀྱི་བརྒྱུད་རིམ་སྐོར་གླེང་སྐབས་ཁོང་ལ་མྱོང་ཚོར་ཧ་ཅང་མང་པོ་ཡོད་ཅིང་། ཁོང་གིས་སྐབས་དེ་དུས་གནས་སྤོ་བྱེད་སྐབས་བསམ་ཤེས་ཐུབ་མ་བྱུང་། འོན་ཀྱང་ལོ་དེ་དག་ནང་རང་བྱུང་ནགས་ཚལ་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་སྔ་ས་ནས་མཐོང་རྒྱུ་མེད་པར་གྱུར་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ནགས་ཚལ་ཁྲོད་འཚོ་སྡོད་བྱེད་པ་དང་ལོ་མང་སྐམ་པའི་ཕུ་ཆུ་སླར་ཡང་རྒྱུག་པ་མཐོང་སྐབས་ང་ཚོ་འདི་གར་སྤོ་རིན་ཆོག་འདུག་སྙམ་གྱི་འདུག་ཅེས་བརྗོད་བྱུང་།

        རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་རྨང་གཞི་སྲ་བརྟན་དུ་གཏོང་བ།

        གསར་འགོད་པས་བྲག་གཡབ་རྫོང་མཁར་སྒང་ཤང་འདེན་ཤོད་གྲོང་ཚོར་བཅར་འདྲི་བྱེད་སྐབས་ཉིན་གུང་གི་ལྟོ་ཆས་བཟའ་བའི་དུས་དང་ཏག་ཏག་འཁེལ་སོང་། བྱམས་པ་དངོས་གྲུབ་ཁྱིམ་གྱིས་རྫབ་རླངས་ཀྱི་མེ་སྤྱད་ནས་ཟ་མ་བཟོ་བའི་སྐབས་དེར་ཁང་པ་ཡོངས་དྲི་ཞིམ་གྱིས་ཁྱབ་འདུག མཁར་སྒང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཟླ་བ་བསོད་ནམས་ཀྱིས་གསར་འགོད་པར་བུད་ཤིང་གི་ཚབ་བྱེད་ལས་གྲྭ་གཉེར་རྗེས་མཁར་སྒང་ཤང་གི་ཁྱིམ་ཚང་མང་ཆེ་བར་རྫབ་རླངས་སྤྱོད་རྒྱུ་བྱུང་བས་འཚོ་བའི་སྤུས་ཚད་ཡག་ཏུ་ཕྱིན་པ་མ་ཟད་རླུང་ཁམས་ཆེ་མོའི་སྦགས་བཙོག་ཉུང་དུ་སོང་ལ་ཤིང་ནགས་ཐོན་ཁུངས་ལ་སྲུང་སྐྱོབ་ཀྱང་བྱེད་ཐུབ་པ་བྱུང་ཡོད་ཅེས་བཤད་བྱུང་། ཆབ་མདོ་རྫོང་གཤོ་དངུལ་མདའ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྐལ་བཟང་གིས་གསར་འགོད་པར་གྲོང་ཚོ་དེར་རྫབ་རླངས་ཐབ་མ་བཙུགས་གོང་ཁྱིམ་ཚང་རེས་ལོ་རེར་བུད་ཤིང་རླངས་འཁོར་གང་དང་ཕྱེད་ཀ་ཙམ་ཕལ་ཆེར་སྤྱོད་ཀྱི་ཡོད་པས་ནགས་ཤིང་ཐོན་ཁུངས་ཟད་གྲོན་ཧ་ཅང་ཆེན་པོ་ཡོད་ཅེས་བཤད།

        གྲོང་ཁྱེར་དང་གྲོང་རྡལ་གྱི་སྣོད་བཅུད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་ལས་དོན་དེ་སྔོན་མ་ནས་སྣོད་བཅུད་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་གལ་ཆེན་གྲས་ཤིག་རེད། ཆབ་མདོ་ས་ཁུལ་གྱི་གྲོང་རྡལ་ཁྲོད་ཆུ་ནུས་དང་། ཉི་ནུས། གློག་ནུས་སོགས་ནུས་ཁུངས་གཙང་མ་ཁྱབ་གདལ་ཧུར་ཐག་བཏང་བ་དང་ལྷག་དོན་དུ་ཞིང་འབྲོག་ཁུལ་ལ་ནུས་རྒྱུའི་ཚབ་བྱེད་ལས་གྲྭ་ལག་ལེན་ཤུགས་ཆེན་བསྟར་བས་ནགས་ཚལ་ཐོན་ཁུངས་ཀྱི་ཟད་གྲོན་ཧ་ཅང་ཆུང་དུ་ཕྱིན་ཡོད། མིག་སྔའི་བར་ས་ཁུལ་དེ་ཡོངས་སུ་རིམ་རྩིས་བྱས་ན། ཉི་ཐབ་1856ཁྱབ་སྤེལ་བཏང་བར་མང་ཚོགས་9888ལ་ཕན་པ་ཐོབ་པ་དང་ཞིང་འབྲོག་པའི་ཁྱིམ་ཚང་17770ཡིས་རྫབ་རླངས་སྤྱད་ཡོད། དུད་ཚང་33974ཡི་མི་172357ལ་བུད་ཤིང་གི་ཚབ་བྱེད་རྣམ་གྲངས་ལས་ཕན་པ་ཐོབ་ཡོད།

        ཆབ་མདོ་ས་ཁུལ་གྱི་རྒྱལ་ཁབ་ཀྱི་ས་ཆའི་རྒྱ་ཁྱོན་ནང་རྩྭ་ཐང་རྒྱ་ཁྱོན་གྱིས་ཧ་ཅང་ཆེན་པོ་བཟུང་ཡོད། ཕལ་ཆེར་རྫོང་གང་རུང་ཞིག་ཏུ་གནག་ཕྱུགས་ཚོས་རྩྭ་ཐང་ཐོག་བློ་བདེ་བག་ཕེབས་ངང་རྩེད་འཇོར་རོལ་བའི་རྣམ་པ་ང་ཚོས་མཐོང་ཐུབ། སྐད་གྲགས་ལྡན་པའི་ཡངས་ཤིང་རྒྱ་ཆེ་བའི་སྤོམ་མདའ་རྩྭ་ཐང་གི་རྒྱ་ཁྱོན་ལ་རྩྭ་ཐང་བརྒྱུད་དེ་འགྲོ་མཁན་མི་ཚང་མ་ཧང་སངས་དགོས་པ་ཞིག་བྱུང་ཡོད།

        འོན་ཀྱང་ཕྱུགས་རིགས་མང་དྲགས་པའི་དབང་གིས་རྩྭ་ཕྱུགས་ཀྱི་འགལ་བ་ཉིན་བཞིན་ཇེ་ཆེར་ཕྱིན་ནས་རྩྭ་ཐང་གི་སྣོད་བཅུད་ལེགས་སུ་འགྲོ་རྒྱུར་འགོག་རྐྱེན་བྱུང་ཡོད། རང་བྱུང་རྩྭ་ཐང་བེད་སྤྱོད་ལུགས་མཐུན་དང་རྩྭ་ཐང་གི་སྣོད་བཅུད་ལེགས་སུ་འགྲོ་ཆེད་ཆབ་མདོ་ས་ཁུལ་གྱིས་བྱ་ཐབས་རབ་དང་རིམ་པ་སྤྱད་ནས་རང་བྱུང་རྩྭ་ཐང་ལུགས་མཐུན་བེད་སྤྱོད་དང་སྣོད་བཅུད་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གཅིག་ནས་རང་བྱུང་རྩྭ་ཐང་ར་བསྐོར་དང་ཆུ་བེད་འཛུགས་སྐྲུན་གཙོ་གནད་དུ་བྱས་ཏེ་རྩྭ་ཐང་གི་རྩྭ་ཐོན་ཚད་དང་མུའུ་རེའི་རྒྱ་ཁྱོན་ནང་ཕྱུགས་ཟོག་ཤོང་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་བ་དང་། གཉིས་ནས་རྩྭ་རའི་འགན་འཁྲིའི་ལམ་ལུགས་ལག་བསྟར་དང་རྩྭ་ལ་གཞིགས་ནས་ཕྱུགས་གཏན་འཁེལ་བྱེད་པའི་རྩ་དོན་ལ་གཞིགས་ཏེ་རུ་བ་སྤོ་རེས་ཀྱི་དུས་ཚོད་དང་། རུ་བ་སྤོ་ཡུལ། ཕྱུགས་འཚོ་མི་ཆོག་པའི་ཁུལ་བཅས་ཕྱེ་སྟེ་ཕྱུགས་བཤས་ཚད་མང་དུ་བཏང་བ་དང་རྩྭ་ཐང་གི་གཤོང་ཚད་ལས་བརྒལ་ནས་ཕྱུགས་འཚོ་རྒྱུ་གཏན་འགོག་བྱས་པས་རང་བྱུང་རྩྭ་ཐང་ལ་སྲུང་སྐྱོང་ནུས་ལྡན་བྱུང་བ། གསུམ་ནས་མི་ཐབས་ལ་བརྟེན་ནས་རྩྭ་ར་བསྐྲུན་པ་དང་ཕྱུགས་ཟོག་འཕར་བ་ལས་བྱུང་བའི་རང་བྱུང་རྩྭ་ཐང་གི་གནོན་ཤུགས་ཆུང་དུ་གཏོང་བ། བཞི་ནས་ཚན་རིག་དང་མཐུན་པའི་བྱ་ཐབས་སྤྱོད་པ་དང་མི་ཐབས་དང་སྐྱེ་དངོས་སོགས་ཀྱི་ལག་རྩལ་སྤྱད་ནས་ཨ་བྲ་དང་། འབུ། དུག་རྩྭ་བཅས་ཀྱི་གནོད་འཚེ་སྔོན་འགོག་དང་བཅོས་སྒྲིག་བྱ་ཤུགས་ཆེ་རུ་བཏང་ནས་རྩྭ་ཐང་གི་རང་བྱུང་སྣོད་བཅུད་དོ་སྙོམས་ཡོང་རྒྱུར་སྲུང་སྐྱོང་བྱེད་པ། ལྔ་ནས་འབྲོག་ཁུལ་གྱི་རྩྭ་ཐང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་དང་སྐྱ་སྤོས་འབྲོག་པའི་ཐོན་སྐྱེད་བྱེད་སྟངས་སྒྱུར་བ། འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱས་ནས་འབྲོག་པའི་འཚོ་བའི་ཆུ་ཚད་མཐོ་རུ་འགྲོ་བ་བཅས་བྱས་ཡོད། 2001ལོ་ནས་བཟུང་ཆབ་མདོ་ས་ཁུལ་གྱིས་ཞིང་འབྲོག་ཁུལ་དུ་འབྲོག་ཁུལ་གྱི་རྩྭ་ཐང་འཛུགས་སྐྲུན་དང་སྐྱ་སྤོས་འབྲོག་པའི་གཞིས་ཆགས་ལས་གྲྭ་དང་དེ་བཞིན་རང་བྱུང་རྩྭ་ཐང་བསྐྱར་གསོ་དང་འཛུགས་སྐྲུན་གྱི་རྣམ་གྲངས་ལག་བསྟར་བྱས་པའི་བྱ་ཐབས་དེ་དག་གིས་ཞིང་འབྲོག་པའི་ཡོང་འབབ་དང་འཚོ་བའི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་འགྲོ་རྒྱུ་འགན་ལེན་བྱས་ཡོད་ལ་རྩྭ་ཐང་སྣོད་བཅུད་ལེགས་སུ་འགྲོ་རྒྱུའི་འགན་སྲུང་ཡང་བྱས་ཡོད་པ་རེད།

        བཅིངས་འགྲོལ་མ་བཏང་གོང་རང་བྱུང་ཁམས་ནས་ཚུར་ལེན་ཐབས་བྱེད་པའི་སྣང་ཚུལ་ཁོ་ན་ནས་ད་ལྟ་ལུགས་མཐུན་དང་གོ་རིམ་ལྡན་པའི་སྒོ་ནས་ཐོན་ཁུངས་གསར་སྤེལ་བྱས་པའི་བར་དང་། གྲོང་ཁྱེར་ཡོངས་སུ་བཙོག་ཆུ་གང་སར་རྒྱུག་པ་ནས་བོད་ཀྱི་གྲོང་རྡལ་གྱི་བཙོག་ཆུ་གཙང་བཟོ་ཁང་དང་པོ་བསྐྲུན་པའི་བར། ཆབ་མདོའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་དེ་རང་གི་དོན་དངོས་དང་འཚམས་པའི་ལམ་བུ་ཞིག་གི་ཐོག་བསྐྱོད་པ་དང་ལམ་བུ་དེ་བརྒྱུད་ན་ང་ཚོས་ནམ་མཁའ་སྔོ་ཞིང་ཆུ་བོ་དྭངས་བ་དང་སྤྲིན་པ་དཀར་ཞིང་རྩྭ་ཐང་སྔོ་བའི་མཛེས་ཤིང་ལྟ་ན་སྡུག་པའི་མཛེས་ལྗོངས་ཤིག་མཐོང་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།