དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • སྒྲིག་ཁྲིམས་དང་ཁྲིམས་ལུགས་ལག་བསྟར་བྱ་རྒྱུ་ནན་དུ་བཏང་ནས་ཏང་ཡོན་ལས་བྱེད་པའི་རྒྱན་འགྱེད་ཀྱི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ཏང་ཡོན་ལས་བྱེད་པའི་རྒྱན་འགྱེད་ཀྱི་བྱེད་སྤྱོད་ནི་མང་ཚོགས་ཀྱི་བསམ་འཆར་མང་བ་དང་ཏང་སྲོལ་དང་། སྲིད་སྲོལ། སྤྱི་ཚོགས་ཀྱི་སྤྱོད་ཚུལ། ཏང་དང་སྲིད་གཞུང་གི་གཟུགས་བཪྙན་བཅས་ལ་གནོད་འཚེ་གཏོང་བའི་སྒྲིག་འགལ་གྱི་བྱེད་སྤྱོད་ཚབས་ཆེན་ཞིག་ཡིན། ད་ཕན་ལོ་ཤས་རིང་ཀྲུང་དབྱང་སྒྲིག་ཨུད་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་ཡོན་ལས་བྱེད་པས་རྒྱན་འགྱེད་བྱ་རྒྱུ་གཏན་འགོག་བྱ་ཆེད་བཀའ་ཡང་ཡང་བཏང་བའི་ཐོག་ནན་བཤད་ཀྱང་ཡང་ཡང་བྱས་མོད། འོན་ཀྱང་ཏང་ཡོན་ལས་བྱེད་པ་མི་ཉུང་བ་ཞིག་གིས་བཀག་ཀྱང་མི་ཉན་པར་བརྟེན་རྒྱན་འགྱེད་བྱེད་པའི་སྣང་ཚུལ་དེ་ཐ་ན་རྒྱ་ཡན་དུ་ཕྱིན་ཡོད། ཏང་ཡོན་ལས་བྱེད་པའི་རྒྱན་འགྱེད་ཀྱི་སྤྱོད་ངན་འགོག་རྒྱུ་དེ་ནི་རང་ལྗོངས་ཀྱིས་སྤེལ་བའི་ནུས་ཕྱོད་ཆེར་བསྐྱེད་ལོའི་བྱེད་སྒོའི་ནང་དོན་གལ་ཆེན་ཞིག་དང་། ཏང་ཡོན་ལས་བྱེད་པའི་དཔུང་ཁག་གི་སྤྱོད་ཚུལ་ལེགས་སུ་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག ཏང་སྲོལ་དང་སྲིད་སྲོལ་ཡོ་བསྲང་དང་སྤྱི་ཚོགས་མཐུན་སྦྱོར་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་དགོས་གཏུགས་ཀྱི་བླང་བྱ་ཞིག་བཅས་ཡིན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱིས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་བྱེད་ཐབས་ནུས་ལྡན་སྤྱད་དེ་བཅོས་སྒྲིག་ཏན་ཏིག་བྱེད་དགོས། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་། རྩ་འཛུགས་མི་དོན་སྡེ་ཚན། སྤྱི་བདེ་ལས་ཁུངས་བཅས་ཀྱིས་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་སྟེ་ཏང་ཡོན་ལས་བྱེད་པས་རྒྱན་འགྱེད་བྱེད་པའི་སྒྲིག་འགལ་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཐོག་ཏང་ཡོན་ལས་བྱེད་པའི་རྒྱན་འགྱེད་ཀྱི་སྤྱོད་ཚུལ་ངན་པ་གཏན་འགོག་བྱེད་དགོས།

        ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་སྟེ་སྲིད་ཁྲིམས་དང་། སྒྲིག་བཤེར་ལྟ་ཞིབ། སྤྱི་བདེ། རྩ་འཛུགས་མི་དོན་སྡེ་ཚན་བཅས་ཀྱིས་འགན་ནུས་ནན་ཏན་ངང་སྒྲུབ་དགོས། ཚོར་སྐྱེན་མགྱོགས་པ་དང་ཞིབ་བཤེར་ཐག་གཅོད་ཀྱི་འཇོན་ཐང་ལྡན་པའི་ཆེད་དོན་ཞིབ་བཤེར་ཚོགས་ཆུང་བཙུགས་ཏེ་ཆེད་དོན་བྱ་སྤྱོད་སྤེལ་ནས་རྡུང་རྡེག་ཚ་ནན་གཏོང་རྒྱུ་དེ་དམིགས་བསལ་གྱི་སྔོན་འགོག་བྱེད་ཐབས་སུ་བརྩིས་ཐོག་གཙོ་གནད་དེ་རྒྱན་པོ་འགྱེད་མང་བའི་ཇ་ཁང་དང་། ཨར་ཁང་། སྤྲོ་གསེང་གཏོང་ཡུལ་སོགས་སྤྱི་པའི་གནས་སུ་བཞག་སྟེ་མངོན་གསལ་རྟོག་ཞིབ་དང་མངོན་ཆུང་དུ་རྩད་གཅོད་བྱས་ནས་གཙོ་གནད་ཀྱི་གྱོད་གཞི་དང་གཙོ་གནད་ཀྱི་ཁ་གཏད་དམ་པོར་བཟུང་སྟེ་བརྟག་དཔྱད་བྱེད་པ་དང་སློབ་གསོ་བརྒྱབ་ཀྱང་མི་ཉན་མཁན་གྱི་སྒྲིག་འགལ་ཏང་ཡོན་ལས་བྱེད་པ་ཁག་གཅིག་བཅོས་སྒྲིག་བྱེད་པ་དང། རྒྱན་པོ་འགྱེད་གནས་ཁག་གཅིག་མེད་པ་བཟོ་བ། རྒྱན་འགྱེད་ཀྱི་གནད་དོན་དང་འབྲེལ་བ་ཡོད་པའི་རུལ་སུངས་ཀྱི་གྱོད་གཞི་ཁག་གཅིག་ཞིབ་བཤེར་ཐག་གཅོད་བྱེད་པ་བཅས་བྱས་ཏེ་རྒྱན་འགྱེད་ཀྱི་བྱེད་སྤྱོད་མཐའ་གཅིག་ཏུ་འགོག་པའི་རྣམ་པ་རྒྱུན་འཁྱོངས་ཀྱིས་རྒྱན་པོ་འགྱེད་མཁན་གྱི་རྫིག་ཉམས་གཅོག་དགོས། ཏང་ཡོན་ལས་བྱེད་པའི་རྒྱན་འགྱེད་ཀྱི་གྱོད་གཞི་འཕྲལ་མར་ཐག་གཅོད་བྱེད་པ་དང་འབྲེལ་ཁྱབ་ཁོངས་ངེས་ཅན་ནང་བརྡ་ཁྱབ་གཏོང་བའམ་ཡང་ན་མངོན་གསལ་དུ་ཡོངས་བསྒྲགས་བྱེད་དགོས། གྱོད་གཞི་དྲངས་ནས་ཁྲིམས་བཤད་དེ་ཏང་ཡོན་ལས་བྱེད་པར་དྲན་སྐུལ་དང་སློབ་གསོ་བཏང་ཐོག་གྱོད་གཞི་གཅིག་ཐག་གཅོད་བྱས་ནས་ཡུག་གཅིག་ལ་སློབ་གསོ་ཐེབས་པའི་སྤྱི་ཚོགས་ཀྱི་ཕན་འབྲས་ཐོན་པ་བྱེད་དགོས་ལ་རྒྱན་འགྱེད་འགོག་པའི་ཐད་ལའང་ཕན་འབྲས་དངོས་ཐོབ་པ་བྱེད་དགོས།

        ལྟ་སྐུལ་ཞིབ་བཤེད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་སྟེ་ཏང་ཁྲིམས་དང་རྒྱལ་ཁྲིམས་གཞིར་བཟུང་སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་དང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག 》དང 《རྒྱལ་ཁབ་ཀྱི་གཞུང་ལས་པའི་གནས་སྐབས་ལག་བསྟར་སྲོལ་ཡིག 》ལ་གཞིགས་ནས་ཏང་ཡོན་ལས་བྱེད་པས་རྒྱན་འགྱེད་ཀྱི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ཏེ་གཅིག་ཤེས་རྟོགས་བྱུང་ན་དེ་ཞིབ་བཤེར་ཐག་གཅོད་ནན་ཏན་བྱེད་པ་ལས་རྒྱ་ཡན་དུ་གཏོང་རྒྱུ་མེད། ཏང་ཡོན་ལས་བྱེད་པས་རྒྱན་པོ་འགྱེད་པ་ཤེས་ཚེ་སྔོན་ལ་གོ་གནས་མེད་པ་བཟོ་བ་དང་དེ་རྗེས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་དགོས། རྒྱན་པོ་འགྱེད་རྐྱེན་མཇུག་འབྲས་ཚབས་ཆེན་བཟོས་པའམ་ཡང་ན་ས་གནས་དེར་ཤུགས་རྐྱེན་ངན་པ་བཟོ་རིགས་དང་ཐ་ན་གཞུང་དངུལ་ལྐོག་ཟ་དང་སྒེར་སྤྱོད་བྱས་ནས་རྒྱན་པོ་འགྱེད་པའམ་ཡང་ན་རྒྱན་འགྱེད་ཀྱི་གོ་སྐབས་སྤྱད་ནས་ལྐོག་རྔན་སྤྲོད་ལེན་བྱེད་རིགས་ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲད་དེ་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་དགོས། ཏང་ཡོན་ལས་བྱེད་པས་རྒྱན་འགྱེད་སྒྲིག་འཛུགས་བྱེད་པའམ་ཡང་ན་མཉམ་དུ་རྒྱན་པོ་འགྱེད་པ་དང་རང་ཉིད་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་རྒྱན་པོ་འགྱེད་ས་བཙུགས་པའམ་ཡང་ན་རྒྱན་པོ་འགྱེད་ཡུལ་འགེབས་སྲུང་བྱེད་རིགས་ཉེས་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་དང་ཉེས་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་དགོས་པ་དང་འབྲེལ་ཏང་ཁྲིམས་དང་སྲིད་ཁྲིམས་ཀྱི་ཆད་པ་ནན་པོ་གཅོད་དགོས། ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་སྟེ་འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་གྱིས་འབྲེལ་ཡོད་འགན་འཁུར་མི་སྣའི་འགན་འཁྲི་སྔར་བས་གསལ་དུ་གཏོང་དགོས། རིམ་ཁག་ཏང་རྩ་འཛུགས་དང་སྲིད་འཛིན་འགོ་ཁྲིད་ཚན་ཁག་གིས “ས་ཁོངས་དོ་དམ ”གྱི་རྩ་དོན་ལ་གཞིགས་ནས་ཚན་པ་དེ་རང་གི་ཏང་ཡོན་ལས་བྱེད་པར་དོ་དམ་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ཀྱི་བླང་བྱ་གཞིར་བཟུང་རྒྱན་འགྱེད་གཏན་འགོག་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་འགན་ཁུར་བ་གཙོ་བོས་འགན་འཁུར་ནས་ཚན་ཁག་དམ་འཛིན་ཡག་པོ་དང་དཔུང་ཁག་ལ་སྣེ་ཁྲིད་ཡག་པོ་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལས་བྱེད་པའི་རྒྱན་འགྱེད་ཀྱི་བྱེད་སྤྱོད་འགོག་པའི་ཐད་འགན་འཁྲི་འཁུར་དགོས་ལ་ཚན་པ་ཁག་གི་ཡན་ལག་དོ་དམ་འགོ་ཁྲིད་ཀྱིས་ཀྱང་རང་ཉིད་ཀྱི་དོ་དམ་བྱེད་ཁོངས་ནང་གི་ལས་བྱེད་པས་རྒྱན་པོ་འགྱེད་རྒྱུ་གཏན་འགོག་བྱེད་དགོས། ལས་ཁུངས་ཀྱི་ཁོའོ་ཧྲེའི་འགོ་ཁྲིད་ཀྱིས་ཁོའོ་ཧྲེའི་ལས་བྱེད་པ་རྒྱན་འགྱེད་ནང་ཞུགས་རྒྱུ་གཏན་འགོག་བྱས་ཏེ་རིམ་གྱིས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་དགོས། ས་གནས་དང་ཚན་པ་ཁག་གིས་དོན་དངོས་དང་བསྟུན་ནས་དོ་དམ་དང་ལྟ་སྐུལ་གྱི་འབྲེལ་ཡོད་ལམ་ལུགས་བཙུགས་ནས་ཏང་ཡོན་ལས་བྱེད་པའི་འཚོ་བའི་ཁོར་རྒྱ་དང་སྤྱི་ཚོགས་འབྲེལ་བའི་ཁོར་རྒྱར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཏང་ཡོན་ལས་བྱེད་པས་ལས་ཀའི་དུས་ཚོད་ཕུད་པའི་དུས་ཚོད་གང་འདྲ་སྤྱོད་མིན་ལ་དོ་དམ་ཡག་པོ་བྱེད་དགོས་ལ་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་རང་ཉིད་ཡག་པོ་གཅུན་དགོས་ཁར་རང་ཉིད་ཀྱི་གཉེན་ཉེ་ཡང་ཡག་པོ་གཅུན་དགོས། དོ་དམ་བྱ་རྒྱུའི་ཁྱབ་ཁོངས་ནང་ཐོན་པའི་ཏང་ཡོན་ལས་བྱེད་པའི་རྒྱན་འགྱེད་ཀྱི་སྣང་ཚུལ་བཀག་འགོག་དང་ཞིབ་བཤེར་ཐག་གཅོད་མི་བྱེད་པའམ་ཡང་ན་གོང་ཞུ་མི་བྱེད་པ་དང་རང་དགར་བཞག་ནས་ཞིབ་བཤེར་མི་བྱེད་པ་དེ་བཞིན་གནས་སའི་ཚན་པའི་ཏང་ཡོན་ལས་བྱེད་པའི་རྒྱན་འགྱེད་བྱེད་སྤྱོད་བཀག་འགོག་མི་བྱེད་མཁན་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་འགན་འཁུར་བ་གཙོ་བོ་དང་དེ་བཞིན་འབྲེལ་ཡོད་འགན་འཁུར་བའི་འགན་འཁྲི་རྩད་གཅོད་ནན་པོ་བྱེད་པ་ལས་རྒྱ་ཡན་དུ་གཏོང་བ་དང་འགེབས་སྲུང་བྱེད་པའི་སྣང་ཚུལ་རྩ་བ་ནས་ཐོན་མི་རུང་།

        ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་སྟེ་མཉམ་འགོག་མཉམ་བཅོས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་ཐེར་འདོན་ཁ་པར་དང་ཐེར་འདོན་སྒམ་འཛུགས་པ་དང་ལས་རིགས་སྤྱོད་ཚུལ་ལྟ་སྐུལ་པ་གདན་ཞུ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཏང་ཡོན་དང་ལས་བྱེད་པས་རྒྱན་པོ་འགྱེད་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་ལྟ་སྐུལ་གྱི་ཐབས་ལམ་རྒྱ་ཆེར་གཏོང་དགོས། ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་རྒྱན་འགོག་གཏན་འབེབས་ལག་བསྟར་བྱ་རྒྱུའི་ཁས་ལེན་བྱེད་པ་དང་རང་རྟོགས་ངང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྩ་འཛུགས་མི་དོན་སྡེ་ཚན་གྱིས་སྤྱི་ཚོགས་ཐོག་ལྟ་སྐུལ་དང་ཐེར་ཐོན་ཁ་པར་ཡོངས་བསྒྲགས་བྱེད་པ་དང་དུས་ཐོག་ཏུ་མང་ཚོགས་ཀྱི་ཐེར་འདོན་གོང་ཞུ་བདག་སྤྲོད་བྱེད་དགོས། མང་ཚོགས་ཀྱིས་བཏོན་པའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་རྒྱན་འགྱེད་ནང་ཞུགས་པའི་གནད་དོན་སྐོར་བརྟག་ཞིབ་དང་བདེན་མིན་ཞིབ་དཔྱད་ནན་ཏན་བྱས་ཏེ་ཐེར་འདོན་བྱས་པ་དེ་བདེན་པ་ཡིན་ཚེ་ཚང་མ་ཐག་གཅོད་ནན་པོ་བྱེད་དགོས།

        རྒྱན་འགྱེད་ཀྱི་སྤྱོད་ཚུལ་ངན་པ་གཏན་འགོག་བྱེད་པའི་ཆེད་དོན་བཅོས་སྐྱོང་ལས་དོན་སྤེལ་བ་དེ་ལྗོངས་ཏང་ཨུད་ཀྱིས་རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་ཐད་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་པས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱིས་ངེས་པར་དུ “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ནུས་ཕྱོད་ཆེར་བསྐྱེད་ལོའི་བྱེད་སྒོའི་ཕན་ཡོད་ཀྱི་གོ་སྐབས་དམ་འཛིན་བྱེད་པ། སློབ་གསོ་ཁྲིད་སྟོན་ཟབ་ཏུ་གཏོང་བ། ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། སྒྲིག་ཁྲིམས་དང་ཁྲིམས་ལུགས་ནན་པོ་སྲུང་བ། བློ་བརྟན་འགྱུར་མེད་ཀྱི་རྣམ་འགྱུར་དང་། ལས་དོན་ཏན་ཏིག་སྒྲུབ་པ། ནུས་ལྡན་གྱི་བྱ་ཐབས་བཅས་ཀྱི་ཐོག་ནས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་དོན་འཁྱོལ་ནན་ཏན་བྱེད་པ་བཅས་བྱས་ཏེ་ཏང་ཡོན་དང་ལས་བྱེད་པའི་རྒྱན་འགྱེད་ཀྱི་སྤྱོད་ཚུལ་ངན་པ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།