དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་རྩ་ཆེའི་རྒྱུ་ནོར།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        རིམ་ཁག་ལས་བྱེད་པ་5000ཙམ་ཞུགས་པ་དང་མི་རིགས་ཁག་གི་ལས་བྱེད་པ་ཁྲི་43ལ་སློབ་གསོ་གཏིང་ཟབ་ཐེབས་པའི་དུས་ཡུན་ལོ་གསུམ་རིང་ནག་ཆུ་ས་ཁུལ་དུ་སྤེལ་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད།

        ནག་ཆུའི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོའི་ཉམས་མྱོང་གིས་ང་ཚོར་ངེས་པར་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་བསམ་བློའི་རྩ་བའི་བྱེད་ཕྱོགས་དེ་སྒོ་ཀུན་ནས་ལག་བསྟར་བྱེད་དགོས་པ་བསྟན་ཡོད། ནག་ཆུའི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་དོན་ནི་དང་ཐོག་ས་ཨུད་ཀྱི་འགོ་ཁྲིད་ཚན་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་མཛུབ་ཁྲིད་ནུས་ལྡན་འོག་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོར་བརྩིས་པ་དང་འཕེལ་རྒྱས་དེ་ལས་འགན་ཨང་དང་པོར་བརྩིས་ཏེ “ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་ཀ་དམ་འཛིན་ནན་པོ་བྱ་རྒྱུ ”ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་ཁ་ཕྱོགས་མི་འཛོལ་བ་དང་། དམིགས་ཚད་བརྟན་པོ། ཀྱག་ཀྱོག་གི་ལམ་དུ་མི་སྐྱོད་པ་བཅས་འགན་ལེན་བྱས་ཡོད།

        ནག་ཆུའི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོའི་ཉམས་མྱོང་གིས་ང་ཚོར་དུས་བབ་གསར་པའི་འོག་གི་མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་སྒྲུབ་ཕྱོགས་གཙོ་བོ་དེ་དམ་འཛིན་ནན་པོ་བྱེད་དགོས་པ་བསྟན་ཡོད། ནག་ཆུ་ས་ཨུད་ཀྱིས་མང་ཚོགས་ལས་དོན་གྱི་རྩ་བ་དེ་དམ་འཛིན་ནན་པོ་བྱས་ནས་མང་ཚོགས་ལས་དོན་གྱི་ནུས་ལྡན་གཞི་རྟེན་བཙལ་ནས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ་དང་། རྒྱུན་དུ་མང་ཚོགས་ལ་སློབ་གསོ་གཏོང་བ། མང་ཚོགས་སྒྲིག་འཛུགས་ཧུར་ཐག་བྱེད་པ། ལྷག་བསམ་རྣམ་དག་ངང་མང་ཚོགས་ལ་ཞབས་འདེགས་ཞུ་བ། མང་ཚོགས་ཁྲིད་སྟོན་ཡང་དག་བྱེད་པ་བཅས་བྱས་ཏེ་སྔར་ན་མེད་པའི་གཞི་ཁྱོན་དང་གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས་མང་ཚོགས་ཀྱི་སློབ་གསོའི་བྱེད་སྒོ་སྤེལ་བར་བརྟེན་རྒྱ་ཆེའི་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་མཐོ་རུ་ཕྱིན་པ་དང་རྒྱ་ཆེའི་མང་ཚོགས་ཀྱིས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་དོན་གཉེར་བྱེད་པའི་འདུ་ཤེས་ཆེ་རུ་ཕྱིན་པ་མ་ཟད། ཞིང་འབྲོག་ཁུལ་གྱི་ཏང་གི་སྲིད་འཛིན་རྨང་གཞི་ཡང་བརྟན་དུ་ཕྱིན་ཡོད།

        ནག་ཆུའི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོའི་ཉམས་མྱོང་གིས་ང་ཚོར་ངེས་པར་དུ་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་སྟངས་འཛིན་ནན་པོ་བྱེད་དགོས་པ་བསྟན་ཡོད། གཞི་རིམ་གྱི་རྨང་གཞི་ནི་ཏང་གི་ལས་དོན་ཡོད་དོ་ཅོག་གི་རྨང་གཞི་དང་། སྲིད་འཛིན་གྱི་རྨང་གཞི། འཕེལ་རྒྱས་ཀྱི་རྨང་གཞི། བརྟན་ལྷིང་གི་རྨང་གཞི། མཐུན་སྦྱོར་གྱི་རྨང་གཞི་བཅས་ཡིན་ལ་གལ་ཏེ་རྨང་གཞི་དེ་བརྟན་པོ་མ་བྱུང་ན་ལས་དོན་མཐའ་དག་གོ་མི་ཆོད་པར་གྱུར་རྒྱུ་དང་འབྲེལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་མངོན་འགྱུར་བྱེད་དཀའ་བ་ཞིག་ཡིན་པ་བསྟན་ཡོད།

        ནག་ཆུའི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོའི་ཉམས་མྱོང་གིས་ང་ཚོར་ཐོག་མཐའ་བར་གསུམ་དུ་མི་མང་ཆེ་བར་མཐུན་སྒྲིལ་དང་སློབ་གསོ་གཏོང་བ་དང་ཁ་ཕྲལ་བ་ཉུང་ཤས་གྲོགས་མེད་ཁེར་རྐྱང་དུ་བཞག་ནས་རྡུང་རྡེག་གཏོང་བའི་རྩ་དོན་དེ་མཐའ་འཁྱོངས་བྱེད་དགོས་པ་བསྟན་ཡོད། ལོ་གསུམ་གྱི་ནག་ཆུའི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོའི་ནང་ཐོག་མཐའ་བར་གསུམ་དུ་ཕྱོགས་གཅིག་ནས་མང་ཚོགས་ཀྱི་བསམ་བློའི་སློབ་གསོར་དམ་འཛིན་བྱེད་པ་དང་མང་ཚོགས་རྒྱ་ཁྱབ་ངང་སྐུལ་སློང་བྱས་ཏེ་ལོ་རྒྱུས་དང་དོན་དངོས་ཀྱི་ཐོག་ནས་ཏཱ་ལའི་སྡིག་ཉེས་ལ་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་པ་དང་། གཅིག་ཤོས་ནས་ཆེད་དོན་བཅོས་སྒྲིག་ཐད་དམ་འཛིན་བྱས་ཏེ་མང་ཚོགས་ཀྱི་འདོད་བློར་བསྟུན་ནས་བྱེད་སྒོ་གཏིང་ཟབ་སྤེལ་ཡོད།

        ནག་ཆུའི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོའི་ཉམས་མྱོང་གིས་ང་ཚོར་ངེས་པར་དུ་ཡུལ་བབ་དང་བསྟུན་པ་དང་མཐའ་དག་དོན་དངོས་དང་བསྟུན་པའི་ཏང་གི་བསམ་བློའི་ལམ་ཕྱོགས་ནན་ཏན་ངང་ལག་ལེན་བྱེད་དགོས་པ་བསྟན་ཡོད། བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་ནི་ནག་ཆུའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དོན་དངོས་དང་བསྟུན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན།

        ནག་ཆུའི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོའི་ཉམས་མྱོང་གིས་ང་ཚོར་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འགན་འཁྲིའི་གཙོ་གཟུགས་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས་པ་བསྟན་ཡོད། ལོ་གསུམ་གྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོར་ཏན་ཏིག་ངང་སྐུལ་མ་ཐེབས་པའི་འགག་རྩ་དེ་ནི་ས་ཁུལ་དེ་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འགན་འཁྲི་དང་ནུས་པ་འདོན་སྤེལ་ཐུབ་པ་དེ་ཡིན། དོན་དངོས་ཀྱི་ཐོག་ནས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་རྒྱ་ཆེའི་ལས་བྱེད་པ་ཚོས་རང་འགན་འཁུར་བ་དང་རང་ནུས་འདོན་སྤེལ་བྱས་ཚེ་སྒྲུབ་མི་ཐུབ་པའི་བྱ་བ་མེད་པ་གསལ་བཤད་བྱས་ཡོད།

        ནག་ཆུའི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོའི་ཉམས་མྱོང་གིས་ང་ཚོར་ངེས་པར་དུ་དམ་པ་དོན་གཉེར་དང་ཏན་ཏན་ཏིག་ཏིག་གི་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་དགོས་པ་བསྟན་ཡོད། ལོ་གསུམ་གྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོར་གལ་ཏེ་ནག་ཆུ་ས་ཨུད་དང་རིམ་ཁག་ལས་བྱེད་པའི་དམ་པ་དོན་གཉེར་དང་། ཏན་ཏན་ཏིག་ཏིག གཏིང་ཟབ་ཞིབ་ཚགས་བཅས་ཀྱི་ལས་ཀའི་སྤྱོད་ཚུལ་མེད་པ་དང་། རྒྱ་ཆེའི་ལས་བྱེད་པའི་ཚད་མཐོའི་འགན་འཁུར་གྱི་བསམ་པ་དང་། དཀའ་སྡུག་ལ་མི་སྐྲག་པ། རང་དོན་རྒྱབ་བསྐྱུར་གྱིས་ལེགས་སྐྱེས་འབུལ་བ་བཅས་ཀྱི་རྩ་ཆེའི་སྙིང་སྟོབས་མེད་ན་དེ་ལྟ་བུའི་ཕན་འབྲས་མངོན་གསལ་དོད་པོ་ཐོབ་མི་ཐུབ་ཅེས་བརྗོད་ཆོག

        ང་ཚོས་ངེས་པར་དུ་ནག་ཆུའི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོར་ཐོབ་པའི་གྲུབ་འབྲས་ཀྱི་ཉམས་མྱོང་སྒོ་ཀུན་ནས་ཕྱོགས་སྡོམ་བྱས་ཏེ་ས་གནས་ཁག་གི་དོན་དངོས་དང་བསྟུན་པ་དང་། དཔྱད་གཞིའི་མེ་ལོང་དུ་བཞག་ནས་སློབ་སྦྱོང་ནན་ཏན་བྱེད་པ། རྒྱུན་ཆད་མེད་པར་ཪྙིང་འབུད་གསར་འདོན་བྱེད་པ། ལྗོངས་ཡོངས་ཀྱི་མང་ཚོགས་ལས་དོན་སྤེལ་རྒྱུར་སྐུལ་འདེད་གཏོང་བ། མང་ཚོགས་ལས་དོན་གྱི་རྒྱུན་ལྡན་ཅན་དང་། ལམ་ལུགས་ཅན། ཕུགས་ཕན་ཅན་བཅས་ལ་སྐུལ་འདེད་གཏོང་བ། གཞི་རིམ་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།