དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོར་དངོས་ཕན་ཐོབ་པའི་འགན་ལེན་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་ངང་སྤེལ་བར་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས་པ་དང་དེ་སྔོན་གྱི་སྤྱོད་གོ་ཆོད་པའི་བྱ་ཐབས་དང་ཉམས་མྱོང་མཐའ་འཁྱོངས་བྱེད་དགོས་ལ་དུས་བབ་ཀྱི་དགོས་མཁོ་དང་ཡང་འཚམས་པ་བྱེད་དགོས། བསམ་བློའི་ནང་དོན་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། བྱ་ཐབས་ལ་འགྱུར་ལྡོག་གཏོང་བ། ཐབས་ལམ་གྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། དངོས་ཕན་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱས་ནས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་དུ་དངོས་འབྲེལ་དོན་འཁྱོལ་ཡོང་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་ཐད་དོན་འཁྱོལ་ཡོང་བ་བྱེད་དགོས།

        “མི་རིགས་མཐུན་སྒྲིལ་ཟླ་བའི ”བྱེད་སྒོར་སྔར་བས་སྐུལ་འདེད་གཏོང་བར་གཞི་རིམ་ལ་ཁ་ཕྱོགས་ནས་དྲིལ་བསྒྲགས་བྱེད་སྒོ་གཏིང་ཟབ་སྤེལ་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་། མི་རིགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ལས་དོན་པ། ལས་ཀ་དངོས་སྒྲུབ་མཁན་བཅས་ཀྱིས་གཞི་རིམ་དང་མང་ཚོགས་ཁྲོད་འགོ་ཁྲིད་དེ་ཟབ་སྐྱོད་བྱེད་དགོས་པ་དང་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་སྒྲོག་འགྲེལ་བྱེད་སྒོ་སྤེལ་དགོས་པ་དང་། ཏང་ཡོན་རྒན་གྲས་དང་། འཐབ་འཛིང་པ་རྒན་གྲས། ལས་བྱེད་པ་རྒན་གྲས། རིགས་གཅིག་མཁས་ཅན་རྒན་གྲས། དགེ་རྒན་རྒན་གྲས། དཔེ་བཟང་བ་རྒན་གྲས་སོགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ནས་ཁོང་ཚོ་མང་ཚོགས་ཁྲོད་ཟབ་སྐྱོད་བྱ་རྒྱུ་སྒྲིག་འཛུགས་ཀྱིས་གདོང་ཐུག་སྒྲོག་འགྲེལ་བྱེད་དགོས་པ། སྒྲོག་འགྲེལ་ལས་དོན་དང་བསམ་བློ་ཆབ་སྲིད་ཀྱི་ལས་དོན་ཟུང་འབྲེལ་དམ་ཟབ་བྱས་ནས་ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་སྒྲོག་འགྲེལ་བྱེད་དགོས་པ། མང་ཚོགས་ཀྱི་འཚོ་བར་སེམས་ཁུར་བྱས་ནས་ཁོང་ཚོའི་བསམ་བློའི་གནད་དོན་དང་དངོས་ཡོད་དཀའ་ངལ་སེལ་དགོས་པ། མང་ཚོགས་ཀྱི་བསམ་ཚུལ་ཁ་གསལ་བཟོ་བ་དང་མང་ཚོགས་ཀྱི་ངོས་འཛིན་མཐོ་རུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་ལ་ཡིད་ཆེས་བྱ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

        “མི་རིགས་མཐུན་སྒྲིལ་ཟླ་བའི ”བྱེད་སྒོར་སྔར་བས་སྐུལ་འདེད་གཏོང་བར་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་དགོས། ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་སློབ་སྦྱོང་ནན་ཏན་བྱེད་པའི་བྱེད་སྒོ་སྤེལ་ནས་ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་སློབ་སྦྱོང་བྱ་རྒྱུ་དེ་རིམ་ཁག་ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་བྱེད་པའི་ནང་དོན་དུ་བརྩི་བ་དང་རིམ་ཁག་ཏང་གི་སློབ་གྲྭ་དང་། སྲིད་འཛིན་སློབ་གླིང་། ལས་བྱེད་པའི་གསོ་སྦྱོང་བཅས་བྱེད་རིང་སྦྱོང་དགོས་པའི་སློབ་ཚན་དུ་བརྩིས་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ཁྲོད་སློབ་སྦྱོང་གི་བྱེད་སྒོ་རྒྱ་ཁྱབ་སྤེལ་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བ་བརྟན་པོ་འཛུགས་རྒྱུའི་ཁྲིད་སྟོན་བྱེད་དགོས། མི་རིགས་མཐུན་སྒྲིལ་གྱི་མིག་དཔེ་བྱེད་པའི་བྱེད་སྒོ་གཏིང་ཟབ་སྤེལ་བ་བརྒྱུད་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་དཔེ་བཟང་གི་ནུས་པ་ཐོན་པའི་སྒོ་ནས་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་བྱས་ཏེ་བློ་གཅིག་སེམས་གཅིག་གིས་རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཞབས་འདེགས་ཞུས་ཏེ་དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པ་དང་། བརྩེ་སེམས་དམངས་ལ་བཅངས་པ། དམངས་ཀྱི་ཆེད་དུ་ཁེ་ཕན་དོན་གཉེར་བྱེད་པ་བཅས་བྱས་ནས་བྱ་སྤྱོད་ངོ་མའི་ཐོག་ནས་མི་རིགས་ཁག་གི་མང་ཚོགས་ལ་མི་རིགས་མཐུན་སྒྲིལ་མཐའ་འཁྱོངས་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་རྒྱུར་ཤུགས་རྐྱེན་ཐེབས་པ་བྱས་ཐོག་ཁྲིད་སྟོན་ཀྱང་བྱེད་དགོས།

        “མི་རིགས་མཐུན་སྒྲིལ་ཟླ་བའི ”བྱེད་སྒོར་སྔར་བས་སྐུལ་འདེད་གཏོང་བར་རང་ལྗོངས་ཀྱི་རིམ་ཁག་དང་རིགས་ཁག་གི་སློབ་གྲྭའི་ཁྲོད་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་དགོས། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་དེ་ན་སོ་དར་ལ་མ་བབས་མཁན་གྱི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་དང་སློབ་ཆེན་སློབ་མའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་ནང་དོན་གལ་ཆེན་དུ་བརྩིས་ནས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དེ་སློབ་གཞིའི་ནང་འདོན་དགོས་པ་དང་། སློབ་ཁྲིད་བྱེད་དགོས་པ། སློབ་མའི་བསམ་བློའི་ནང་ཟུག་པ་བྱེད་དགོས་པ་བཅས་ཀྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དེ་ནང་དོན་གལ་ཆེན་དུ་བརྩིས་ནས་རང་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་ཡུལ་བབ་མཚོན་པའི་སློབ་གཞིའི་ནང་བཅུག་སྟེ་གཞོན་ནུ་ལོ་ཆུང་སློབ་མར་མི་རིགས་ཀྱི་ལྟ་བ་ཡང་དག་འཛུགས་རྒྱུར་རོགས་རམ་བྱེད་དགོས། གཞོན་ནུ་ལོ་ཆུང་གི་སློབ་མ་འཚར་ལོངས་ཀྱི་ཁྱད་ཆོས་དང་བསམ་བློའི་དོན་དངོས་ལ་དམིགས་ནས་མི་རིགས་མཐུན་སྒྲིལ་མཐའ་འཁྱོངས་བྱ་རྒྱུ་བརྗོད་བྱ་གཙོ་བོར་བྱེད་པ་དང་བརྗོད་བྱ་གཙོ་བོའི་འཛིན་ཚོགས་འཚོགས་པ་དང་། ཚོགས་པའི་བྱེད་སྒོ་སྤེལ་བ། མི་རིགས་ཤེས་བྱ་སྒྲོག་སྦྱངས་བྱེད་པ། མི་རིགས་གླུ་གར་འཁྲབ་སྟོན་བྱེད་པ་སོགས་ཀྱི་བྱེད་སྒོ་ཕུན་སུམ་ཚོགས་པོ་སྤེལ་བ་བརྒྱུད་བསམ་བློར་བག་ཆགས་བཟང་པོ་ཞིག་ཡོང་དུ་འཇུག་པ་བྱས་ནས་གཞོན་ནུ་ལོ་ཆུང་གི་སློབ་མར་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱེད་དགོས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་བེད་སྤྱོད་གང་ལེགས་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་ཆེད་དོན་སློབ་གསོ་དང་ལག་ལེན་དངོས་ཀྱི་བྱེད་སྒོ་སྤེལ་ནས་གཞོན་ནུ་ལོ་ཆུང་སློབ་མ་ཚོར་མི་རིགས་མཐུན་སྒྲིལ་གྱི་གཟི་བརྗིད་ཀྱི་སྲོལ་རྒྱུན་དང་དམིགས་བསལ་གྱི་གལ་ཆེའི་དོན་སྙིང་མྱོང་རོལ་གཏིང་ཟབ་ཡོང་རྒྱུར་ཁྲིད་སྟོན་བྱེད་པ་དང་སློབ་གྲྭའི་སློབ་གསོའི་ཁྲོད་དགེ་རྒན་གྱི་གཙོ་ཁྲིད་གནས་བབ་འདོན་སྤེལ་གང་ལེགས་བྱས་ཏེ་དགེ་རྒན་ཁྲོད་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་གསོ་སྦྱོང་ལས་དོན་སྤེལ་བ་དང་སློབ་གྲྭའི་འགོ་ཁྲིད་ཚན་ཁག་དང་དགེ་རྒན་ལ་ཆེད་དོན་གསོ་སྦྱོང་བྱེད་དགོས།

        “མི་རིགས་མཐུན་སྒྲིལ་ཟླ་བའི ”བྱེད་སྒོར་སྔར་བས་སྐུལ་འདེད་གཏོང་བར་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཁྲོད་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་དགོས། གོ་བདེ་ཤེས་སླའི་བྱ་ཐབས་ཀྱི་ཐོག་ནས་དྲིལ་བསྒྲགས་ཡིག་ཆ་རྩོམ་འབྲི་བྱས་ཏེ་ཞིང་འབྲོག་ཁུལ་ལ་གཤམ་སྤྲོད་བྱེད་པ་དང་གྲོང་ཚོ་ཚན་པར་བྱས་ཏེ་ཞིང་འབྲོག་མང་ཚོགས་སློབ་སྦྱོང་བྱ་རྒྱུར་སྒྲིག་འཛུགས་རྒྱ་ཁྱབ་དུ་བྱེད་དགོས་པ་དང་། ཤེས་དཔལ་ཤང་གྲོང་གཏོད་རྒྱུ་དེ་འདྲེན་གཞིར་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དུད་ཚང་ཁྲི་སྟོང་མང་པོར་སྤེལ་དགོས་པ། “གཤམ་སྤེལ་གསུམ ”གྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་བསྟོད་གླུ་འབུལ་བའི་རིག་རྩལ་འཁྲབ་ཚན་འཁྲབ་རྒྱུ་དང་ཕུལ་བྱུང་གློག་བཪྙན་ཁག་གཅིག་སྟོན་རྒྱུ་སྒྲིག་འཛུགས་བྱས་ནས་ཞིང་འབྲོག་ཁུལ་དུ་སྐོར་སྐྱོད་འཁྲབ་སྟོན་དང་གློག་བཪྙན་སྟོན་རྒྱུ་བཅས་བྱེད་དགོས།

        “མི་རིགས་མཐུན་སྒྲིལ་ཟླ་བའི ”བྱེད་སྒོར་སྔར་བས་སྐུལ་འདེད་གཏོང་བར་དགོན་སྡེའི་གྲྭ་བཙུན་ཁྲོད་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་དགོས། དགོན་སྡེའི་ཁྲིམས་ལུགས་ཀྱི་དྲིལ་བསྒྲགས་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་ཤུགས་ཆེན་བཏང་སྟེ་རྒྱ་ཆེའི་གྲྭ་བཙུན་ལ་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་རྒྱུ་དེ་སྤྱི་དམངས་ཡོངས་ཀྱིས་ཁུར་དགོས་པའི་འགན་འཁྲི་དང་འོས་འགན་ཞིག་ཡིན་པ་ངོས་འཛིན་གཏིང་ཟབ་ཡོང་བའི་ཁྲིད་སྟོན་བྱེད་པ་དང་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཁོང་ཚོས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དེ་དགོན་སྡེ་དང་དད་ལྡན་མང་ཚོགས་ཁྲོད་སྤེལ་རྒྱུ་སྒྲིག་འཛུགས་དང་ཁྲིད་སྟོན་བྱེད་དགོས།

        མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་ངང་སྤེལ་བའི་འགག་རྩ་ནི་དོན་འཁྱོལ་བྱས་ནས་དངོས་ཕན་ཐོབ་པ་བྱ་རྒྱུ་དེ་ཡིན། ཏན་ཏིག་ནུས་ལྡན་གྱི་ལས་ཀའི་ཐོག་ནས་ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་པའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་རྨང་གཞི་སྔར་བས་བརྟན་དུ་བཏང་ནས་སྤྱི་ཚོགས་ཡོངས་སུ་མི་རིགས་མཐུན་སྒྲིལ་ཆེ་མོ་དང་སྤྱི་ཚོགས་འཕེལ་རྒྱས་ཆེ་མོའི་རྣམ་པ་ཟབ་མོ་ཞིག་བཏོད་དེ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་གྲུབ་འབྲས་དེ་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་། ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་འཆམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བྱ་སྤྱོད་ངོ་མར་འགྱུར་བ་བྱས་ཐོག་རང་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་བྱ་གཞག་ཁག་རྒྱུན་ཆད་མེད་པར་དེ་བས་ཡར་རྒྱས་འགྲོ་བའི་རྫོགས་མཐའ་མེད་པའི་སྒུལ་ཤུགས་སུ་དེ་བས་འགྱུར་བ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།