དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཁམས་པའི་ཉམས་བཟང་གཙང་གསུམ་རྒྱུད་དུ་ངོམ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ཆབ་མདོར་བཅིངས་འགྲོལ་ཐོབ་ནས་ལོ་60འཁོར་བའི་རྟེན་འབྲེལ་ཆེ་མོ་འཆར་ཉེར་ཡོད་པའི་སྐབས་སུ་ཆབ་མདོའི་སྡེ་ཚན་ཁག་དང་ཚན་པ་ཁག་གིས་བྱ་སྤྱོད་ཧུར་ཐག་སྤེལ་ནས་རྟེན་འབྲེལ་ཆེ་མོར་བསུ་བ་ཞུ་ཕྱིར་གྲ་སྒྲིག་གང་ལེགས་བྱེད་ཅིང་། འདི་ནི་ཟླ་10ཚེས་12ཉིན་ཆབ་མདོ་རྫོང་ཁོར་ཡུག་འཕྲོད་བསྟེན་ཅུས་དང་མེ་ཟོན་དཔོན་དམག་ཚོས་ཆབ་མདོ་གྲོང་ཁུལ་དུ་ཁྱོན་ཡོངས་ནས་གཙང་སྦྲ་བྱེད་པའི་གནས་ཚུལ་ཡིན་པ།

        ཁམས་པའི་རིག་གནས་ཀྱི་ལྟེ་བ་ཡིན་པའི་ཆབ་མདོར་སྤྲོ་སེམས་འཁོལ་བའི་སྟེང་ཆེན་གྱི་རལ་པ་དང་། སྤྲོ་སྣང་ལྡན་པའི་ཆབ་མདོའི་སྒོར་གཞས། སྙན་འཇེབས་ལྡན་ལ་འཁྲུག་ཆ་ལྡན་པའི་སྨར་ཁམས་ཀྱི་འབའ་གཞས་བཅས་ཡོད་པ་མ་ཟད། ད་དུང “རྡུང་བཟོའི་ཕ་ཡུལ ”དང “ཤིང་བརྐོས་ཀྱི་ཕ་ཡུལ ”ལ་སོགས་ཡོད། ཡུལ་དེ་ནས་མི་རྣམས་ཀྱིས་དམིགས་བསལ་གྱི་ཁམས་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དངོས་འབྲེལ་ཉམས་སུ་མྱོང་ཐུབ་ཀྱི་ཡོད་པ་རེད།

        བཅིངས་འགྲོལ་མ་ཐོབ་གོང་ཆབ་མདོ་ས་ཁུལ་དུ་ཆེད་ལས་ཀྱི་རིག་གནས་སྒྱུ་རྩལ་གྱི་དོ་དམ་སྒྲིག་གཞི་མེད། བཅིངས་འགྲོལ་ཐོབ་རྗེས་རིག་གནས་ལས་དོན་ལ་དོ་དམ་བྱེད་མཁན་གྱི་སྒྲིག་གཞི་དེ་རིག་གནས་སློབ་གསོ་ཚོགས་ཆུང་ནས་རིག་གནས་སློབ་གསོ་ཁྲུའུ་དང་། རིག་སློབ་འཕྲོད་བསྟེན་ཅུས། རིག་གནས་ཅུས་བཅས་བར་རིམ་འཕར་བྱུང་ཞིང་། སྒྲིག་གཞི་འགྱུར་ལྡོག་ཐོག་ནས་མཚོན་པ་ནི་ཆབ་མདོ་ས་ཁུལ་གྱི་རིག་གནས་བྱ་གཞག་དེ་འཕོ་འགྱུར་དང་འཕེལ་རྒྱས་ཁྲོད་ངལ་བ་ཁྱད་བསད་བྱས་པ་དེ་རེད། ལོ་60ཡི་ནང་ཆབ་མདོ་ས་ཁུལ་གྱི་རིག་གནས་འཛུགས་སྐྱོང་དེར་དཔལ་འབྱོར་འཛུགས་སྐྲུན་དང་འདྲ་བར་སྐྱེ་བོ་ཀུན་གྱིས་མཐོང་ཐུབ་པའི་གྲུབ་འབྲས་ཐོབ་ཡོད།

        གཞི་རིམ་གྱི་རིག་རྩལ་ལྟ་ན་སྡུག་པ།

        མང་ཚོགས་ཀྱི་རིག་གནས་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་ནས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་བསྐྲུན་རྒྱུའི་བར་གྱི་ཆབ་མདོ་ས་ཁུལ་གྱི་གཞི་རྩའི་རིག་གནས་འཛུགས་སྐྱོང་གི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་མི་དམངས་མང་ཚོགས་ཀྱི་གཞི་རྩའི་རིག་གནས་ཁེ་དབང་སྔར་བས་མངོན་འགྱུར་བྱུང་ཡོད།

        མང་ཚོགས་ཀྱི་རིག་གནས་བྱེད་སྒོའི་ལམ་སྲོལ་རྒྱུན་ཆད་མེད་པར་གསར་གཏོད་བྱས་པ་དེ་ལས་ཆབ་མདོ་ས་ཁུལ་གྱི་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་ཁག་ཉིན་རེ་བཞིན་ཁྱབ་གདལ་བྱུང་ཞིང་། མི་སེར་གྱི་རིག་གནས་དང་འཚོ་བ་ལྟ་ན་སྡུག་པ་དང་ནང་དོན་ཕུན་སུམ་ཇེ་ཚོགས་སུ་སོང་བའི་རིག་གནས་བྱེད་སྒོ་དེ་མང་ཚོགས་ཀྱི་ཉིན་རེའི་འཚོ་བའི་ཁྲོད་ཁྱབ་ཡོད་པ་སྟེ། གཞོན་ནུ་གླུ་གཞས་མཁས་ཅན་གྱི་བྱ་དགའ་ཆེན་པོའི་འགྲན་བསྡུར་དང་། དམངས་གཞས་འགྲན་བསྡུར། བྱིས་པའི་རིག་རྩལ་མཉམ་འཁྲབ། དམངས་ཁྲོད་སྒྱུ་རྩལ། ཕ་ཡུལ་གྱི་རིག་རྩལ་འགྲེམས་འཁྲབ། ཡིག་གཟུགས་དང་། རི་མོ། པར་རིས་བཅས་འགྲེམས་སྟོན་སོགས་རེད། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། 2003ལོ་ནས་ད་བར་ས་ཁུལ་དེ་ཡོངས་སུ་ཁྱོན་རིག་རྩལ་བྱེད་སྒོ་ཁག་ཐེངས་གྲངས་སྟོང་ཙམ་གཉེར་བ་དེ་ལས་མང་ཚོགས་མི་ཐེངས་ཁྲི་200ལ་ཕན་པ་ཐོབ་ཡོད། “གཤམ་སྤེལ་བཞིའི ”བྱེད་སྒོ་སྤེལ་ནས་གཞི་རིམ་གྱི་མང་ཚོགས་ལ་དེབ་ཁྲི་3ལྷག་ཙམ་སྤྲད་པ་དང་འཁྲབ་སྟོན་ཐེངས་500ལྷག་ཙམ་བྱས་ཡོད་པ་རེད།

        གཟའ་མཇུག་གི་དགོང་མོ་སྨར་ཁམས་རྫོང་འཇང་མི་རིགས་ཤང་འཇང་གྲོང་ཚོའི་ཐང་ཆེན་དུ་མི་རྣམས་ཀྱིས་སྒོར་སྒོར་བྱས་ནས་རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་སྒོར་གཞས་རྒྱག་པ་དང་ཆབས་ཅིག་མི་རྣམས་ཀྱི་སྤྲོ་བ་ཡང་ནས་ཡང་དུ་འཕེལ།

        རིག་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ནས་ཆབ་མདོ་ས་ཁུལ་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་དྲ་བའི་སྟེགས་བུ་བསྐྲུན་ཞིང་། མིག་སྔར་ས་ཁུལ་དེ་ཡོངས་སུ་རྫོང་རིམ་པའི་ཕྱོགས་བསྡུས་རིག་གནས་བྱེད་སྒོ་ལྟེ་གནས་11དང་། རྫོང་རིམ་པའི་རིག་གནས་བྱེད་སྒོ་ཐང་ཆེན་དང་ཤང (གྲོང་རྡལ )དང་གྲོང་ཚོ་ཁག་གཅིག་གི་རིག་གནས་བྱེད་སྒོ་ཐང་ཆེན་13ཤང་གྲོང་རིག་གནས་ས་ཚིགས་7 ཞིང་པའི་དཔེ་དེབ་ཁང་88བཅས་ཡོད་པ་དང་རྒྱལ་ཡོངས་ཀྱི་རིག་གནས་ཐོན་ཁུངས་མཉམ་སྤྱོད་འདུ་འགོད་ཀྱི་རྫོང་གི་གཞི་རིམ་ལྟེ་གནས་6བསྐྲུན་ཡོད་པ་རེད།

        ཆབ་མདོ་ས་ཁུལ་གྱི་དཔེ་མཛོད་ཁང་དུ་སྐྱོད་སྐབས་ཐོག་སོ་ཉིས་ཐོག་གི་སྒྲོམ་སྐྱོར་སྟེང་བཀལ་བའི་འཕྲེད་འགེལ་སྦྱར་ཡིག་ཐོག “སྤྱི་པའི་དཔེ་མཛོད་ཁང་ནི་མི་དམངས་ཀྱི་མི་ཚེ་གཅིག་གི་སློབ་གྲྭ་ཡིན ”ཞེས་བྲིས་འདུག གསར་འགོད་པས་བཅར་འདྲི་བྱེད་སྐབས་གཅིག་ཐོག་གི་ཚོམས་ཆེན་ནང་གྲལ་སྟར་འགྲིག་པོའི་སྒོ་ནས་དཔེ་དེབ་མང་པོ་ཞིག་བཞག་པ་མཐོང་བྱུང་བ་དེ་དག་ནི་ཉིན་དེ་རང་དུ་ལྷ་ས་ནས་དབོར་ཡོང་ནས་ཞིང་པའི་དཔེ་དེབ་ཁང་དུ་སྤྲོད་རྒྱུའི་དཔེ་དེབ་ཤ་སྟག་རེད། དཔེ་མཛོད་ཁང་དང་སྒོ་ར་གཅིག་ཡིན་པའི་ཆབ་མདོ་ས་ཁུལ་མང་ཚོགས་སྒྱུ་རྩལ་ཁང་ནི་1984ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རོགས་བསྐྲུན་བྱས་པའི་ལས་གྲྭའི་རྣམ་གྲངས་ 43གྱི་གྲས་ཤིག་རེད།

        རིག་གནས་ཐོན་སྐྱེད་འཁྲུག་ཆ་དོད་པ།

        ལོ་60ཡི་རིང་ཆབ་མདོའི་གསར་བརྗེའི་འཛུགས་སྐྲུན་དང་སྒྱུར་བཅོས་འཕེལ་རྒྱས་ཀྱི་དུས་རབས་ཀྱི་རྒྱབ་ལྗོངས་ལ་རམ་འདེགས་ཀྱིས་ཆབ་མདོའི་རིག་རྩལ་རྩེར་སོན་བརྩམ་བྱ་དེ་ཡང་རྒྱུན་འཛིན་བྱེད་པའི་ཁྲོད་འཕེལ་རྒྱས་དང་གསར་བཏོད་བྱུང་ཞིང་། རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོས་སེམས་རྣལ་དུ་ཕབ་ནས་དུས་རབས་འགྱུར་ལྡོག་ཕྱིན་པའི་རྗེས་ཤུལ་གལ་ཆེན་འགོད་བཞིན་ཡོད་ལ་མང་ཚོགས་དཀྱུས་མའི་འཚོ་བ་དང་བརྩེ་སེམས་བློ་རྩེ་གཅིག་སྒྲིམ་གྱིས་མཚོན་པར་ཡང་བྱེད་བཞིན་ཡོད་པ་དེས་ཕྱོགས་མང་པོའི་ཐད་ནས་མི་དམངས་མང་ཚོགས་ཀྱི་བསམ་པ་དང་རིག་གནས་ཀྱི་དགོས་མཁོ་བསྐངས་ཡོད།

        སྔོན་མ་དམག་སྡེ་བཅོ་བརྒྱད་པ་ཆབ་མདོར་བཅའ་སྡོད་བྱས་རྗེས་རིག་རྩལ་རུ་ཁག་གཅིག་ཆེད་མངགས་བཙུགས་པ་དེ་ནི་བོད་ཀྱི་རིག་རྩལ་རུ་ཁག་སྔ་ཤོས་དེ་རེད། སྐབས་དེ་དུས་རུ་ཁག་ནང་ཁྱོན་མི་ཉི་ཤུ་གསུམ་ཅུ་ཙམ་ཡོད་པ་དང་ཆབ་མདོར་བཅིངས་འགྲོལ་ཐོབ་རྒྱུར་གཞོགས་འདེགས་བྱ་ཕྱིར་ལས་དོན་འབོར་ཆེན་ཞིག་བསྒྲུབས་པར་མང་ཚོགས་ཀྱི་བསྔགས་བརྗོད་ཡག་པོ་ཐོབ་པ་དང་ཆབས་ཅིག་ཆབ་མདོ་ས་ཁུལ་གྱི་རིག་གནས་སྒྱུ་རྩལ་འཕེལ་རྒྱས་གཏོང་ཕྱིར་སྐུལ་ཁྲིད་ཀྱང་བྱས་ཡོད། སྐབས་དེ་དུས་ད་དུང་གཞོན་ནུ་ལས་གྲུབ་པའི་རུ་ཁག་གཅིག་ཡོད་པ་དེས་རོལ་དབྱངས་དང་གླུ་གར་གྱི་རྣམ་པའི་ཐོག་ནས་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་དྲིལ་བསྒྲགས་བྱེད་ཀྱི་ཡོད།

        1984ལོར་ཀྲུང་དབྱང་གིས་སྐོང་ཚོགས་བྱས་པའི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པའི་དགོངས་དོན་གཞིར་བཟུང་ཆབ་མདོ་ས་ཁུལ་གྱིས་དང་ཐོག་སྟེང་ཆེན་རྫོང་དུ་ཝུའུ་ལན་མུའུ་ཆི་རྟ་ཐོག་དྲིལ་བསྒྲགས་རུ་ཁག་ཚོད་འཛུགས་བྱས་པ་དང་དེ་རྗེས་ཆབ་མདོའི་རྫོང་ཁག་ཏུ་ཝུའུ་ལན་མུའུ་ཆིའི་རྟ་ཐོག་དྲིལ་བསྒྲགས་རུ་ཁག་གཅིག་རྗེས་གཉིས་མཐུད་ངང་བཙུགས་པ་དང་མི་255ལས་གྲུབ་པའི་འཁྲབ་སྟོན་དཔུང་ཁག་གཅིག་ཆགས་པ་དེས་སྲོལ་རྒྱུན་དང་གསར་རྩོམ་བྱས་པའི་ལེ་ཚན་སྣ་ཁ་100ལྷག་ཙམ་འཁྲབ་སྟོན་བྱས་ཡོད། ཆབ་མདོ་ས་ཁུལ་ནི་སྐབས་དེར་བོད་ཀྱི་ས་ཁུལ་ཁག་ནང་གི་རྫོང་ཡོངས་རྫོགས་སུ་དྲིལ་བསྒྲགས་རུ་ཁག་འཛུགས་མཁན་ས་ཁུལ་དང་པོ་དེ་རེད། ད་ཆ་ས་ཁུལ་དེ་ཡོངས་སུ་ལས་ཞོར་རིག་རྩལ་འཁྲབ་སྟོན་རུ་ཁག་107པ་དེས་ལོ་རེར་འཁྲབ་སྟོན་ཐེངས་2010བྱེད་ཀྱི་ཡོད་པ་རེད།

        ཆབ་མདོ་ས་ཁུལ་གྱི་སྟོབས་ཤུགས་ཆེ་ཤོས་ལྡན་པའི་ཆེད་ལས་རིག་རྩལ་ཚོགས་པ་ཡིན་པའི་ཆབ་མདོ་ས་ཁུལ་མི་རིགས་གླུ་གར་ཚོགས་པ་དེ་1972ལོར་བཙུགས་པ་དང་དེ་གོང་ནི་ཆབ་མདོ་རྫོང་གི་སློབ་གྲྭ་ལས་གྲུབ་པའི་ལས་ཞོར་དྲིལ་བསྒྲགས་རུ་ཁག་ཅིག་ཡིན་པ་རེད། ལོ་མང་རིང་ཆབ་མདོ་ས་ཁུལ་གྱི་ཆེད་ལས་ཚོགས་པ་དང་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་གལ་ཆེའི་བྱེད་སྒོར་དམ་པོར་དམིགས་ཏེ་བསམ་བློའི་རང་བཞིན་དང་། སྒྱུ་རྩལ་རང་བཞིན། ལྟད་མོའི་རང་བཞིན་བཅས་ཆེ་ཙམ་ལྡན་ལ “ཉེ་བཅར་གསུམ ”གྱི་བླང་བྱ་དང་མཐུན་པའི་ཕུལ་བྱུང་རིག་རྩལ་བརྩམ་བྱ་ཁག་གཅིག་བརྩམས་ཡོད། ཉེ་བའི་ལོ་ཤས་རིང་ཆབ་མདོ་ས་ཁུལ་གྱི་མི་རིགས་གླུ་གར་ཚོགས་པས་ཏང་དང་། རྒྱལ་ཁབ། དེ་བཞིན་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་མཉམ་དུ་སྔ་རྗེས་སུ་དབྱི་ཐ་ལི་དང་། ཏེན་མག ཨུ་རུ་སུ་བཅས་སུ་རིག་རྩལ་འཁྲབ་སྟོན་བྱེད་པར་བསྐྱོད་པའི་ལས་འགན་ལེགས་པར་བསྒྲུབས་པ་དང་། ཧན་གོར་སྤེལ་བའི “ཀྲུང་གོར་ཤེས་ཚོར་བྱེད་པ་དང་ཧན་གོར་སྐྱོད ”ཅེས་པ་དང་ཨོ་སི་ཁྲུ་རི་ཡར་སྤེལ་བའི “2006ལོའི་ཀྲུང་གོའི་བོད་ལྗོངས་རིག་གནས་གཟའ་འཁོར ”ཞེས་པའི་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་ཆེ་གྲས་ནང་གྲུབ་འབྲས་ཐོབ་པའི་ངང་ཞུགས་པ། 2004ལོར་ཆབ་མདོ་རྫོང་དམངས་ཁྲོད་རིག་རྩལ་ཚོགས་པས་རང་སྐྱོང་ལྗོངས་ཀྱི་ཚབ་ཞུས་ནས་ཧྲེན་ཀྲེན་རུ་སྤེལ་བའི་ཀྲུང་གོ་གཞོན་ནུའི་རིག་གནས་གཟའ་འཁོར་གྱི “ལང་ཚོ་ལྡན་པའི་ཀྲུང་གོ ”ཞེས་པའི་བྱེད་སྒོའི་ནང་ཞུགས་པ། 2007ལོར་སྟེང་ཆེན་རྫོང་རལ་པ་རུ་ཁག་གིས་རང་སྐྱོང་ལྗོངས་ཀྱི་ཚབ་ཞུས་ནས་སྐབས་དང་པོའི་ཀྲུང་གོའི་ཁྲེང་ཏུའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་ནང་ཞུགས་པ་དང་འབྲེལ་རིག་གནས་པུས་སྤྲད་པའི “རིག་གནས་ཤུལ་བཞག་བྱ་དགའ ”དང་ལས་འཛིན་ཨུ་ཡོན་ལྷན་ཁང་གིས་སྤྲད་པའི “ཉི་མ་ལྷ་བྱའི་གསེར་གྱི་བྱ་དགའ ”ཐོབ་ཡོད།

        མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱུང་བ།

        ཆབ་མདོར་མངོན་མིན་རིག་གནས་ཤུལ་བཞག་ཅེས་པའི་ཆ་རྒྱུས་མེད་པའི་མིང་ཚིག་དེ་སྤྱི་ཚོགས་ཐོག་དོ་ཁུར་བྱ་ཡུལ་ཞིག་ཏུ་གྱུར་བ་ནི་ལོ་མང་རིང་ཆབ་མདོ་ས་ཁུལ་གྱིས་ལས་དོན་དེ་དྲིལ་བསྒྲགས་དང་ལག་བསྟར་ཤུགས་ཆེན་བྱས་པའི་འབྲས་བུ་རེད། ས་ཁུལ་གྱི་རྫོང་ཁག་དང་ཤང་ཁག་གིས་གཙོ་གནད་དང་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཁག་གཅིག་སྔོག་འདོན་བྱས་པ་དེར་སྲུང་སྐྱོང་ནུས་ལྡན་ཐུབ་རྒྱུའི་འགན་ལེན་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག་དེ་གསར་གཏོད་དང་གཞན་སྒྱུར་བྱ་རྒྱུར་སྐུལ་མ་བཏང་ནས་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་ཐོན་གང་ཐུབ་ཅི་ཐུབ་བྱས་ཡོད།

        མངོན་མིན་རིག་གནས་ཤུལ་བཞག་དེས་གར་སྟེགས་སྣ་ཚོགས་ཐོག་ཁྱད་མཚར་ངོམས་པ་དང་སྐད་གྲགས་ཡོངས་སུ་ཁྱབ་པར་བྱས་ཡོད། འདི་ལོའི་ཟླ་བ་དགུ་པར་ཡུན་ནན་བདེ་ཆེན་དུ་བཏང་བའི་སྐབས་དྲུག་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་དང་བདེ་ཆེན་ཀྲོའུ་མི་རིགས་མཐུན་སྒྲིལ་དུས་ཆེན་ཐོག་ཆབ་མདོ་ས་ཁུལ་སྟེང་ཆེན་རྫོང་ནས་ཡིན་པའི་རལ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་དང་ཁྲི་རྡོ་ཤང་ནས་ཡིན་པའི་དམངས་ཁྲོད་རལ་པའི་རུ་ཁག་གི་ཞིང་འབྲོག་འཁྲབ་སྟོན་པ་32ཀྱིས་སྒྱུ་རྩལ་དུས་ཆེན་རིང་ཆབ་མདོའི་སྒོར་གཞས་དང་། སྟེང་ཆེན་གྱི་རལ་པ། སྨར་ཁམས་ཀྱི་འབའ་གཞས་སོགས་འཁྲབ་སྟོན་བྱས་པར་ལྟད་མོ་བའི་དགའ་བསུ་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།