དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • རི་ཀླུང་ཀུན་ཏུ་བརྩེ་བས་ཁེངས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        དུས་ཡུན་ལོ་གསུམ་རིང་གི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོའི་ཁྲོད་ནག་ཆུ་ས་ཁུལ་དུ་ཕུལ་བྱུང་གི་གཞི་རིམ་ཏང་རྩ་འཛུགས་ཐོན་ཞིང་། འདི་ནི་ནག་ཆུ་ས་ཁུལ་སོག་རྫོང་གཡག་ལ་གྲོང་རྡལ་གྱི་ཏང་ཡོན་ཚོས་རང་འགུལ་ངང་སྒྲིག་འཛུགས་བྱས་པའི་སྦག་སྦག་སྐོར་གཡེང་རུ་ཁག་གིས་སྐོར་གཡེང་བྱེད་བཞིན་པའི་གནས་ཚུལ་ཡིན་པ།

        དུས་སྐབས་གསར་པར་སླེབས་རྗེས་བོད་ཀྱི་སྤྱི་ཚོགས་ཀྱི་གྲུབ་ཆ་གཙོ་བོར་སྒོ་ཀུན་ནས་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་བོད་གསར་པར་སྐྱེས་པ་དང་དར་དམར་འོག་འཚར་ལོངས་བྱུང་བའི་གཞོན་ནུའི་མི་རབས་དེ་རིམ་བཞིན་སྤྱི་ཚོགས་འཛུགས་སྐྲུན་གྱི་སྟོབས་ཤུགས་གཙོ་བོར་འགྱུར་བཞིན་ཡོད།

        “རྗེས་ལུས་ཀྱི་ལས་བྱེད་པ་ལས་རྗེས་ལུས་ཀྱི་མང་ཚོགས་མེད། གལ་ཏེ་མང་ཚོགས་ཁག་གཅིག་གི་ཁྲོད་ཧོབ་ཐོན་ཕྱུག་པོས་སྨྱོན་པ་ལྟར་བྱེད་པ་དང་འདོད་ཆུང་ཆོག་ཤེས་སོགས་ཀྱི་སྣང་ཚུལ་ངན་པ་ཐོན་སྐབས་ཏང་ཨུད་དང་སྲིད་གཞུང་རིམ་པ་ཞིག་གི་ལས་བྱེད་པས་དང་ཐོག་འགན་འཁྲི་འཁུར་དགོས ”ཞེས་མང་ཚོགས་ཁག་ཅིག་གི་འཚོ་བ་སྐྱེལ་སྟངས་དང་བསམ་བློའི་འདུ་ཤེས་དེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་བླང་བྱ་དང་ད་དུང་ཧེ་བག་ངེས་ཅན་ཞིག་ཡོད་པ་གཟིགས་སྐབས་ནག་ཆུ་ས་ཨུད་ཀྱི་ཧྲུའུ་ཅི་སྤེན་པ་བཀྲ་ཤིས་ཀྱིས་འགན་འཁྲི་དེ་ལས་བྱེད་པའི་དཔུང་ཁག་ཐོག་དཀྲི་དགོས་ལུགས་གསུངས་པ་ཞིག་རེད།

        2008ལོའི་ལོ་སྟོད་དུ་ནག་ཆུ་ས་ཨུད་ཀྱིས་མང་ཚོགས་རང་བཞིན་གྱི་བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་རབ་དང་རིམ་པ་ནན་ཏན་ངང་དོན་འཁྱོལ་བྱས་ནས་ལོ་གསུམ་རིང་འབྲི་རུ་དང་། སྦྲ་ཆེན། སོག་རྫོང་། ནག་ཆུ་རྫོང་སོགས་གཙོ་གནད་དུ་བྱས་ནས་ས་ཁུལ་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་དང་། དགོན་སྡེའི་གྲྭ་བཙུན། གཞོན་ནུ་དང་ལོ་ཆུང་སློབ་མ་བཅས་ལ་ཕྱོགས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་རྨང་གཞི་དང་། མང་ཚོགས་ཀྱི་རྨང་གཞི། རྩ་འཛུགས་ཀྱི་རྨང་གཞི། བརྟན་ལྷིང་གི་རྨང་གཞི། འཕེལ་རྒྱས་ཀྱི་རྨང་གཞི་བཅས་བརྟན་དུ་གཏོང་རྒྱུ་དམིགས་ཚད་དུ་འཛིན་པའི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་ཞིག་སྤེལ་རྒྱུའི་གཏན་འཁེལ་བྱས།

        བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བ་ནི་ནག་ཆུས་གསར་གཏོད་བྱེད་པ་ཞིག་མིན་པས་ཇི་ལྟར་བྱས་ཚེ་མི་ལུས་པ་བྱེད་ཐུབ་བམ། ནག་ཆུ་ས་ཁུལ་གྱི་འཕེལ་རྒྱས་དེ་ཅུང་རྗེས་སུ་ལུས་ཡོད་པ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད་པས་དམིགས་བསལ་ས་ཁུལ་གྱི་དངོས་ཡོད་གནས་ཚུལ་ལ་དམིགས་ནས་ཇི་ལྟར་བྱས་ནས་འབེན་ཡོད་སར་མདའ་འཕེན་ཐོག་གྲུབ་འབྲས་ཏན་ཏན་ཏིག་ཏིག་ཐོབ་པ་བྱེད་དགོས་སམ།

        གལ་ཏེ་གོ་སྐབས་དང་། བྱ་ཐབས། བསམ་ཕྱོགས་བཅས་འཚམ་པོ་དང་ནུས་ལྡན་ཞིག་མེད་ཚེ་བརྗོད་བྱ་གཙོ་བོའི་སློབ་གསོ་དེ་རྣམ་པ་ཙམ་དུ་འགྱུར་རྒྱུ་གོར་མི་ཆག

        བྱ་ཐབས་དང་པོ། ཟིལ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་པ་དང་སྒྲིག་འཛུགས་དང་འགོ་ཁྲིད་ནུས་ལྡན་གྱི་ཐོག་ནས་ལས་བྱེད་པ་ཆིག་སྟོང་ལྷག་ཙམ་གྲོང་གསེབ་ཏུ་བསྐྱོད་ནས་ལོ་གསུམ་ཏག་ཏག་སོང་བ།

        བྱེད་སྒོ་སྤེལ་འགོ་ཚུགས་སྐབས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཆིང་ལིས་བརྗོད་བྱ་གཙོ་བོའི་སློབ་གསོའི་ཐད “ཤར་གྱི་རྫོང་གསུམ་གྱི་གཅིག་སྡུད་སློབ་གསོ་དང་བཅོས་སྒྲིག་ལས་དོན་དམ་འཛིན་ཡག་པོ་བྱུང་ཚེ་ནག་ཆུའི་བརྟན་ལྷིང་གི་ལས་དོན་ཧྲིལ་པོར་རེ་བ་ཡོད། མང་ཆེ་བར་ཚད་གཞི་མཐོ་ཤོས་ཐོག་ནས་སློབ་གསོ་གཏོང་བ་དང་མཐུན་སྒྲིལ་བྱེད་པ་དང་ཆེས་ཉུང་ཤས་ལ་ཚད་གཞི་མཐོ་ཤོས་ཐོག་ནས་གྲོགས་མེད་ཁེར་རྐྱང་དུ་འཇོག་པ་དང་རྡུང་རྡེག་གཏོང་དགོས། རྣམ་འགྱུར་བརྟན་པོ་དང་བྱ་ཐབས་ལ་དོ་སྣང་བྱས་ཏེ་ལས་དོན་ཐམས་ཅད་ཀྱི་དོན་ལ་བབས་ས་དེ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བཞག་ནས་ཤར་གྱི་རྫོང་གསུམ་ནག་ཆུ་ས་ཁུལ་གྱི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྱོང་བྱེད་པའི་མདུན་གྲས་སུ་སླེབས་རྒྱུའི་བརྩོན་ལེན་བྱེད་དགོས ”ཞེས་ཁ་ཕྱོགས་བསྟན་གནང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔ་ཕྱི་བར་གསུམ་དུ་ནག་ཆུའི་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། 2007ལོའི་ལོ་མཇུག་ཏུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ཏེ་ནག་ཆུ་ས་ཁུལ་དང་ལྷག་པར་དུ་ཤར་རྒྱུད་རྫོང་གི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཆེད་མངགས་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་ཆེད་ནག་ཆུ་ས་ཁུལ་གྱིས་མྱུར་དུ་བྱ་སྤྱོད་སྤེལ་བ་དང་འཆར་གཞི་ལེགས་པར་བཀོད་དེ་གྲ་སྒྲིག་ལས་ཀར་གཞོལ་བ་རེད།

        2008ལོའི་ཟླ་2ཚེས་26ཉིན་ནག་ཆུ་ས་ཁུལ་གྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོའི་སྐུལ་སློང་ཚོགས་ཆེན་འཚོགས་ནས་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོར་སྒོ་ཀུན་ནས་སྐུལ་སློང་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་པ་རེད།

        2008ལོའི་ཟླ་3ཚེས་1ཉིན་རྫོང་ཁག་གིས་སྐུལ་སློང་ཚོགས་ཆེན་འཚོགས་ནས་བྱེད་སྒོར་ཞུགས་མཁན་རྫོང་དང་ཤང་རིམ་གཉིས་སྒྲོག་འགྲེལ་ལས་དོན་མི་སྣར་གསོ་སྦྱོང་བྱས་པ་རེད།

        2008ལོའི་ཟླ་3ཚེས་2ཉིན་ས་ཁུལ་དང་། རྫོང་། ཤང་བཅས་རིམ་གསུམ་གྱི་ལས་བྱེད་པ་ཁག་དང་པོ་1560དང་ཤང་དང་། དགོན་སྡེ། སློབ་གྲྭ་བཅས་སུ་བཅའ་སྡོད་ལས་དོན་ཚོགས་ཆུང་145ཡིས་གཞི་རིམ་དུ་བསྡད་དེ་སྒྲོག་འགྲེལ་སློབ་གསོའི་ལས་དོན་སྤེལ་བ་རེད།

        གཞི་ཁྱོན་ཆེ་ལ་དེ་བས་རྩ་འཛུགས་ཀྱི་འགན་ལེན་ཡོད་ཅིང་། ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ནས་ཚན་པ་ཁག་དང་སྡེ་ཚན་ཁག་བར་དང་གོང་ནས་འོག་བར་གཙོ་འགན་འཁུར་མཁན་གྱིས་ཁྱོན་ཡོངས་དང་གནམ་གཤིས་ལ་མ་བལྟོས་པའི་སྒོ་ནས་ཞུགས་པ་རེད། བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོའི་ཁྲོད་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡི་འགོ་ཁྲིད་གཙོ་བོས་ཙུའུ་ཀྲང་དང་ས་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་འཛིན་ཀུང་ཧྲུའུ། སྲིད་གྲོས་བཅས་ཚན་ཁག་ཆེན་པོ་བཞིའི་འགོ་ཁྲིད་ཀྱིས་ཁོངས་མི་བྱས་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་གཤམ་ཁོངས་སུ་གཞུང་དོན་ཁང་བཙུགས་པ་མ་ཟད། འགན་ནུས་གཞིར་བཟུང་མང་ཚོགས་ཀྱི་སློབ་གསོ་ཚོགས་ཆུང་དང་། གཞོན་ནུ་ལོ་ཆུང་གི་སློབ་གསོ་ཚོགས་ཆུང་། དགོན་སྡེའི་སློབ་གསོ་ཚོགས་ཆུང་། རྣམ་གྲངས་དོན་འཁྱོལ་ཚོགས་ཆུང་། ཆེད་དོན་བཅོས་སྒྲིག་ཚོགས་ཆུང་། རྩ་འཛུགས་མི་དོན་ཚོགས་ཆུང་དང་ས་ཁུལ་རིམ་པའི་ལས་བྱེད་པས་སྣེ་ཁྲིད་པའི་ལྟ་སྐུལ་སློབ་སྟོན་ཚོགས་ཆུང་བཅས་བཙུགས་པ་རེད།

        ཁྱིམ་ནང་ལས་ཀ་ཡོད་ཀྱང་སྒྲུབ་འོས་ལས་འགན་ཕྱིར་བཤོལ་མི་བྱེད་པ་དང་རང་ཉིད་ན་ཡང་འཁང་ར་སྤུ་ཙམ་ཡང་བྱེད་ཀྱི་མེད་ལ་འཛུགས་ཀྱི་ལས་འགན་འབྱོར་རྗེས་ས་ཁུལ་དང་། རྫོང་། ཤང་བཅས་རིམ་གསུམ་གྱི་ལས་བྱེད་པ་4776གིས་ཤང་དང་། དགོན་སྡེ། སློབ་གྲྭ་བཅས་གསུམ་དུ་བཅའ་སྡོད་ལས་དོན་ཚོགས་ཆུང་473གྲུབ་ནས་ངལ་བ་དང་འཁང་ར་གཉིས་བཟོད་དང་དོ་དོ་ནན་ནན་གྱིས་གཞི་རིམ་གྱི་འཐབ་ས་དང་པོར་ཡུན་རིང་བསྡད་དེ་སྒྲོག་འགྲེལ་སློབ་གསོའི་ལས་དོན་སྤེལ་བ་རེད།

        ད་ཐེངས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་དེ་ནི་ནག་ཆུ་ས་ཁུལ་གྱི་ཁྱབ་རྒྱ་ཆེ་ཤོས་དང་། ཞུགས་མཁན་མི་གྲངས་མང་ཤོས། གཞི་ཁྱོན་ཆེ་ཤོས། རྒྱུན་མཐུད་བྱེད་ཡུན་རིང་ཤོས། སྟོབས་ཤུགས་ཞུགས་ཚད་ཆེ་ཤོས་བཅས་ཀྱི་མང་ཚོགས་རང་བཞིན་གྱི་གཅིག་སྡུད་སློབ་གསོའི་བྱེད་སྒོ་ཞིག་ཏུ་གྱུར་ཡོད། ས་ཁུལ་དེ་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་པ་དང་མང་ཚོགས་ཁྲི་43ཚང་མས་རྩྭ་ཐང་སྟེང་སྐལ་བཟང་མེ་ཏོག་ཡོངས་སུ་བཞད་པ་ལྟར་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོའི་ནང་ཞུགས་པ་རེད།

        2008ལོ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་སློབ་གསོ་དང་། འབྲས་བུའི་སློབ་གསོ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ། ཁྲིམས་ལུགས་སློབ་གསོ། རྒྱལ་གཅེས་རིང་ལུཌ་ཀྱི་སློབ་གསོ། མཐུན་སྦྱོར་དང་ཤེས་དཔལ་ལྡན་པའི་སློབ་གསོ་བཅས་ཀྱི་བྱེད་སྒོ་ཁྱོན་ཡོངས་ནས་སྤེལ་བའི་ལོ་ཞིག་དང་།

        2009ལོ་ནི་འགག་སྒྲོལ་གཏིང་ཟབ་ཏུ་གཏོང་བའི་ལོ་ཞིག་ཡིན་། ཀྲུང་གོ་གསར་པ་དབུ་བཪྙེས་ནས་ལོ་ངོ་60འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་50འཁོར་བ་དེ་གོ་སྐབས་སུ་བྱས་ནས་རྒྱལ་ཚུལ་སློབ་གསོ་དང་། ལྗོངས་ཚུལ་སློབ་གསོ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་སློབ་གསོ་བཅས་གཏིང་ཟབ་སྤེལ་བའི་ལོ་ཞིག

        2010ལོ་ནི་སྲ་བརྟན་དང་གོང་མཐོར་གཏོང་བའི་ལོ་ཞིག་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་རྨང་གཞི་དང་། མང་ཚོགས་ཀྱི་རྨང་གཞི། རྩ་འཛུགས་ཀྱི་རྨང་གཞི། བརྟན་ལྷིང་རྨང་གཞི། འཕེལ་རྒྱས་ཀྱི་རྨང་གཞི་བཅས “རྨང་གཞི་ལྔའི་འདུ་འགོད ”སློབ་གསོ་སྔར་བས་བརྟན་པོ་བརྒྱབ་རྗེས་རྒྱུན་གཏན་རང་བཞིན་གྱི་སློབ་གསོར་གྱུར་བའི་ལོ་ཞིག་བཅས་རེད།

        ལོ་གསུམ་གྱི་བརྗོད་བྱ་གཙོ་བོའི་སློབ་གསོ་ལོ་རེ་བཞིན་སྤེལ་བ་དང་ལོ་རེ་བཞིན་གཏིང་ཟབ་ཏུ་བཏང་ནས་གོམ་སྟབས་རེ་རེ་བཞིན་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་ཏན་ཏིག་བཏང་བས་རྟིང་ཤུགས་ཆེ་བ་དང་བཀྲག་མདངས་འཚེར་ས་བར་མེད་ཐོན་ནས་ཐོག་མཐའ་བར་གསུམ་དུ་ཚ་ཚ་འུར་འུར་གྱི་འཕེལ་ཕྱོགས་ཤིག་རྒྱུན་འཁྱོངས་བྱས་པ་རེད།

        བྱེད་ཐབས་གཉིས་པ། བརྒྱུད་རིམ་ལྡན་པའི་ལས་གྲྭ་བསྐྲུན་ནས་ཐབས་མང་མཉམ་འདོན་དང་ཕུགས་ཕན་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་པ།

        བརྟན་ལྷིང་ཐད་ནག་ཆུ་ས་ཁུལ་གྱི་ཤར་རྒྱུད་རྫོང་གསུམ་གྱི་ལོ་རྒྱུས་ཪྙོག་འཛིང་ཆེ་བ་དང་དངོས་ཡོད་ཀྱི་འཐབ་རྩོད་ཀྱང་ཧ་ཅང་རྣོ་ངར་ཆེ་བ་ཞིག་ཡོད་པ་དང་། ཞིང་འབྲོག་ཁུལ་གྱི་གཞི་རིམ་དུ་འགལ་ཟླའི་རྩོད་གླེང་ཁ་ཤས་གནས་པ་དང་གྱོད་གཞི་ཁག་རྟག་ཏུ་ཐོན་གྱི་ཡོད།

        འཕེལ་རྒྱས་ཐད་རྩྭ་ར་དང་དབྱར་རྩྭ་དགུན་འབུའི་རྩོད་གླེང་གིས་བདེ་འཇགས་ངང་ཐོན་སྐྱེད་བྱ་རྒྱུར་ཤུགས་རྐྱེན་བཟོ་བ་དང་། དབྱར་རྩྭ་དགུན་འབུའི་རིན་གོང་འཕར་བ་དེས་ཞིང་ལས་དང་འབྲོག་ལས་དོར་བའི་གནས་ཚུལ་ཐོན་པའམ་ཡང་ན་ཚོང་ཟོག་གི་དཔལ་འབྱོར་འདུ་ཤེས་ཆེན་པོ་མེད་སྟབས “བཤས་གཏོང་བ་དང་འཚོང་རྒྱུར་ཕངས་སེམས་སྐྱེ་བ ”དང “སྒུག་རྟེན་སློང ”གསུམ་གྱི་བསམ་བློ་ཚད་གཞི་ངེས་ཅན་ཐོག་གནས་ཡོད།

        བསམ་བློའི་ཐོག་ཏང་གི་དམངས་ཕྱུག་སྲིད་ཇུས་ཤེས་རྟོགས་ཉུང་བ་དང་ཕན་པ་སུ་ལ་འདོགས་པ་དང་ཕན་པ་གང་ནས་བྱུང་བ་མི་ཤེས་པ། དབྱར་རྩྭ་དགུན་འབུའི་ཡོང་འབབ་ཆེན་པོ་བྱུང་བར་བརྟེན་གཞོན་ནུ་ཁ་ཤས་ཀྱིས་དཀྲོག་དཀྲོག་བྱས་ཏེ་བསམ་རྒྱ་ཆུང་བ་དང་། ལས་མེད་སྡོད་རྐྱང་བྱེད་པ། གང་སར་དོན་རྐྱེན་སློང་བ་བཅས་བྱེད་ཀྱི་ཡོད།

        བརྗོད་བྱ་གཙོ་བོའི་སྒྲོག་འགྲེལ་བྱེད་པ་དང་། འགལ་ཟླའི་རྩོད་གླེང་གྲལ་བཤེར་བྱེད་པ། “དྲག་རྡུང ”བཅོས་སྒྲིག་བྱེད་པ། ལམ་དང་ཟམ་པ་བསྐྲུན་པ། མཉམ་ལས་རྩ་འཛུགས་འཕེལ་རྒྱས་གཏོང་བ། རིག་གནས་ཀྱི་བྱེད་སྒོ་སྤེལ་བ། སྨན་སྐྱེལ་བ་དང་སྨན་བཅོས་བྱེད་པ། གཞི་རིམ་གྱི་རྩ་འཛུགས་འཐུས་སྒོ་ཚང་དུ་གཏོང་བ་ལ་སོགས “རྒྱུན་གཏན ”གྱི་གཞི་རྩའི་ལས་དོན་ཚང་མ་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོའི་ནང་དོན་གཙོ་བོར་གྱུར་ཡོད།

        1999 ལོར་མཚེའུ་གཉིས་དམིགས་བསལ་ཁུལ་དང་དཔལ་མགོན་རྫོང་གི་ས་མཚམས་དེ་གསལ་པོ་བགོས་ཟིན་ནའང་མཚེའུ་གཉིས་དམིགས་བསལ་ཁུལ་གྱི་བར་གླིང་ཤང་དང་དཔལ་མགོན་རྫོང་མ་ཆེན་ཤང་ས་མཚམས་འབྲེལ་སར་ཡོད་པའི་འབྲོག་དུད་24ཡིས་སྲོལ་རྒྱུན་གྱི་གོམས་གཤིས་ལྟར་རྩྭ་ར་གཅིག་མཉམ་སྤྱོད་བྱེད་ཀྱི་ཡོད་པས་འགལ་བ་དང་རྩོད་གླེང་ཡང་ཡང་ཐོན་གྱི་ཡོད།

        “སྔ་རྗེས་སུ་འདུམ་སྒྲིག་ཐེངས་བརྒྱད་བྱས་རུང་རྩྭ་རའི་འགལ་བ་རྦད་དེ་སེལ་ཐུབ་མེད། རྩོད་གཞིའི་ཆེད་དུ་རྩོད་གཞི་ཐག་གཅོད་བྱེད་པའི་ཐབས་ཤེས་ཪྙིང་པ་དེར་ཕན་པ་ཐོན་གྱི་མེད ”སྔོན་མའི་གནས་ཚུལ་དེ་གླེང་སྐབས་མཚེའུ་གཉིས་དམིགས་བསལ་ཁུལ་གྱི་ཆུས་ཀྲང་གཞོན་པ་ཨ་མགོན་གྱིས་འུ་ཐུག་ཐབས་ཟད་ངང་བཤད།

        རྩྭ་རའི་རྩོད་གཞིའི་ངོ་བོ་ནི་ཁེ་ཕན་གྱི་གནད་དོན་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན་ཞིང་། 2008ལོའི་ཟླ་9པར་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་རིང་མཚེའུ་གཉིས་དམིགས་བསལ་ཁུལ་གྱི་ཨུ་ཡོན་ལྷན་ཁང་དང་དཔལ་མགོན་རྫོང་ཨུད་ཀྱིས་སྔོན་ལ་བསམ་ཕྱོགས་ལེགས་སྒྲིག་བྱས་རྗེས་ལམ་ལུགས་གཏན་འཁེལ་བྱས་ནས་མཐར་འཕེལ་རྒྱས་གཏོང་སྟངས་སྤྱད་དེ་རྩོད་གཞི་སེལ་ཐབས་གཅིག་ཪྙེད་པ་དང “ལོ་རེར་རེས་སྐོར་རེའི ”བྱེད་ཐབས་སྤྱད་ནས་རོགས་སྐྱོར་མ་དངུལ་སྤྱད་དེ “མཚེའུ་གཉིས་དམིགས་བསལ་ཁུལ་དང་དཔལ་མགོན་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་གྲོང་ཚོ ”བཙུགས་པས་འགལ་བ་དང་རྩོད་གཞི་སེལ་རྒྱུ་དང་འབྲོག་ལས་ཐོན་སྐྱེད་འཕེལ་རྒྱས་གཏོང་རྒྱུ་དེ་གཉིས་པོ་གལ་ཆེ་མཉམ་དུ་འཛིན་ནས་ཡུན་རིང་གནས་པའི་རྩྭ་རའི་རྩོད་གཞི་གསར་གཏོད་ལྡན་པའི་ངང་ཐག་གཅོད་བྱས་པ་མ་ཟད། དེ་ཐོག་ནས་མཉམ་ལས་རྩ་འཛུགས་གཅིག་སྡུད་གཉེར་སྐྱོང་བྱེད་རིང་གི་ཐོན་ཁུངས་ཀྱི་ཕན་འབྲས་དང་གཞི་ཁྱོན་གྱི་ཕན་འབྲས་མཚོན་ཡོད།

        རྩ་བཅོས་བྱ་རྒྱུ་ནི་བརྗོད་བྱ་གཙོ་བོའི་སློབ་གསོའི་དགོས་མཁོ་ཞིག་དང་མ་ལག་བཅོས་རྒྱུ་ནི་བརྗོད་བྱ་གཙོ་བོའི་སློབ་གསོའི་དགོས་མཁོ་ཞིག་དེ་བས་ཡིན། གནད་དོན་གྱི་རྩ་བ་འཚོལ་བ་དང་ཕྱོགས་བསྡུས་ཀྱི་བྱ་ཐབས་སྤྱད་དེ་རྩོད་གཞི་ལུགས་མཐུན་ངང་ཐག་གཅོད་བྱ་རྒྱུ་དེ་ནག་ཆུ་ས་ཁུལ་ངོས་ནས་བརྗོད་ན་རེ་ཟུང་ཞིག་མ་རེད།

        གནད་དོན་མི་འདྲ་བ་དང་བྱེད་ཐབས་མི་འདྲ་རུང་ངོ་བོ་ཧ་ལམ་འདྲ་པོ་ཡོད་ཅིང་། བསམ་བློའི་ཐད་སྐུལ་སློང་བྱེད་པ་དང་ཐབས་མང་མཉམ་སྤྱོད་བྱེད་པ་ནས་རྗེས་ལུས་ཀྱི་བསམ་བློའི་འདུ་ཤེས་ལ་རིམ་གྱིས་འགྱུར་ལྡོག་གཏོང་བ་དང་ཞིང་འབྲོག་མང་ཚོགས་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་ནང་ཞུགས་པའི་འདུ་ཤེས་གཙོ་བོ་རིམ་གྱིས་ཆེ་རུ་གཏོང་བའི་བར་ནི་ནག་ཆུའི་ནུབ་རྒྱུད་ཡིན་ནའང་འདྲ་ཡང་ན་ཤར་རྒྱུད་དུ་ཡིན་རུང་ཚང་མའི་གཅིག་གྱུར་གྱི་བསམ་ཕྱོགས་ཤིག་ཡིན།

        “དབྱར་རྩྭ་དགུན་འབུ་ནི་ཐོན་རྫས་ཡག་པོ་ཡིན་མོད། འོན་ཀྱང་སྐབས་རེ་མི་རྣམས་མགོ་ན་བ་ཞིག་ཡོད ” ཁྱིམ་ཚང་འགའ་ཞིག་དབྱར་རྩྭ་དགུན་འབུ་སྔོག་འཐུ་བྱས་པར་བརྟེན་ནས་འཚོ་བ་ཕྱུག་པོ་ཆགས་ཡོད་པ་དང་འབྲོག་པ་ལ་ལར་དངུལ་ཡོད་པ་རྣམས་གང་བྱུང་དུ་སྤྱད་པས་འཚོ་བར་འགྱུར་ལྡོག་རྩ་བ་ནས་ཡོང་གི་མེད་པའི་ཁར་ད་དུང་སྐྱིད་འདོད་ལས་གཡོལ་གྱི་གོམས་གཤིས་ངན་པ་ཞིག་འཇགས་ཡོད་ཅེས་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་ཝ་ཐང་གྲོང་ཚོའི་གྲོང་མི་སྲིད་དགའ་ཡིས་མྱོང་ཚོར་ཟབ་མོའི་ངང་བརྗོད་བྱུང་།

        སྲིད་དགའི་ཁྱིམ་ལ་ལོ་གཅིག་ལ་འབྲོག་ལས་དང་དབྱར་རྩྭ་དགུན་འབུའི་ཡོང་འབབ་སྒོར་ཁྲི་12ཙམ་ཡོད་པ་དང་བདེ་སྡོད་ལས་གྲྭའི་འཛུགས་སྐྲུན་ནང་ཁོང་གིས་སྒོར་ཁྲི་13བཏང་ནས་ད་ལྟའི་སྡོད་ཁང་དེ་བསྐྲུན་ཡོད་པ་མ་ཟད། ད་དུང་དེང་རབས་ཀྱི་འཛིན་ཆས་དང་གློག་ཆས་སྣ་ཚོགས་བསྒྲིགས་ཡོད་པ་དང་མགྲོན་བསུའི་ཚོམས་ཆེན་དཀྱིལ་གྱི་མཉམ་སྒྲིག་སྒྲ་སྐྱེད་ཡོ་བྱད་རྩེ་གྲ་དེ་ལས་སྲིད་དགའི་ཁྱིམ་གྱི་འཚོ་བའི་སྤུས་ཚད་ལེགས་པོ་ཡོད་པ་དེ་བས་མངོན་གྱི་ཡོད། སྲིད་དགའི་ཁྱིམ་གྱི་འཚོ་བ་འབྱོར་ཕྱུག་དང་སྐྱིད་སྣང་དོད་པོ་ཡོད་པ་དེ་དང་གྲོང་ཚོའི་ནང་གི་རྨོངས་ཚོད་ངང་འཛད་སྤྱོད་བྱེད་པའི་ཁྱིམ་ཚང་ལ་ལའི་དབར་མངོན་གསལ་དོད་པའི་བསྡུར་གཞི་ཞིག་ཆགས་ཡོད།

        དེ་ག་རང་རེད། འདུ་ཤེས་མི་འདྲ་བའི་དབང་གིས་འཚོ་བ་སྐྱེལ་སྟངས་ཀྱང་འདྲ་གི་མེད། བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོའི་ནང་ཤག་ཆུ་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གིས་ཞིང་འབྲོག་པའི་འཚོ་བ་དངོས་ལ་གཞིགས་ནས་མང་ཚོགས་སྒྲིག་འཛུགས་ཀྱིས “དབྱར་རྩྭ་དགུན་འབུའི་གོང་ཚད་མཐོ་པོ་དེ་འདྲ་ཡོང་དོན་ཅི་ཡིན་ནམ ”དང “ཁྱིམ་ཚང་ལ་ལས་དབྱར་རྩྭ་དགུན་འབུ་སྔོག་འཐུ་བྱས་རུང་ད་དུང་ཕྱུག་པོ་མི་ཆགས་པའི་རྒྱུ་མཚན་ཅི་ཡིན་ནམ ”ཞེས་པ་སོགས་ཀྱི་གླེང་མང་བའི་གནད་དོན་ཐད་གྲོས་བསྡུར་བྱས་པ་རེད།

        “གུང་ཁྲན་ཏང་མེད་ཚེ་ང་ཚོར་དབྱར་རྩྭ་དགུན་འབུ་སྔོག་འཐུ་བྱེད་པའི་དབང་ཆའང་མེད ”དང “སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་མེད་ཚེ་དབྱར་རྩྭ་དགུན་འབུ་རེར་སྒོར་ཟུར་འགའ་ཞིག་ལས་རག་མེད ”“འདུ་ཤེས་འཛིན་སྟངས་ཡག་པོ་ཞིག་ཡོད་ཚེ་དབྱར་རྩྭ་དགུན་འབུ་ནི་ཐོན་རྫས་ཡག་པོ་ཡིན་པ་དང་འདུ་ཤེས་འཛིན་སྟངས་ཡག་པོ་མ་བྱུང་ཚེ་དབྱར་རྩྭ་དགུན་འབུ་ནི་མི་འཕྲོ་བརླག་གཏོང་མཁན་གྱི་ཐོན་རྫས་ཤིག་ཡིན ”ཞེས་པ་སོགས་ཀྱི་བསམ་ཕྱོགས་གསལ་པོ་བཟོ་ཐུབ་པ་བྱུང་བ་དང་། ཏང་དང་སྲིད་གཞུང་གིས་རྣམ་གྲངས་སྣ་ཚོགས་ལག་བསྟར་བྱས་པའི་འོག་ཝ་ཐང་གྲོང་ཚོའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ལོ་རེ་བཞིན་མགྱོགས་སུ་ཕྱིན་པ་དང་ཆུ་དང་། གློག ལམ། འཕྲིན་གཏོང་བཅས་ཤར་གཏོང་ཐུབ་སྟེ་ད་ཆ་ཝ་ཐང་གྲོང་ཚོ་ནི་ཤག་ཆུ་གྲོང་རྡལ་དུ་སྐད་གྲགས་ཡོད་པའི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཞིག་ཏུ་གྱུར་པ་རེད།

        བསམ་བློའི་འདུ་ཤེས་ཪྙིང་པར་འགྱུར་ལྡོག་གཏོང་མི་ཐུབ་ཚེ་གསར་གཏོད་རང་བཞིན་ལྡན་པའི་ངང་ལས་དོན་སྤེལ་རྒྱུ་དེ་ནི་སྟོང་གཏམ་ཞིག་རེད་ཅེས་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཆིང་ལིའི་མཛུབ་སྟོན་དེ་ནག་ཆུའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ལ་བརྟན་པོར་ཟུག་ཡོད།

        བྱེད་ཐབས་གསུམ་པ། མང་ཚོགས་གཙོ་བོར་འཇོག་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་དུས་སྐབས་གསར་པའི་རྨང་གཞིའི་ལས་དོན་གྱི “སྲབ་མདའ ”དམ་པོར་བཟུང་བ།

        སོག་རྫོང་གསེར་ཊམ་ཤང་གྲོང་ཚོ་10པའི་གྲོང་མི་ཐུབ་བསྟན་དཔལ་ལྡན་གྱིས་2008ལོར་ལམ་ཤར་གཏོང་ཐུབ་རྗེས་ཁོང་ཁྱིམ་གྱིས་བསྒྲུབས་པའི་བྱ་བ་ཨང་དང་པོ་དེ་ད་དུང་གསལ་པོར་དྲན་གྱི་ཡོད་པ་སྟེ “ལམ་ཤར་གཏོང་ཐུབ་པའི་ཉིན་གཉིས་པར་ངས་ཉལ་ཁྲི་དང་ཆ་སྒམ་སོགས་འཛིན་ཆས་ཆེ་གྲས་ཉོས་པ་ཡིན ”ཞེས་པ་དེ་ཡིན་ཞིང་། ཁོང་གིས་ང་ཚོའི་གྲོང་ཚོའི་མི་རྣམས་མི་རབས་ནས་མི་རབས་བར་རི་སྟེང་དུ་འཚོ་སྡོད་བྱེད་ཀྱི་ཡོད་པ་དང་དེ་སྔོན་རི་ལམ་ཀྱག་ཀྱོག་དེར་བརྟེན་ནས་ཕྱི་ཕྱོགས་སུ་བསྐྱོད་ཀྱི་ཡོད། འགྲིམ་འགྲུལ་སྟབས་བདེ་མེད་སྟབས་དངོས་ཟོག་དབོར་འདྲེན་བྱེད་སྐབས་ཚང་མ་མི་དང་ཁལ་ཕྱུགས་ལ་བརྟེན་དགོས་ཀྱི་ཡོད་པས་འཛིན་ཆས་ཆེ་རིགས་རྩ་བ་ནས་དབོར་ཐབས་བྲལ་བ་དང་ཐ་ན་ཉལ་ས་ཡང་པང་ལེབ་ཀྱིས་རང་དགར་བཟོས་པ་ཞིག་ཡིན། བརྗོད་བྱ་གཙོ་བོའི་སློབ་གསོས་གྲོང་མི་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་འབྲེལ་བ་དམ་ཟབ་བྱེད་ཐུབ་པ་བྱུང་ཡོད་ཅེས་བརྗོད་བྱུང་། 2008ལོར་གསེར་ཊམ་ཤང་དུ་བཅའ་སྡོད་བརྗོད་བྱ་གཙོ་བོའི་ལས་དོན་ཚོགས་ཆུང་གིས་གྲོང་ཚོ་10པའི་དཀའ་ངལ་ཤེས་རྟོགས་བྱུང་རྗེས་འཕྲལ་དུ་གཞུང་ལམ་འཛུགས་སྐྲུན་གྱི་རྣམ་གྲངས་དོན་འཁྱོལ་བྱ་རྒྱུའི་ཡིག་ཐོག་སྙན་ཞུ་ཕུལ་བ་དང་མ་དངུལ་སྒོར་ཁྲི་20བརྩོན་ལེན་བྱས་ནས་གྲོང་མི་དང་མཉམ་དུ་ངལ་རྩོལ་བྱས་ཏེ་གཞུང་ལམ་གསར་བཟོ་བྱས་པ་རེད།

        ལམ་དེས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འཇུར་མིག་མེད་པ་བཟོས་པ་མ་ཟད། དམངས་སེམས་གཅིག་ཏུ་འགྲིལ་ཐུབ་པ་བྱུང་ཡོད། གྲོང་ཚོའི་ཀྲུའུ་རེན་བསོད་རྒྱལ་གྱིས “ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ ”ཞེས་པ་དེ་ནི་ད་ཆ་གྲོང་མི་ཚོས་དུས་རྟག་ཏུ་ཤོད་པའི་སྐད་ཆ་ཞིག་ཏུ་གྱུར་ཡོད་ཅེས་བརྗོད་བྱུང་།

        འབྲི་རུ་རྫོང་གི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་བསོད་ནམས་དགའ་བར་གཞི་རིམ་ལས་དོན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ་དང་ཁོང་གིས་བློ་བརྟན་འགྱུར་མེད་ངང་མང་ཚོགས་ཀྱི་ལས་དོན་ནི་རང་རེའི་ཏང་གི་ལེགས་ཆ་ཞིག་ཡིན་པས་ལེགས་ཆ་དེ་རྩ་བ་ནས་དོར་མི་རུང་ཞེས་བརྗོད་བྱུང་།

        2008ལོའི་ཟླ་9ཚེས་27ཉིན་འཚོགས་པའི་ནག་ཆུ་ས་ཁུལ་གྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོའི་དུས་མཚམས་དང་པོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག་སྤེན་པ་བཀྲ་ཤིས་ཀྱིས་ས་ཁུལ་དེ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོར་ལྡོག་མེད་ཀྱི་གནས་ལུགས་ཤིག་དྲངས་པ་སྟེ། “རྒྱུན་དུ་མང་ཚོགས་ལ་སློབ་གསོ་རྒྱག་པ་དང་། མང་ཚོགས་སྒྲིག་འཛུགས་ཧུར་ཐག་བྱེད་པ། ལྷག་བསམ་རྣམ་དག་ངང་མང་ཚོགས་ལ་ཞབས་འདེགས་ཞུ་བ། མང་ཚོགས་ལ་ཁྲིད་སྟོན་ཡང་དག་བྱེད་པ་བཅས་ནི་ནག་ཆུའི་དུས་སྐབས་གསར་པའི་མང་ཚོགས་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་དེ་ནི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་ཁོང་དུ་ཆུད་པ་བྱེད་དགོས་པའི་གཞི་རྩའི་ཤེས་བྱ་ཡིན་ལ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་འགན་འཁྲི་ཆེ་ཤོས་ཤིག་དང་གཞི་ཚུགས་ས་ཞིག་ཀྱང་ཡིན ”ཞེས་པ་དེ་ཡིན།

        རྩྭ་རིང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཚེ་རིང་ཕུན་ཚོགས་ཀྱིས་གསར་འགོད་པར “ཨ་མདོ་རྫོང་རྩྭ་རིང་གྲོང་རྡལ་གྱི་གྲོང་ཚོ་9པ་དང་10པའི་དབར་རྩྭ་རའི་རྩོད་གཞི་བྱུང་བ་དང་རྩྭ་ར་འགན་གཙང་སྤྲད་པའི་གྲོས་མཐུན་ཡི་གེར་གཞིགས་ཚེ་ཐག་རྩ་བ་ནས་གཅོད་ཐབས་བྲལ་བ་དང་གྲོས་མཐུན་ཡི་གེ་གཞིར་བཟུང་ཨ་ན་ཨུ་ཚུགས་ངང་ཐག་གཅོད་བྱས་ཚེ་འགལ་ཟླ་དེ་ད་དུང་མུ་མཐུད་ཡོང་སྲིད་པས་ང་ཚོས་ས་གནས་ས་ཐོག་ཏུ་གྲོང་ཚོ་གཉིས་ཀྱི་ལས་བྱེད་པ་དང་གྲོང་མིའི་འཐུས་མིའི་ཚོགས་ཆེན་འཚོགས་ནས་མང་ཚོགས་ལ་སློབ་གསོ་རྒྱག་རྒྱུ་གཙོ་བོ་བྱེད་པ་དང་གྲོང་ཚོ་གཉིས་དབར་གྱི་དེ་སྔའི་མཛའ་བརྩེ་གླེང་བ་དང་རང་སྐྱོན་རང་བརྗོད་བྱེད་པའི་བྱེད་ཐབས་སྤྱད་དེ་མང་ཚོགས་ཚོས་གནས་ལུགས་ཤེས་རྟོགས་ཐུབ་པ་བྱས་པས་ད་ཆ་རྩྭ་རའི་རྩོད་གཞི་དེ་ཐག་གཅོད་ཡག་པོ་བྱུང་ཡོད ”ཅེས་ངོ་སྤྲོད་བྱས་བྱུང་།

        “མང་ཚོགས་ཀྱིས་ཁས་ལེན་བྱེད་ཆེ་ཤོས་ནི་བརྩེ་སེམས་ཡིན་པ་ལས་དཔོན་གནས་མ་ཡིན་པ་དང་། མང་ཚོགས་ཀྱིས་ཁས་ལེན་བྱེད་ཆེ་ཤོས་ནི་གནས་ལུགས་ཡིན་པ་ལས་དབང་ཆ་མ་ཡིན ”ཞེས་ཨ་མདོ་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དབང་གྲགས་ཀྱིས་མང་ཚོགས་ལས་དོན་སྒྲུབ་པའི་མྱོང་ཚོར་གླེང་བ་སྟེ། མང་ཚོགས་ལས་དོན་སྒྲུབ་ཚེ་བཙན་བཀའ་གཏོང་བ་དང་འཕྲལ་བདེ་འཕྲལ་ཕན་བྱེད་མི་ཉན་ལ་དྲག་ཤུགས་དང་མི་གཞན་ལ་བཙན་འགེལ་དེ་བས་ཀྱང་བྱ་མི་རུང་།

        དེ་རང་རེད། མི་སེམས་འགུལ་བར་བྱེད་མཁན་ནི་བརྩེ་སེམས་ལས་མ་འདས། མང་ཚོགས་རྣམས་ཏང་ཡོན་ལས་བྱེད་པའི་སེམས་སུ་མཐོང་ཇི་ལྟར་ཆེ་ན་ཏང་ཡོན་ལས་བྱེད་པ་རྣམས་མང་ཚོགས་ཀྱི་སེམས་སུ་མཐོང་དེ་ལྟར་ཆེ་བ་ཡིན།

        ལོ་གསུམ་རིང་ནག་ཆུ་ས་ཁུལ་གྱིས་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོའི་བརྒྱུད་རིམ་དེ་དུས་བབ་གསར་པའི་འོག་གི་མང་ཚོགས་ལས་དོན་གྱི་བྱེད་ཐབས་འཚོལ་ཞིབ་བྱེད་པ་དང་མང་ཚོགས་ལས་དོན་གྱི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་བྱེད་ཚད་མཐོ་རུ་གཏོང་བའི་སྒྲུབ་ཐབས་དང་གཞི་རྟེན་གལ་ཆེན་དུ་བསྒྱུར་བ་བྱེད་པ་དང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་རིམ་ཁག་འགོ་ཁྲིད་ལས་བྱེད་པའི་མང་ཚོགས་ལས་དོན་གྱི་འདུ་ཤེས་ཆེ་རུ་གཏོང་བ་དང་། མང་ཚོགས་ལས་དོན་ཡག་པོར་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་བའི་བརྒྱུད་རིམ་ལ་བསྒྱུར་པ་རེད།

        ད་ཆ་ནག་ཆུ་རྩྭ་ཐང་གི་ཡུལ་ཀུན་ཏུ་སྐྱེ་སྟོབས་དང་གསོན་ཤུགས་མངོན་བཞིན་ཡོད་པ་དང་མང་ཚོགས་ཀྱི་སེམས་ཀྱང་ཏང་རྩ་འཛུགས་ཀྱི་མཐའ་འཁོར་དུ་དམ་པོར་འབྲེལ་ཡོད། བོད་བཟོའི་ཐོག་སོ་ཉིས་ལྡན་གྱི་ཁང་པ་དག་གྲལ་སྟར་རེ་རེ་བཞིན་ལྷ་རི་ཤུར་མདའ་ཆུའི་ངོགས་གཉིས་སུ་ཆགས་འདུག་ཅིང་། དར་དམར་རེ་རེ་བཞིན་ཤར་གྱི་རྫོང་གསུམ་གྱི་དུད་ཁྱིམ་སོ་སོའི་ཁང་པའི་ཆེས་མཐོ་སར་ལྷབ་ལྷུབ་ཏུ་གཡོ་བ། སློབ་ཁང་གསར་པར་དཔེ་ཀློག་གི་སྒྲ་ལྷང་ལྷང་དུ་གྲགས་པ། ཁྲོམ་རར་འབྲོག་པ་རྣམས་བྲེལ་བྲེལ་འཚུབ་འཚུབ་བྱེད་པ་སོགས་བྱེད་ཀྱི་ཡོད་པ་རེད།

        “མང་ཚོགས་ཀྱི་འཚོ་བའི་གནས་བབ་དང་བསམ་བློའི་རྣམ་པའི་འགྱུར་ལྡོག་ནི་ང་ཚོ་གཞི་རིམ་ལས་བྱེད་པའི་ལས་དོན་གནས་བབ་ཀྱི་མངོན་ཚུལ་གཅིག་སྡུད་ཅིག་ཡིན ”ཞེས་ལོ་གསུམ་རིང་བརྗོད་བྱ་གཙོ་བོའི་སློབ་གསོ་བརྒྱབ་སྐབས་སྤེན་པ་བཀྲ་ཤིས་པན་ཀྲང་ཡིན་པའི་ནག་ཆུ་ས་ཨུད་ཀྱི་ཚན་པར་དུས་སྐབས་གསར་པའི་མང་ཚོགས་ལས་དོན་དེ་ནག་ཆུའི་འཕེལ་རྒྱས་དང་བརྟན་ལྷིང་ལ་གལ་ཆེན་པོ་ཡོད་པའི་རང་བཞིན་སྔར་བས་ངོས་འཛིན་གཏིང་ཟབ་བྱུང་ཡོད་པ་རེད།

        “རང་འདེམས་འགུལ་སྟངས ”དེ “བརྟན་འཇགས་འགུལ་སྟངས ”སུ་བསྒྱུར་པ་རེད། ད་ལྟ་ནག་ཆུ་ས་ཨུད་ཀྱིས་མང་ཚོགས་ལས་དོན་གྱི་ནང་དོན་གྲངས་ཚད་ཅན་དང་གྲུབ་དགོས་ངེས་ཀྱི་ཇུས་གཞི་བཟོ་བཞིན་ཡོད་པ་དང་མང་ཚོགས་ལས་དོན་དེ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་དཔྱད་འཇོག་མ་ལག་ཁྲོད་འཇུག་པའི་གྲ་སྒྲིག་བྱས་ཏེ་རྫོང་ཁག་དང་སྡེ་ཚན་ཁག་གི་ལས་དོན་ཕན་འབྲས་ལ་ཚད་འཇལ་བྱེད་པའི་ཚད་གཞི་གལ་ཆེན་དང་ལས་བྱེད་པར་དཔྱད་འཇོག་བྱེད་པའི་ནང་དོན་གལ་ཆེན་དུ་བརྩིས་ཡོད་པ་རེད།

        གྲུབ་འབྲས་ཐོབ་ཀྱང་ད་དུང་འབད་བརྩོན་བྱེད་དགོས། ཕུགས་ཕན་ལམ་སྲོལ་བཙུགས་པས་མང་ཚོགས་ལས་དོན་གྱི་རྒྱུན་གཏན་ཅན་དང་ལམ་ལུགས་ཅན་ལ་སྐུལ་མ་གཏོང་རྒྱུ་དེ་ནག་ཆུའི་བཟློག་མེད་ཀྱི་གདམ་གར་གྱུར་ཡོད།

        བྱ་ཐབས་བཞི་པ། གཞི་རིམ་གྱི་རྨང་གཞི་སྲ་བརྟན་དུ་བཏང་ནས་ཞིང་འབྲོག་ཁུལ་དུ་ནམ་ཡང་གནས་པའི་ལས་དོན་རུ་ཁག་ཅིག་གསོ་སྦྱོང་བྱས་པ།

        ཇི་ལྟར་བྱས་ཏེ་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོའི་ཕུགས་ཕན་ལམ་སྲོལ་བཙུགས་ནས་བརྗོད་བྱ་གཙོ་བོའི་སློབ་གསོའི་འབྲས་བུ་དེ་སྔར་བས་སྲ་བརྟན་ཡོང་བ་བྱས་ཏེ་ལས་དོན་ཚོགས་ཆུང་ཁ་བྲལ་རྗེས་གཞི་རིམ་ལས་དོན་སྟོང་པར་མི་ལུས་པའི་འགན་ལེན་བྱེད་དགོས་སམ།

        “བརྗོད་བྱ་གཙོ་བོའི་སློབ་གསོའི་ཏང་ཡོན་ལས་བྱེད་པ་སྟོང་ཕྲག་ཁ་ཤས་གཞི་རིམ་དུ་བསྐྱོད་དེ་ང་ཚོར་གཞི་རིམ་རྨང་གཞིའི་ལས་དོན་ཡག་པོ་སྒྲུབ་རོགས་བྱེད་པ་དང་གཞི་རིམ་རྩ་འཛུགས་ནི་གཞི་རིམ་ལས་དོན་གྱི་སྟོབས་ཤུགས་གཙོ་བོ་ཡིན ”ཞེས་སྦྲ་ཆེན་རྫོང་གི་རྫོང་དཔོན་པད་མ་ཝེ་ཏུང་གིས་གསར་འགོད་པར་བཤད་པ་རེད།

        བསམ་བློ་གཏོང་བ་དང་ལག་ལེན་བྱེད་པ་དང་སླར་ཡང་བསམ་བློ་གཏོང་བ་དང་སླར་ཡང་ལག་ལེན་བྱས་ཏེ་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོའི་ལག་ལེན་པ་ཚོར་ཐུན་མོང་གི་ངོས་འཛིན་འདི་འདྲ་ཞིག་བྱུང་བ་སྟེ། ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་མ་སྔར་བས་གཏོང་བར་མཐའ་མཇུག་གཞི་རིམ་ལ་བརྟེན་ནས་དོན་འཁྱོལ་བྱེད་དགོས་པ་དང་རྒྱ་ཆེའི་གཞི་རིམ་ཏང་ཡོན་དང་ལས་བྱེད་པར་བརྟེན་ནས་སྐུལ་འདེད་གཏོང་དགོས་པ་དེ་ཡིན།

        དུས་བབ་གསར་པའི་འོག་གི་བླང་བྱ་གསར་པ་དང་གནད་དོན་གསར་པའི་མདུན་དུ་ཇི་ལྟར་བྱས་ཏེ་གཞི་རིམ་རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་བརྗོད་བྱ་གཙོ་བོའི་སློབ་གསོར་འཕྲད་པའི་བརྗོད་གཞི་གལ་ཆེན་ཞིག་ཡིན།

        2009ལོའི་ཟླ་6ཚེས་15ཉིན་ནག་ཆུ་རྫོང་ཤོ་མོ་ཤང་རྫོང་ར་གྲོང་ཚོའི་རིག་གནས་བྱེད་སྒོ་ཁང་དུ་མི་མང་བ་དང་འབྲོག་པ་100ལྷག་ཙམ་གྱིས་བྱེད་སྒོ་ཁང་རྦད་དེ་ཁེངས་ཡོད་པ་རེད། འབྲོག་པ་རྣམས་ཀྱིས་རྡོ་གཤག་ཆེད་ལས་མཉམ་ལས་ཁང་གི་གྲོས་དོན་ཡི་གེའི་ཐོག་མིང་རྟགས་འགོད་བཞིན་ཡོད་ཅིང་། འཆི་མེད་ཚེ་རིང་གིས་ཏང་ཀྲི་པུའི་གོང་བུ་འགྲིལ་ཤུགས་དེ་མང་ཚོགས་ཕྱུག་འགྱུར་སྣེ་ཁྲིད་བྱས་པ་ལས་བྱུང་ཞེས་བཤད་པ་རེད།

        གྲོང་གསེབ་གསར་པར་གྲོང་ཚོའི་ལས་བྱེད་པ་གསར་པ་དགོས་ཤིང་། ཕུལ་བྱུང་ཕྱུག་འགྱུར་སྣེ་ཁྲིད་པ་ཏང་ཡོན་ལ་གསོ་སྐྱོང་བྱེད་པ་དང་། ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པར་གསོ་སྐྱོང་བྱེད་པ། ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པ་གྲོང་ཚོའི (གྲོང་ཚོའི་ཨུ་ལྷན )ལས་བྱེད་པར་གསོ་སྐྱོང་བྱེད་པ་བཅས་བྱས་ནས་བརྗོད་བྱ་གཙོ་བོའི་སློབ་གསོ་དེ “གསོ་སྐྱོང་གསུམ ”ལ་གཞི་བཙུགས་ནས་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་པས་གྲོང་ཚོའི་ཏང་ཀྲི་པུའུ་ལ་གོང་བུ་འགྲིལ་ཤུགས་དང་དམག་འཐབ་ཀྱི་ནུས་པ་འདོན་ཐུབ་པ་བྱུང་བ་རེད།

        གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དེས་ཀྱང་མང་ཚོགས་རང་བཞིན་གྱི་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་ཁྲིད་བྱས་ཤིང་། བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་རིང་། ལས་དོན་ཚོགས་ཆུང་གིས་རྗེས་ལུས་ཐེབས་པའི་གཞི་རིམ་རྩ་འཛུགས་དག་ཐེར་དང་འཛུགས་སྐྱོང་བྱ་རྒྱུ་གཙོ་བོར་དམ་འཛིན་བྱེད་པ་དང་། གྲོང་ཚོ་རིམ་པའི་ཨུ་ལྷན་གཉིས་སྐབས་བརྗེ་རེས་མངོན་གསལ་དུ་དམ་འཛིན་བྱེད་པ། གཞི་རིམ་གྱིས་ཚན་ཁག་འཛུགས་སྐྱོང་དང་དཔུང་ཁག་ལ་སྣེ་ཁྲིད་བྱ་རྒྱུར་རོགས་རམ་བྱེད་པ་བཅས་བྱས་པ་དང་སྦྲགས་གཞི་རིམ་གྱི་ཏང་ཡོན་དང་། སྡེ་ཚོགས་ཀྱི་ཚོགས་མི། བུད་མེད། ཡུལ་དམག གཞོན་ནུ་རྐང་འཛིན་པ་སོགས་གཅིག་སྡུད་ཀྱིས་སློབ་གསོ་གཏོང་རྒྱུ་དང་གསོ་སྦྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་གྱི་མང་ཚོགས་རང་བཞིན་གྱི་རྩ་འཛུགས་ཁག་འཐུས་ཚང་དུ་བཏང་བ་རེད།

        2009ལོར་ནག་ཆུ་ས་ཨུད་ཀྱིས 《དུས་བབ་གསར་པའི་འོག་ཤང་གྲོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་བསམ་འཆར 》བཏོན་ཞིང་། 《བསམ་འཆར 》དེར་ཁྱོན་བསྡོམས་དོན་ཚན་18ཡོད་པའི་ནང་དཔལ་འབྱོར་འཕེལ་རྒྱས་དང་། དུས་བབ་བརྟན་ལྷིང་། དམངས་འཚོ་ལེགས་གཏོང་། གཞི་རིམ་གྱི་རྨང་གཞི་སོགས་ཕྱོགས་ཁག་ཚུད་ཡོད། ད་ལོའི་ལོ་སྟོད་དུ་བསམ་བློ་ཞིབ་པར་བཏང་རྗེས 《ཤང་གྲོང་ལས་ཁུངས་ཚད་གཞི་ཅན་དང་། ལས་ཀ་བྱེད་སྟངས་ཚད་ལྡན་ཅན། ལས་བྱེད་དཔུང་ཁག་དངོས་གཞི་ཅན་བཅས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ནག་ཆུ་ས་ཁུལ་གྱི་ལག་བསྟར་བསམ་འཆར 》བཏོན་ཏེ་ཤང་གྲོང་ལས་ཁུངས་ཀྱི་གཟུགས་བཪྙན་དང་། ལམ་ལུགས། ལས་བྱེད་པའི་བྱང་ཚད་སོཌ་འཛུགས་སྐྱོང་ཐད་བླང་བྱ་ཁ་གསལ་བཏོན་པ་རེད། ཤང་གྲོང་རྡལ “ཚད་ལྡན་གསུམ ”གྱི་འཛུགས་སྐྱོང་བསམ་འཆར་བཏོན་པ་དང་ལག་ལེན་བསྟར་བ་དེ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཚོས་ཁས་བླངས་པ་རེད།

        བྱེད་སྒོར་འགོ་མཇུག་ཡོད་ཀྱང་བྱ་གཞག་ལ་རྫོགས་མཐའ་མེད། བརྗོད་བྱ་གཙོ་བོའི་སློབ་གསོ་མཇུག་འགྲིལ་རུང་ཤང་གྲོང་ལས་དོན་གྱི “ཚད་ལྡན་གསུམ ”འཛུགས་སྐྱོང་མུ་མཐུད་བྱས་ཏེ་གཞི་རིམ་ལ་ཚན་ཁག་ཡག་པོ་ཞིག་འཛུགས་རྒྱུ་དང་། ཏང་ཡོན་ལས་བྱེད་པའི་དཔུང་ཁག་ཡག་པོ་ཞིག་གསོ་སྐྱོང་དང་ཐོན་པ་བྱ་རྒྱུ། ནམ་ཡང་མི་འགྲོ་བའི་ལས་དོན་རུ་ཁག་ཅིག་གསོ་སྐྱོང་བྱ་རྒྱུ་བཅས་བརྗོད་བྱ་གཙོ་བོའི་སློབ་གསོ་བྱེད་སྒོའི་རྩ་སྲ་རྨང་བརྟན་གྱི་གལ་ཆེའི་བྱ་ཐབས་ཤིག་ཏུ་གྱུར་ཡོད།

        ཏང་དང་མང་ཚོགས་དབར་ཤ་ཁྲག་འབྲེལ་བའི་གཙང་པོ་ལྟ་བུ་ཞིག་ཆགས་ཏེ་བོད་བྱང་ཐང་རྩྭ་ཐང་གི་གསོས་སུ་བསྒྱུར་བ་ནི་བརྗིད་ཉམས་ཆེ་བའི་གཙང་གསུམ་ཆུ་འགོའི་ཆེད་དུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།