དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • རྒྱན་འགྱེད་བཀག་འགོག་ལས་ཀའི་སྒྲིག་ལམ་དང་ལྟ་སྐུལ་དོ་དམ་ལམ་སྲོལ་ནན་པོ་ཡོང་བ་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        རྒྱན་འགྱེད་ནི་སྤྱི་ཚོགས་ཀྱི་དུག་སྐྲན་ཞིག་ཡིན་སྟབས་ཏང་ཁྲིམས་དང་རྒྱལ་ཁྲིམས་ནང་བཀག་འགོག་ནན་པོ་བྱས་ཡོད། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཐབས་ཤེས་མང་པོ་སྤྱད་པ་དང་བཀའ་རྒྱ་ཡང་ཡང་བཏང་སྟེ་རྒྱན་འགྱེད་བཀག་འགོག་ནན་པོ་བྱས་ནའང་དེང་སྐབས་ས་གནས་དང་ཚན་པ་ཁ་ཤས་ཀྱི་ཏང་ཡོན་ལས་བྱེད་པ་རྒྱན་འགྱེད་ནང་ཞུགས་པའི་སྣང་ཚུལ་བཀག་ཀྱང་ཁོག་མི་ཐུབ་པའི་གཙོ་བོའི་རྒྱུ་རྐྱེན་ཞིག་ནི་སྒྲིག་ལམ་ལག་ལེན་ནན་པོ་བསྟར་མེད་པ་དང་། ལམ་ལུགས་དོན་འཁྱོལ་མཐར་ཕྱིན་པ་བྱུང་མེད་པ། དོ་དམ་བྱ་ཐབས་དམིགས་སར་འཁེལ་མེད་པ་བཅས་རེད། ཏང་ཡོན་ལས་བྱེད་པ་རྒྱན་འགྱེད་ནང་ཞུགས་པ་དེས་ཏང་དང་སྲིད་གཞུང་གི་གཟུགས་བཪྙན་ལ་གནོད་འཚེ་ཚབས་ཆེན་བཏང་བ་དང་། ཏང་སྲོལ་དང་། སྲིད་སྲོལ། སྤྱི་ཚོགས་ཀྱི་དར་སྲོལ་བཅས་ཉམས་དམས་སུ་སོང་ཡོད། ད་རེས་ལྗོངས་ཏང་ཨུད་ཀྱིས་ནུས་ཕྱོད་ཆེར་བསྐྱེད་ལོའི་བྱེད་སྒོའི་ནང་རྒྱན་འགྱེད་ཀྱི་སྤྱོད་ངན་བཀག་འགོག་ནན་པོ་བྱེད་པའི་ཆེད་དོན་བཅོས་སྒྲིག་ལས་དོན་བསྒྲུབ་རྒྱུའི་གཏན་འབེབས་བྱས་པ་ནི་རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུར་སྤྱད་པའི་གལ་ཆེའི་ཐབས་ཇུས་གཏན་འབེབས་ཤིག་ཡིན་སྟབས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་ཚོས་ཏང་ཡོན་ལས་བྱེད་པ་རྒྱན་འགྱེད་ནང་ཞུགས་པའི་ཚབས་ཆེ་བའི་གནོད་འཚེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་དང་ནུས་ཕྱོད་ཆེར་བསྐྱེད་ལོའི་བྱེད་སྒོའི་འབྲེལ་གཏུགས་ཚོགས་འདུའི་གཞུང་དོན་ཁང་གིས་གཏན་ལ་འཁེལ་བའི་ལག་བསྟར་ཇུས་གཞི་ལྟར་ལས་ཀའི་སྒྲིག་ལམ་ནན་པོ་ཡོང་བ་བྱེད་པ་དང་། རྒྱུན་གཏན་ལྟ་སྐུལ་དོ་དམ་བྱ་ཤུགས་ཆེ་རུ་གཏོང་བ། རྒྱན་འགྱེད་ཀྱི་གོམས་གཤིས་ངན་པ་རང་རྟོགས་ངང་མེད་པ་བཟོ་བ་བཅས་བྱས་ཏེ་རྒྱན་འགྱེད་ཀྱི་སྤྱོད་ངན་བཀག་འགོག་བྱ་རྒྱུ་དང་། ལས་ཁུངས་ཀྱི་དར་སྲོལ་གཙང་མ་ཡོང་བ་བྱ་རྒྱུ། ཏང་ཡོན་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ཀྱི་དམིགས་ཡུལ་འགྲུབ་པ་བྱེད་དགོས།

        ལས་ཀའི་སྒྲིག་ལམ་ནན་པོ་ཡོང་བ་དང་རྒྱུན་གཏན་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པར་གཅིག་ནས་ཏང་ཡོན་ལས་བྱེད་པ་རྒྱན་འགྱེད་ནང་ཞུགས་རྒྱུ་བཀག་འགོག་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་ལག་ལེན་ནན་ཏན་བསྟར་ནས་སྒྲིག་ལམ་ལག་ལེན་བསྟར་བར་རྣམ་པ་མི་འགྱུར་བ་དང་བྱེད་སྟངས་མི་འགྱུར་བ་མཐའ་གཅིག་ཏུ་བྱེད་པ་དང་བཀག་འགོག་ནན་པོ་ལྔ་དངོས་འབྲེལ་བྱེད་ཐུབ་པ་བྱེད་དགོས་པ་སྟེ། ཏང་ཡོན་ལས་བྱེད་པས་མཱ་ཅང་རྒྱག་རྒྱུའམ་རྣམ་པ་གཞན་ཐོག་གི་རྒྱན་འགྱེད་ནང་ཞུགས་རྒྱུ་བཀག་འགོག་ནན་པོ་བྱེད་པ་དང་། ལས་ཀའི་དུས་ཚོད་ནང་ཏང་ཡོན་ལས་བྱེད་པ་གཞི་རིམ་དུ་བསྐྱོད་དེ་བརྟག་ཞིབ་བྱེད་སྐབས་རྒྱན་འགྱེད་ནང་ཞུགས་པའམ་མི་གཞན་སྐད་བཏང་ནས་རྒྱན་པོ་འགྱེད་རྒྱུ་བཀག་འགོག་ནན་པོ་བྱེད་པ། ཏང་ཡོན་ལས་བྱེད་པས་གཞུང་དངུལ་བཏང་སྟེ་རྒྱན་པོ་འགྱེད་རྒྱུ་བཀག་འགོག་ནན་པོ་བྱེད་པ། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་གཤམ་རིམ་མམ་དོ་དམ་ཞབས་ཞུ་བྱ་ཡུལ་གྱིས་མཁོ་འདོན་བྱས་པའི་རྒྱུ་དངུལ་བླངས་ཏེ་རྒྱན་འགྱེད་ནང་ཞུགས་རྒྱུ་བཀག་འགོག་ནན་པོ་བྱེད་པ། ཏང་ཡོན་ལས་བྱེད་པས་རྒྱན་འགྱེད་བྱ་ཡུལ་མཁོ་འདོན་བྱེད་པའམ་སྟབས་བདེའི་ཆ་རྐྱེན་གཞན་དག་མཁོ་འདོན་བྱ་རྒྱུ་བཀག་འགོག་ནན་པོ་བྱེད་པ་བཅས་བྱེད་དགོས་པ་དང་།

        གཉིས་ནི་སྒྲིག་བཤེར་ལྟ་སྐུལ་ལས་ཁུངས་དང་རྩ་འཛུགས་མི་དོན་སྡེ་ཚན་གྱིས་ཏང་ཡོན་ལས་བྱེད་པའི་དོ་དམ་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། ས་ཆ་དངོས་སུ་ལྟ་སྐུལ་བྱེད་པ། དོ་དམ་ཁྱབ་ཁོངས་ནང་གི་ཏང་ཡོན་ལས་བྱེད་པའི་བསམ་བློ་དང་། ལས་ཀ སྤྱོད་ཚུལ་བཅས་ཀྱི་གནས་ཚུལ་རྟག་ཏུ་ཤེས་རྟོགས་བྱས་ཏེ་གནས་ཚུལ་ཐོན་བཟོ་ཡོད་རིགས་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་ཤེས་པ་བྱས་ནས་དུས་ཐོག་ཏུ་རོགས་རམ་བྱེད་པ་དང་སློབ་གསོ་གཏོང་བ་དང་། དུས་ཐོག་ཏུ་དྲན་སྐུལ་བྱེད་པ་དང་ཁ་ཏ་བསླབ་བྱ་བྱེད་པ། ཡོ་བསྲང་བྱ་རྒྱུར་ལྟ་སྐུལ་བྱེད་པ་བཅས་བྱེད་དགོས། ལས་བྱེད་པར་རྟོག་ཞིབ་བྱེད་སྐབས་ལས་ཀའི་དུས་ཚོད་ནང་གི་མཚོན་ཚུལ་ཤེས་རྟོགས་བྱ་རྒྱུར་དོ་སྣང་བྱེད་དགོས་པ་མ་ཟད། ལས་ཀའི་དུས་ཚོད་ཕུད་པའི་མཚོན་ཚུལ་ཤེས་རྟོགས་བྱ་རྒྱུར་ཡང་དོ་སྣང་བྱེད་དགོས། གསུམ་ནི་ཏང་སྲོལ་སྲིད་གཙང་འགན་འཁྲིའི་ལམ་ལུགས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱིས་ཏང་ཡོན་ལས་བྱེད་པ་རྒྱན་འགྱེད་ནང་ཞུགས་རྒྱུ་བཀག་འགོག་ནན་པོ་བྱ་རྒྱུ་དེ་གལ་ཆེའི་ལས་ཀ་ཞིག་ཏུ་བརྩིས་ནས་དངོས་འབྲེལ་དམ་འཛིན་ཤུགས་ཆེན་དང་ཡག་པོ་བྱས་ཏེ་རིམ་པ་གཅིག་གིས་རིམ་པ་གཅིག་ལ་དོ་དམ་བྱེད་པ་དང་། རིམ་པ་གཅིག་གིས་རིམ་པ་གཅིག་འཁྲིད་པ། རིམ་པ་བཞིན་དོན་འཁྱོལ་བྱེད་པ་བཅས་བྱེད་ཐུབ་པ་བྱེད་དགོས་པ་ལས་རྒྱན་པོ་འགྱེད་པ་མཐོང་ཡང་མ་མཐོང་ཚུལ་དང་། ཁ་ཏ་བསླབ་བྱ་མི་བྱེད་པ་དང་བཀག་འགོག་མི་བྱེད་པ། ཞིབ་བཤེར་ཐག་གཅོད་མི་བྱེད་པའམ་སྦས་སྐུང་བྱས་ནས་སྙན་སེང་མི་ཞུ་བ། ལས་འགན་མི་འཁུར་བ་དང་ལྟ་ཞིབ་མི་བྱེད་པ། ཞིབ་བཤེར་བྱེད་དུ་མི་འཇུག་པ། རྒྱན་འགྱེད་བཀག་འགོག་བྱ་ནུས་མི་འདང་བ་བཅས་ཀྱི་འགོ་ཁྲིད་ལས་བྱེད་པའི་འགན་འཁྲི་བདའ་འདེད་གཏོང་དགོས་པ།

        བཞི་ནི་ཞིབ་འཇུག་གཏིང་ཟབ་བྱས་ཏེ་ནུས་པ་ལྡན་པའི་ལས་ཀའི་ཐབས་ཤེས་དང་བྱ་ཐབས་བཟོ་དགོས། རྒྱན་འགྱེད་ཀྱི་སྤྱོད་ངན་བཀག་འགོག་ནན་པོ་བྱེད་པའི་ཆེད་དོན་བཅོས་སྒྲིག་ལས་ཀའི་དཀའ་ཚེགས་ཆེ་བས་ས་གནས་ཁག་དང་ཚན་པ་ཁག་གིས་ས་གནས་དེ་ག་དང་ཚན་པ་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འབྲེལ་ཡོད་གཏན་འབེབས་དོན་འཁྱོལ་བྱ་རྒྱུའི་ཞིབ་ཕྲའི་བྱ་ཐབས་དང་ཐབས་ཤེས་དངོས་འབྲེལ་བཟོས་ནས་ལམ་ལུགས་ལ་བརྟེན་ཏེ་ཆེད་དོན་བཅོས་སྒྲིག་གི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་ཕུགས་ཕན་ལམ་སྲོལ་ཆགས་པ་བྱེད་པ་དང་རྒྱན་འགྱེད་སྣང་ཚུལ་བསྐྱར་དུ་ཐོན་རྒྱུ་བཀག་འགོག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།