དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • མཐའ་ཡས་བྱང་ཐང་ཁུལ་དུ་དཔྱིད་དཔལ་རྣམ་པར་བཞད།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་རིང་ནག་ཆུ་ས་ཁུལ་གྱིས་ཞིང་པའི་དཔེ་དེབ་ཁང་སོགས་ཀྱི་གཞི་རྟེན་བེད་སྤྱོད་གང་ལེགས་བྱས་ནས་མང་ཚོགས་ལ་ཏང་གི་དམངས་ཕྱུག་སྲིད་ཇུས་དང་ཚན་རིག་ལག་རྩལ་སློབ་སྦྱོང་ཧུར་ཐག་བྱ་རྒྱུར་ཁྲིད་སྟོན་བྱས་ཤིང་། འདི་ནི་སོག་རྫོང་གཡག་ལ་གྲོང་རྡལ་གྲོང་ཚོ་དྲུག་པའི་མང་ཚོགས་ཀྱིས་ཞིང་པའི་དཔེ་དེབ་ཁང་ནང་སློབ་སྦྱོང་བྱེད་བཞིན་པའི་གནས་ཚུལ་ཡིན་པ།

        2008ལོའི་ཟླ་2ཚེས་26ཉིན་སྐུལ་སློང་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ་ནས་2010ལོའི་ཟླ་7ཚེས་31ཉིན་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་རྒྱལ་ཁའི་ངང་གྲོལ་བའི་བར་དང་།

        རིམ་ཁག་ལས་བྱེད་པ་སྟོང་ཕྲག་འགའ་ཤས་ཀྱིས་ལམ་ཆས་འཁྱེར་ནས་ཤང་དུ་བཅའ་སྡོད་བྱེད་པ་དང་གྲོང་ཚོ་དང་གཞི་རིམ་དུ་བསྐྱོད་པར་གྲུབ་འབྲས་ཐོབ་སྟེ་རང་ཉིད་ཀྱི་ལས་གནས་ཐོག་ཕྱིར་ལོག་བྱས་པའི་བར།

        ཞིང་འབྲོག་མང་ཚོགས་ཁྲི་43གྱིས་དེ་མཚུངས་ཀྱི་གཞན་དབང་གི་སྒོ་ནས་སློབ་གསོ་དང་ལེན་བྱེད་པ་ནས་རང་འགུལ་དུ་གྱུར་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་ཚ་རླབས་ཁྲོད་ཧུར་ཐག་ཞུགས་པའི་བར་ལ་སོགས།

        ནག་ཆུ་ས་ཁུལ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་ལོ་འཁོར་གསུམ་རིང་བརྟན་ལ་ནུས་ལྡན་གྱི་སྒོ་ནས་སྤེལ་ཡོད། ལོ་གསུམ་གྱི་དུས་ཚོད་ནི་སྐད་ཅིག་ཙམ་ཡིན་རུང་དེ་ནི་ནག་ཆུ་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་དང་བསམ་པའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བའི་ལོ་གསུམ་རེད་ལ་ནག་ཆུའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་གྲུབ་འབྲས་ཆེ་ཙམ་ཐོབ་པའི་ལོ་གསུམ་ཡང་རེད།

        ཐོབ་པའི་གྲུབ་འབྲས་དེའང་འཕེལ་རྒྱས་ཀྱི་ས་བོན་ཡིན། ལོ་གསུམ་རིང་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་རྒྱུན་ཆད་མེད་པར་སྤེལ་བ་དང་འཚོལ་ཞིབ་བྱས་པ་བརྒྱུད་གཡུར་ཟའི་གྲུབ་འབྲས་མང་པོ་ཞིག་ཐོབ་ཡོད་ལ་དེས་བློ་སྒོ་མང་དག་ཅིག་ཀྱང་ཕྱེ་ཡོད།

        བསམ་བློའི་སློབ་གསོ་གཏོང་རྒྱུར་དམ་འཛིན་ལྷོད་མེད་བྱས་པ།

        དབྱར་རྩྭ་དགུན་འབུ་ཐོན་ཁུལ་ཡིན་ནའང་འདྲ་ཡང་ན་སྲོལ་རྒྱུན་གྱི་འབྲོག་ཁུལ་ཡིན་ནའང་འདྲ་གང་ལྟར་ནག་ཆུའི་འབྲོག་ཁུལ་གྱི་མང་ཚོགས་ཀྱི་ངོས་ནས་བརྗོད་ན་ལོ་གསུམ་གྱི་བསམ་བློའི་སློབ་གསོ་གཏོང་རྒྱུ་ནི་ལྟ་བར་འགྱུར་ལྡོག་གཏོང་བའི་ལོ་གསུམ་དང་། བསམ་བློ་གཅིག་གྱུར་བྱེད་པའི་ལོ་གསུམ། སྟོབས་ཤུགས་གཅིག་ཏུ་འགྲིལ་བའི་ལོ་གསུམ་བཅས་རེད།

        སྦྲ་ཆེན་རྫོང་དུ་སློབ་འབྲིང་གི་རྒྱ་ཆེ་བའི་སློབ་གྲྭའི་ནང་རྫོང་དེ་ཡོངས་ཀྱི་ཤང་གྲོང་ཁག་ནས་ཡོང་བའི་སློབ་མ་1000ལྷག་ཙམ་དེ་གར་སློབ་སྦྱོང་བྱེད་པ་དང་འཚོ་བ་སྐྱེལ་བཞིན་ཡོད། ཞའོ་ཀྲང་གཞོན་པ་ཆོས་བཟང་བཀྲ་ཤིས་ཀྱིས་གསར་འགོད་པར་ད་ཆ་རྫོང་སློབ་འབྲིང་དུ་སློབ་མ་སློབ་གྲྭར་ཞུགས་ཚད་98%ཟིན་པ་དང་སྦྲ་ཆེན་རྫོང་སློབ་འབྲིང་ནས་འདི་ལོ་མཐོ་རིམ་སློབ་འབྲིང་གཙོ་བོར་སློབ་མ་182ཚུད་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

        ནག་ཆུའི་དབྱར་རྩྭ་དགུན་འབུ་ཐོན་ཁུལ་གྱི་མང་ཚོགས་མི་ཉུང་བ་ཞིག་ལ་ཡུན་རིང་དབྱར་རྩྭ་དགུན་འབུར་བརྟེན་ནས་འཚོ་བ་སྐྱེལ་བའི་བསམ་བློ་ཞིག་ཡོད། ཁོང་ཚོར་ཕྲུ་གུ་སློབ་གྲྭར་གཏོང་འདོད་མེད་པ་དང་ཐ་ན “ཟླ་བ་གཅིག་རིང་གི་དབྱར་རྩྭ་དགུན་འབུའི་ཡོང་འབབ་དེ་གཞུང་ལས་པ་ཞིག་གི་ལོ་གཅིག་གི་གླ་ཕོགས་དང་མཚུངས་པས ”ཕྲུ་གུ་སློབ་གྲྭར་བཏང་ན་གོ་མི་ཆོད་ཅེས་སྨྲ་བའི་བསམ་བློའི་འཁྱེར་སོ་ཞིག་ལྡན་ཡོད། དེ་སྔོན་གྱི་རྗེས་ལུས་བསམ་བློའི་ངོས་འཛིན་དང་བསྡུར་ན “98%”ཀྱི་གྲངས་གཞི་དེ་ནི་དངོས་བྲེལ་འགྱུར་ལྡོག་དང་ཡར་རྒྱས་ཆེན་པོ་བྱུང་བ་ཞིག་རེད། “182”ཀྱི་གྲངས་གཞི་དེ་ཐོག་ནས་སློབ་ཕྲུག་དང་ཁྱིམ་བདག་གིས་ཤེས་བྱར་སྐོམ་པས་ཆུ་འདོད་ལྟར་བྱེད་པ་གསལ་བཤད་ཐུབ་ཀྱི་ཡོད། དེ་དང་ལྡོག་ཟླ་ནི་ཞིང་འབྲོག་པ་ཁ་ཤས་ལ་འདི་ལོའི་དབྱར་རྩྭ་འགུན་འབུའི་ཡོང་འབབ་ཚང་མ་བེད་སྤྱོད་གཏོང་རྒྱུ་དང་ཕྱི་ལོ་སླར་ཡང་དབྱར་རྩྭ་དགུན་འབུའི་ཡོང་འབབ་སྒུག་པའི་གོམས་གཤིས་ངན་པ་ཞིག་ཡོད་པ་དེ་རེད། “དབྱར་རྩྭ་དགུན་འབུ་བཙོངས་རྗེས་བག་མེད་ལོངས་སྤྱོད་ཀྱིས་མགྲོན་ཁང་དུ་སྡོད་པ་དང་། སྦག་རྒྱག་པ། ཟ་འཐུང་རྒྱས་སྤྲོས་བཅས་བྱས་ནས་ཉིན་མ་གང་འཁྱོལ་གྱིས་སྡོད་པ་ལས་ནང་མིར་དངུལ་ཀ་ལི་གཅིག་ཀྱང་འཇོག་གི་མིན་འདུག་སྐབས་རེ་ད་དུང་ནང་མིར་དངུལ་དགོས་ཞེས་ཟེར་གྱི་འདུག ”ཅེས་སྤྱོད་པ་ངན་པའི་བུའི་སྔོན་ཆད་ཀྱི་སྐོར་གླེང་སྐབས་སོག་རྫོང་གཡག་ལ་གྲོང་རྡལ་འཆམ་གཞུང་གྲོང་ཚོའི་གྲོང་མི་བསམ་གྲུབ་ཀྱིས་ཁོང་ཁྲོ་ཟ་ཞིང་། ག་བྱེད་འདི་བྱེད་མེད་པར་བཤད།

        ད་ཆ་བུས་མ་དངུལ་གྲབས་གསོག་ཧུར་ཐག་བྱས་ནས་ཨར་ཁང་ཞིག་བཙུགས་པ་མཐོང་སྐབས་བསམ་གྲུབ་རྒྱུན་ལ་ཚོར་སྣང་ཟབ་པོ་སྐྱེ་བ་ནི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བ་དེས་རང་ཉིད་ཀྱི་བུ་བསྐྱབས་ལ “དབྱར་རྩྭ་དགུན་འབུའི་ཚོང་རྒྱག་མཁན་གྱི་གཞོན་ནུ ”མང་ཆེ་བ་བསྐྱབས་པ་དེ་རེད།

        གྲོང་ཚོའི་མཉམ་སྡེབ་ཚོང་ཁང་ལ་ཡོང་འབབ་སྒོར་ཁྲི་18བྱུང་བ་དང་། རི་སྒོག་དང་ཕྱུར་བ་ཡི་ཁྱད་ལྡན་ལས་སྣོན་ཡོང་འབབ་སྒོར་ཁྲི་ 6བྱུང་བ། འབྲོག་པའི་ཨར་ལས་རུ་ཁག་ལ་ངལ་ནུས་ཡོང་འབབ་སྒོར་ཁྲི་16བྱུང་བ། ཤང་སྲིད་གཞུང་གནས་ཡུལ་གྱི་ཚོང་ཁང་ཆུང་ཆུང་དང་། ཇ་ཁང་། སྣེ་ལེན་ཁང་བཅས་ལ་ཡོང་འབབ་སྒོར་ཁྲི་ 7བྱུང་ཡོད། དེ་ནི་གསར་འགོད་པས་ཤན་རྩ་རྫོང་ཞ་སྒོ་ཤང་གྲོང་ཚོ་གསུམ་པའི་2009ལོའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་ཀྱི་རྩིས་ཐོའི་ཐོག་ནས་མཐོང་བའི་ཟིན་ཐོ་ཞིག་རེད།

        གྲོང་ཚོར་ལྟ་སྐབས་རྒྱ་ཆེ་ལ་དཀར་ཆ་དོད་པའི་སྡོད་ཁང་གསར་པ་སྟར་པ་དང་སྟར་པ་བྱས་ནས་ཡོད་པ་དང་། ཞིང་འབྲོག་པའི་ཁྱིམ་དུ་སྐྱོད་སྐབས་བོད་བཟོའི་ཉལ་ཁྲི་དང་། བཪྙན་འཕྲིན། VCD འཁྱག་སྒམ་སོགས་དུད་ཚང་ཚང་མའི་རྒྱུན་གཏན་གྱི་ཁྱིམ་ཆས་སུ་གྱུར་པ། གྲོང་ཚོའི་མདོར་གྲོང་ཚོ་རིམ་པའི་བུ་བཅོལ་ཁང་ཞིག་བྲེལ་བརྩོན་ཆེན་པོས་སྐྲུན་བཞིན་ཡོད་པ་སོགས་ནུབ་རྒྱུད་དུ་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་ལྟ་ན་སྡུག་པའི་མཛེས་ལྗོངས་ཤིག་མངོན་པར་གྱུར།

        “དེ་སྔོན་ཚང་མས་ཏང་གི་སྲིད་ཇུས་བཟང་པོ་དེ་ཙམ་ཤེས་ཀྱི་མེད་ལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་དེའང་རྩ་འཛུགས་ཅི་འདྲ་ཞིག་ཡིན་མིན་ཤེས་ཀྱི་མེད། བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོའི་ཤར་རླུང་དང་བསྟུན་ནས་ང་ཚོས་སློབ་གསོ་གཏོང་བ་དང་། གསོ་སྦྱོང་བྱེད་པ། རྒྱུན་ཆད་མེད་པར་ཁྲིད་སྟོན་བྱེད་པ་བཅས་བརྒྱུད་ད་ཆ་ཆེད་ལས་མཉམ་ལས་རྩ་འཛུགས་འཕེལ་རྒྱས་གཏོང་རྒྱུའི་ཚང་མའི་བསམ་ཚུལ་མང་དུ་སོང་བ་དང་། བསམ་བློ་རྒྱ་ཆེར་ཕྱིན་པ། བྱེད་ཐབས་མང་དུ་ཕྱིན་པ་བཅས་ཀྱི་ཁར་ཡིད་ཆེས་ཀྱང་ཆེ་རུ་ཕྱིན་ཡོད ”གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པད་མ་དབང་འདུས་ཀྱིས་གསར་འགོད་པར་ཏང་དང་སྲིད་གཞུང་གི་ཤུགས་ཆེའི་རོགས་སྐྱོར་དང་དམངས་ཕན་སྲིད་ཇུས་འོག་ཞིང་འབྲོག་མང་ཚོགས་ཀྱི་བསམ་བློར་བཅིངས་འགྲོལ་ཐོབ་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་ཡར་རྒྱས་དང་འཕེལ་རྒྱས་བྱུང་ཡོད་ཅེས་བཤད་བྱུང་།

        ཞ་སྒོ་ཤང་གྲོང་ཚོ་གསུམ་པ་ནི་དེ་སྔོན་སྲོལ་རྒྱུན་གྱི་འབྲོག་ལས་ལ་བརྟེན་མཁན་གྲོང་ཚོ་ཞིག་དང་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ཆུང་ཆུང་ཡིན་པའི་གྲོང་ཚོ་ཞིག་ཡིན་པ་དང་དེ་སྔོན་རྫོང་དེར་སྐད་གྲགས་ཆོད་པའི་གྲོང་ཚོ་དབུལ་པོ་ཞིག་རེད། ད་ཆ་མཉམ་ལས་དཔལ་འབྱོར་རྩ་འཛུགས་འཕེལ་རྒྱས་བཏང་སྟེ་སྣ་མང་གཉེར་སྐྱོང་བྱས་པས་ཤན་རྩ་རྫོང་ནས་ཕྱུག་ཤོས་ཀྱི་གྲས་སུ་གྱུར་ཡོད།

        བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བའི་ཁྲོད་ས་ཐག་རིང་བ་དང་འཕེལ་རྒྱས་ཀྱི་ཆ་རྐྱེན་བལྟོས་བཅས་ཀྱིས་ཞན་པའི་ནུབ་རྒྱུད་ཀྱི་རྫོང་ཁག་གིས་སྒུག་བརྟེན་སློང་གསུམ་མ་བྱས་པར་ཏང་གི་དམངས་ཕན་སྲིད་ཇུས་དང་། གཞི་རིམ་གྱི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད། གྲོང་མི་ཐུན་མོང་གི་འབད་བརྩོན་བཅས་ལ་བརྟེན་ནས་གྲོང་ཚོའི་མཉམ་སྡེབ་བྱ་གཞག་འཕེལ་རྒྱས་ཧུར་ཐག་བཏང་བའི་ཁར་འཚོ་བ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་དབུལ་སྒྲོལ་ཕྱུག་འགྱུར་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་རིམ་བཞིན་བསྐྱོད་ཡོད།

        ད་ཆ་ནག་ཆུའི་མཚོ་བོད་ལྕགས་ལམ་རྒྱུད་དུ་ཞོའི་དྲི་ཞིམ་འཐུལ་བ་དང་། རྒྱལ་མོ་རྔུལ་ཆུའི་ངོགས་གཉིས་སུ་དར་དམར་ལྷབ་ལྷབ་ཏུ་གཡོ་བ། རྩྭ་ཐང་གི་གང་སར་དཔེ་དེབ་ཀློག་པའི་སྒྲ་ལྷང་ལྷང་དུ་གྲགས་པ། རྫོང་དང་ཤང་གི་ཁྲོམ་ར་དར་ཞིང་རྒྱས་པ་སོགས་ལྟ་ན་སྡུག་པའི་རྣམ་པ་དེ་དག་གིས་གནའ་གྲོང་གི་ས་གཞི་འདིའི་ཐོག་དུས་སྐབས་གསར་པའི་སྐྱེ་སྟོབས་དང་གསོན་ཤུགས་སྟོན་བཞིན་ཡོད།

        “སློབ་གསོ་གཏོང་རྒྱུ་ནི་སྤྱོད་སྒོ་མང་ལྡན་གྱི་བྱ་བ་ཞིག་མིན་མོད། འོན་ཀྱང་སློབ་གསོ་མ་བཏང་ན་གཏན་ནས་འགྲིག་ཐབས་མེད། སློབ་གསོ་བཏང་བ་དང་སློབ་གསོ་མ་བཏང་བ་གཉིས་ཀྱི་གྲུབ་འབྲས་དེ་གཅིག་པ་གཏན་ནས་མིན ”ནག་ཆུ་ས་ཁུལ་གྱི་མང་ཚོགས་ཀྱི་བསམ་བློའི་ལྟ་བར་འགྱུར་ལྡོག་ཕྱིན་པའི་དོན་དངོས་དང་གྲུབ་འབྲས་དེ་ལས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་དུས་སྐབས་གསར་པའི་མང་ཚོགས་ཀྱི་བསམ་བློའི་སློབ་གསོའི་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱུང་ཡོད།

        སྤྱི་ཚོགས་བཅོས་སྒྲིག་བྱ་རྒྱུ་དེ་ག་དུས་ཡིན་རུང་ལྷོད་གཡེང་གཏོང་རྒྱུ་མེད་པ།

        གནད་དོན་གང་ཞིག་མངོན་གསལ་དོད་པོ་ཡོད་ཚེ་དེ་ཐག་གཅོད་བྱེད་དགོས་པ་དང་གང་དུ་གནད་དོན་ཚབས་ཆེན་ཐོན་ཡོད་ཚེ་དེར་བཅོས་སྒྲིག་བྱེད་དགོས།

        ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྨང་གཞི་བརྟན་པོ་འཛུགས་རྒྱུར་གཞི་ཚུགས་ཏེ་བརྗོད་བྱ་གཙོ་བོའི་སློབ་གསོའི་ནང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གྲལ་བཤེར་གཏིང་ཟབ་བྱེད་པ་དང་། རང་འགུལ་ངང་བཅོས་སྒྲིག་བྱེད་པ། དཀའ་གནད་འགག་སྒྲོལ་བྱེད་པ། ཕྱོགས་བསྡུས་བཅོས་སྒྲིག་བཅས་བྱས་ནས་ཞིང་འབྲོག་ཁུལ་གྱི་མཐུན་སྦྱོར་དང་བརྟན་ལྷིང་ལ་ཤུགས་རྐྱེན་ངན་པ་བཟོ་བའི་གླེང་མང་བའི་གནད་དོན་དང་དཀའ་གནད་ཐག་གཅོད་ཏན་ཏིག་དང་གྲོང་གསེབ་ཏུ་རང་སྣང་གང་ཤར་བྱེད་མཁན་ནག་སྤྱོད་སྟོབས་ཤུགས་ལ་ཁྲིམས་ལྟར་ཆད་པ་ནན་པོ་བཅད་པས་ཞིང་འབྲོག་ཁུལ་དེ་བས་མཐུན་སྦྱོར་དང་བརྟན་ལྷིང་བྱུང་ཡོད།

        བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་རིང་ཉེས་དོན་ཉེས་གསོག་གི་གྱོད་གཞི་596 ཐོ་འགོད་ཞིབ་གཅོད་བྱས་པའི་ནང་གྱོད་གཞི་ 452 རྩད་ཆོད་ཐུབ་ནས་རྩད་ཆོད་ཐུབ་ཚད་ 75.84 % ཟིན་པ་དང་འགལ་བ་དང་རྩོད་གཞི་སྣ་ཚོགས་ 2874 གྲལ་བཤེར་བྱས་པ་དང་རྩོད་གཞི་2651 གྲུབ་འབྲས་ཐོབ་པའི་ངང་འདུམ་འགྲིག་བྱས་ནས་འདུམ་འགྲིག་བྱེད་ཚད་ 92.24 % ཟིན་ཡོད།

        2009 ལོར་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་རིང་སྦྲ་ཆེན་རྫོང་བེན་ཐ་ཤང་གི་ཤང་ཀྲང་ཁྱུང་ཆེན་གྱིས་གཞི་རིམ་གྱི་འགལ་བ་གྲལ་བཤེར་བྱེད་སྐབས་བུ་རྒྱལ་སོགས་ཡོང་འབབ་དམའ་བའི་འགན་ལེན་ལྔའི་དུད་ཚང་བཞི་ལ་སྐྱེད་ཀ་མཐོ་བའི་དངུལ་བུན་གཡར་གྱི་ཡོད་པ་རྟོགས་ཤིང་། ཞིང་འབྲོག་པའི་འཚོ་བར་ཤུགས་རྐྱེན་བཟོ་བ་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་ཤུགས་རྐྱེན་བཟོ་སྲིད་པའི་མི་མངོན་པའི་རྐྱེན་ངན་དེར་དམིགས་ནས་ཁྱུང་ཆེན་དང་ལས་དོན་ཚོགས་ཆུང་གི་ཁོངས་མིས་ཡོང་འབབ་དམའ་བའི་འགན་ལེན་ལྔའི་དུད་ཚང་བཞི་པོའི་ནང་མི་དང་། སྐྱེད་ཀ་མཐོ་བའི་དངུལ་བུན་གཏོང་མཁན། གྲོང་ཚོ་ཨུ་ལྷན་གཉིས་ཀྱི་ལས་བྱེད་པ་བཅས་བསྐོངས་ནས་གནད་དོན་དེ་ཐུན་མོང་ཐོག་ཐག་གཅོད་བྱ་རྒྱུའི་ནང་མོལ་བྱས་པ་དང་བྱམས་བརྩེས་ཡིད་འགུགས་པ་དང་ཁྲིམས་ལུགས་རྟོགས་སུ་བཅུག་པའི་བློ་འགུགས་ཀྱི་བྱ་ཐབས་ཡང་ཡང་སྤྱད་པ་བརྒྱུད་བུ་རྒྱལ་སོགས་ལ་དངུལ་བུན་འཇལ་མི་དགོས་པ་བཟོས་པར་བརྟེན་སྐྱེད་ཀ་མཐོ་བའི་དངུལ་བུན་གཏོང་ལེན་གྱི་སྣང་ཚུལ་དེ་རིགས་མེད་པར་གྱུར་ཡོད།

        སྤྱོད་བཟང་དེས་སྤྱོད་ངན་ལས་རྣམ་པར་རྒྱལ་ངེས་ཡིན་པ་ལྟར་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་རིང་རྒྱ་ཆེའི་མང་ཚོགས་ཀྱི་ཁྱོན་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་ནས་མི་བཟང་ལས་བཟང་དེ་ཆུ་གཏེར་རྒྱས་པ་བཞིན་ཐོན་ཡོད། འབྲི་རུ་རྫོང་ཚྭ་ཆུ་ཤང་གི་མང་ཚོགས་གསུམ་གྱིས་སྲོག་ཉེན་ལ་མ་བལྟོས་པར་ཆུར་ལྷུང་བའི་ལས་མི་བསྐྱབས་པ་དང་། སྦྲ་ཆེན་རྫོང་གླ་ཤི་གྲོང་རྡལ་གྱི་གྲོང་ཚོ་23 གྱི “གཞོན་སྐྱེས་འཕྲལ་སྒྲུབ་རུ་ཁག ”གིས་རང་འགུལ་ངང་དུད་ཚང་དབུལ་པོར་ལྟ་རྟོག་བྱས་པ། ཤན་རྩ་རྫོང་ཤན་རྩ་གྲོང་རྡལ་གྱི་གྲོང་མི་བྱམས་པ་དབང་མོས་ཪྙེད་པའི་རྩ་ཆེའི་དངོས་པོ་རང་འགུལ་ངང་དོ་བདག་ལ་སྤྲད་པ་སོགས་གྲངས་ལས་འདས་པའི་ལས་བཟང་ལས་གཞུང་སེམས་རྣམ་དག་མངོན་པ་དང་བྱང་ཐང་གི་རྣམ་པ་གསར་རྐྱང་མངོན་ཡོད།

        ཉུང་ཤས་ལ་རྡུང་རྡེག་གཏོང་བ་དང་མང་ཆེ་བར་མཐུན་སྒྲིལ་བྱེད་པ་དང་། འགལ་བ་རེ་རེ་བཞིན་སེལ་ནས་ཡུལ་ཞིག་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོང་བྱེད་པ། རྩོད་གཞི་གྲངས་ལས་འདས་པ་སེལ་བ་བཅས་བྱས་ཚེ་ཡུལ་དེ་མཐུན་སྦྱོར་ཡོང་ངེས་ཡིན་ལུགས་བརྗོད་བྱ་གཙོ་བོའི་སློབ་གསོའི་སྤྱི་ཚོགས་བཅོས་སྒྲིག་གི་ལག་ལེན་ཐོག་ནས་ར་སྤྲོད་བྱས་ཡོད།

        ལས་བྱེད་པ་གཞི་རིམ་དུ་སྐྱོད་པའི་ཕུགས་ཕན་ལམ་སྲོལ་བཙུགས་པ།

        ལོ་གསུམ་གྱི་བརྗོད་བྱ་གཙོ་བོའི་སློབ་གསོར་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་བསམ་ཕྱོགས་ཤིག་ཡོད་དགོས། ལས་དོན་དེ་སྒྲུབ་རིང་ལག་ལེན་པ་རྣམས་ལ་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཕུགས་བསམ་འདུ་ཤེས་རྒྱུན་འཁྱོངས་བྱེད་དགོས་པ་དང་། དུས་སྐབས་གསར་པའི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་རྒྱུན་འཁྱོངས་བྱེད་དགོས་པ། གཞི་རིམ་གྱི་རྨང་གཞིའི་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས་པ་སོགས་ཀྱི་མྱོང་ཚོར་བྱུང་ཡོད།

        ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་མཁན་རྒྱ་ཆེའི་མང་ཚོགས་ལ་མྱོང་བ་ཟབ་མོ་བྱུང་ནས “སློབ་གསོའི་བྱེད་སྒོ་དེ་འདྲ་རྒྱུན་དུ་སྤེལ་ན་ཡག་པོ་ཡོད། ལས་དོན་ཚོགས་ཆུང་དེ་འདྲ་ལོ་ལྟར་མངགས་ན་ཡག་པོ་ཡོད ”ཅེས་ཤོད་ཀྱི་ཡོད།

        ཏང་ཡོན་ལས་བྱེད་པར་མྱོང་ཚོར་ཟབ་མོ་བྱུང་བ་སྟེ། “ལས་ཀ་བྱས་ནས་ལོ་30 ལྷག་ཙམ་སོང་བ་དང་དེ་རིང་ནི་མང་ཚོགས་དང་གདོང་གཏུག་བྱེད་ཐེངས་དང་པོ་དེ་ཡིན་པས་གང་ཞིག་ཤོད་དགོས་པ་དང་ཇི་ལྟར་བྱས་ནས་ཤོད་དགོས་པ་དང་དེ་བཞིན་གང་ཞིག་སྒྲུབ་དགོས་པ་དང་ཇི་ལྟར་བྱས་ནས་སྒྲུབ་དགོས་ལུགས་བློ་ལ་འཆར་གྱི་ཡོད། མང་ཚོགས་ལ་དཀའ་ངལ་འཕྲད་པ་མཐོང་སྐབས་གནོན་ཤུགས་ཆེ་རུ་སོང་བ་མ་ཟད་སྒུལ་ཤུགས་ཀྱང་ཆེ་རུ་སོང་བ་དང་རྣམ་གྲངས་གཉེར་ཐབས་བྱས་ནས་མང་ཚོགས་ལ་དཀའ་ངལ་སེལ་རོགས་བྱེད་ཀྱི་ཡོད་པ ”དེ་ཡིན། ས་ཁུལ་ལྟ་ཞིབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་མགོན་པོས་མང་ཚོགས་དང་འབྲེལ་བ་བྱེད་རིང་སྦྱོང་བརྡར་ཐེབས་པ་ནི་རྒྱུ་དངུལ་གྱིས་དཔྱད་བསྡུར་བྱེད་ཐབས་བྲལ་བ་རེད་ཅེས་སྦ་གསང་མེད་པར་བཤད་པ་རེད།

        ཤེས་ཡོན་ཡང་དག་པ་དེ་ལག་ལེན་བྱས་པ་ལས་ཐོན་པ་ཞིག་ཡིན། “མང་ཚོགས་ལ་རྟག་ཏུ་སློབ་གསོ་གཏོང་བ་དང་། མང་ཚོགས་སྒྲིག་འཛུགས་ཧུར་ཐག་བྱེད་པ། མང་ཚོགས་ལ་ཟོལ་མེད་ཞབས་འདེགས་ཞུ་བ། མང་ཚོགས་ཁྲིད་སྟོན་ཡང་དག་བྱེད་པ་བཅས་ནི་དུས་སྐབས་གསར་པའི་ནག་ཆུ་ས་ཁུལ་གྱི་མང་ཚོགས་ལས་དོན་གྱི་འགངས་ཆེའི་ནང་དོན་ཞིག་ཡིན་པ་མ་ཟད། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཁོང་དུ་ཆུད་དགོས་པའི་གཞི་རྩའི་ལས་ཀ་ཞིག་དང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་གལ་ཆེའི་ལས་ཀའི་འགན་འཁྲི་དང་གཞི་ཚུགས་ས་དེའང་ཡིན ”ནག་ཆུ་ས་ཨུད་ལ་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་མིན་ལ་མ་བལྟོས་པར་མང་ཚོགས་ཀྱི་ལས་དོན་ནི་གཞི་རྩའི་ལས་དོན་ཞིག་ཡིན་པའི་ངོས་འཛིན་བྱུང་ཡོད།

        ལོ་གསུམ་གྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་རིང་ནག་ཆུའི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞིང་འབྲོག་ཁུལ་དུ་བསྐྱོད་པ་དང་། གཞི་རིམ་དུ་ལས་དོན་བསྒྲུབས་པ། འཐབ་ས་མདུན་མར་ཐབས་ཇུས་འདོན་པ། གཞི་རིམ་དུ་ཞབས་འདེགས་ཞུ་བ་བཅས་བྱས་ནས་མང་ཚོགས་ཀྱི་དཀའ་སྡུག་ཤེས་རྟོགས་དང་མང་ཚོགས་ཀྱི་འབོད་སྒྲ་ཉན་གྱི་ཡོད། མང་ཚོགས་ཚོས་ཉེ་འགྲམ་གྱི་ཏང་ཡོན་དང་བྱ་བའི་ཁྲོད་ནས་རང་རེའི་ཏང་ལ་ངོས་འཛིན་ཐུབ་པ་དང་རང་རེའི་ཏང་གི་སྔོན་ཐོན་རང་བཞིན་ཤེས་རྟོགས་ཐུབ་ཡོད། ཏང་ཡོན་ལས་བྱེད་པར་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ཟབ་མོ་ཐེབས་ནས་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་པ་མ་ཟད་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་ཏང་གི་མཐའ་འཁོར་དུ་དེ་བས་རང་འགུལ་ངང་མཐུན་སྒྲིལ་བྱས་ཡོད།

        ལས་བྱེད་པ་གཞི་རིམ་དུ་བསྐྱོད་དང་མ་སྐྱོད་པའི་ཕན་འབྲས་གཅིག་པ་མིན་པ་བརྗོད་བྱ་གཙོ་བོའི་སློབ་གསོའི་ལག་ལེན་ཐོག་ནས་ར་སྤྲོད་བྱུང་ཡོད། སྤེན་པ་བཀྲ་ཤིས་ཀྱིས “ལས་དོན་ཚོགས་ཆུང་གི་བློ་མཐུན་ཚོས་རྩྭ་ཐང་དང་། ཞིང་ནང་དང་མུ་ཁ། མང་ཚོགས་ཀྱི་ཁྱིམ་བཅས་སུ་གཞུང་དོན་བསྒྲུབས་པ་དང་རྒྱ་ཆེའི་མང་ཚོགས་དང་སྔོན་ཆད་དྲན་གསོ་དང་། ད་ལྟ་བསྡུར་བ། འབྱུང་འགྱུར་ལ་ལྟ་བ་བཅས་བྱས་ཏེ་ལྷག་བསམ་ཟོལ་མེད་ངང་སློབ་སྦྱོང་གི་གྲུབ་འབྲས་ཐུན་མོང་ཐོག་སྤེལ་རེས་དང་འཕེལ་རྒྱས་དང་བརྟན་ལྷིང་ཐུན་མོང་ཐོག་དོན་གཉེར་བྱས་པས་མང་ཚོགས་རྣམས་བརྟན་ལྷིང་སྲུང་སྐྱོང་བྱེད་མཁན་གཙོ་ཤུགས་དམག་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་གྱི་གཙོ་ཤུགས་དམག་ཏུ་གྱུར་ཡོད ”ཅེས་བཤད་པ་རེད།

        གཞི་རིམ་རྩ་འཛུགས་རྒྱུན་ཆད་མེད་པར་བཙུགས་པ་དང་འཐུས་ཚང་དུ་བཏང་བ།

        ཏང་ཡོན་ཞིག་ནི་དར་ཆ་ལྟ་བུ་ཞིག་ཡིན་པ་དང་ཏང་ཀྲི་པུའུ་ཞིག་ནི་དམག་འཐབ་མཁར་རྫོང་ལྟ་བུ་ཞིག་ཡིན།

        བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་རིང་གཞི་རིམ་རྩ་འཛུགས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གལ་ཆེའི་གྲུབ་འབྲས་ཀྱི་གྲས་ཤིག་ཡིན་ལ་གལ་ཆེའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཞིག་ཀྱང་ཡིན།

        ཉི་མ་རྫོང་འོམ་བུ་ཤང་དྭངས་ར་གྲོང་ཚོའི་མི་20ལས་གྲུབ་པའི་ན་གཞོན་སྒྱུ་རྩལ་རུ་ཁག་གཅིག་གིས “3·28” དང་རྒྱལ་སྟོན་སོགས་གལ་ཆེའི་དུས་ཆེན་འཆར་རིམ་བཞིན་འབྲོག་པར་ལྟ་ན་སྡུག་པའི་རིག་རྩལ་འཁྲབ་སྟོན་བྱས་ནས་ཏང་དང་མེས་རྒྱལ་ལ་བསྟོད་གླུ་ལེན་པའི་གླུ་གཞས་དེ་དྭངས་ར་གཡུ་མཚོའི་འགྲམ་དུ་གྲགས་པ་དང་།

        སོག་རྫོང་གི་གཡའ་ལ་གྲོང་རྡལ་གྱི་ཏང་ཡོན་10ལས་གྲུབ་པའི་བདེ་སྲུང་གི་སྦག་སྦག་སྐོར་ཞིབ་རུ་ཁག་དེས་ལམ་དུམ་བུ་གཙོ་བོ་དང་ཚོར་སྣང་སྐྱེན་པའི་དུས་སུ་ཆུ་ཚོད་24རིང་འོས་འགན་སྐོར་ཞིབ་བྱས་ཏེ་སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱས་ནས་མི་སེར་ཚོར་བདེ་འཇགས་སྐྲུན་ཡོད་པ།

        འབྲི་རུ་རྫོང་འབྲི་རུ་གྲོང་རྡལ་ཁྱིམ་བདག་གྲོང་ཚོའི་ཏང་ཀྲི་པུས་འབྲོག་པར་སྣེ་ཁྲིད་དེ་རྩམ་པ་ལས་སྣོན་བཟོ་གྲྭ་བཙུགས་པ་དང་རྩམ་པ་བྲིན་ཁ་རྒྱུག་པོ་བྱུང་ནས་འབྲོག་པ་ཕྱུག་པོ་ཆགས་པ།

        མཚེའུ་གཉིས་དམིགས་བསལ་ཁུལ་གྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བྱེད་མཁན་དཔུང་ཁག་དེས་ལོ་རེར་མི་རེས་ལམ་ཐག་སྤྱི་ལེ་5000ཡན་བསྐྱོད་དེ་ཡངས་ཤིང་མུ་མཐའ་མེད་པའི་ས་ཆར་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བྱས་ནས་ནག་ཆུའི་སྣོད་བཅུད་འཛུགས་སྐྲུན་ཆེད་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་བ།

        སྦྲ་ཆེན་རྫོང་ཨར་ཤོག་ཤང་གི་གྲོང་ཚོ་དང་པོའི་ཏང་ཡོན་21དང་སྡེ་ཚོགས་ཀྱི་ཚོགས་མི་22ལས་གྲུབ་པའི་ན་གཞོན་འཕྲལ་སྒྲུབ་རུ་ཁག་གིས་གྲོང་པ་ཁྱིམ་མཚེས་ལ་རོགས་རམ་བྱས་པ་དང་། ལམ་དང་ཟམ་པ་བསྐྲུན་པ། གེགས་སེལ་མྱུར་སྐྱོབ་བྱེད་པ་བཅས་གང་དུ་དཀའ་ངལ་ཡོད་ཚེ་དེ་གར་ཁོང་ཚོའི་གཟུགས་བཪྙན་མཐོང་རྒྱུ་ཡོད་པ་སོགས་ལས་ཀ་གྲངས་ལས་འདས་པ་བྱེད་ཀྱི་ཡོད།

        ནག་ཆུའི་གྲོང་ཚོ་དང་འབྲོག་ཁུལ་ཚང་མར་བསྐྱོད་རྗེས་གཞི་རིམ་རྩ་འཛུགས་ཀྱིས་ནུས་པ་ཆེན་པོ་འདོན་བཞིན་ཡོད་པ་མཐོང་རྒྱུ་ཡོད། གཞི་རིམ་གྱི་རྩ་འཛུགས་མི་རེ་ངོ་རེ་ཡོད་པ་དེ་ལས་ནག་ཆུའི་དཔལ་འབྱོར་གོང་འཕེལ་དང་། སྤྱི་ཚོགས་བརྟན་ལྷིང་། བྱ་གཞག་ཁག་ཡར་ངོའི་ཟླ་ལྟར་གོང་དུ་འཕེལ་བ་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད།

        ལོ་གསུམ་གྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་དེ་ནག་ཆུའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཏུ་གྱུར་ནས་ནག་ཆུ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་ངེས་དང་ནག་ཆུ་ས་ཁུལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་བསྐྲུན་རྒྱུར་སྐུལ་འདེད་ཐེབས་ནས་གྲུབ་འབྲས་དེ་བས་ཆེ་བ་ཐོབ་ངེས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།