ལོ་50རིང་བོད་ཀྱི་རི་འཛེག་ལུས་རྩལ་པ་མི་རབས་ཁ་ཤས་ཀྱིས་འདུ་འཛི་ཆེ་བའི་གྲོང་ཁྱེར་དང་ཁ་བྲལ་ཏེ་རླུང་འཚུབ་དྲག་པོ་དང་ཁ་བ་བུ་ཡུག་གི་མདུན་བསུས་ཏེ་སྲིད་པའི་གངས་རིར་ཐེངས་མང་འཛེགས་ནས་སྤོབས་ཉམས་མངོན་པར་བྱས་ལ། འཛམ་གླིང་གི་རི་བོ་མཐོ་ཤོས་ཐོག་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་ཐེངས་མང་གཡོ་བ་བྱས་ཏེ་འོད་སྟོང་འཕྲོ་བའི་བྱས་རྗེས་ཐེངས་མང་བཞག་པ་དང་ཀྲུང་གོའི་རི་འཛེག་བྱ་གཞག་གི་འོད་སྟོང་འཕྲོ་བའི་ལེའུ་རེ་རེ་བཞིན་བརྩམས་ཁར་ལང་ཚོ་དང་ཚེ་སྲོག་ལ་བརྟེན་ནས “དཀའ་ཉེན་ལ་མི་སྐྲག་པ་དང་། དཔའ་ངར་ཆེན་པོས་ཡང་རྩེར་འཛེགས་པ། འབད་འཐབ་ལྷོད་མེད་བྱེད་པ། མཐུན་སྒྲིལ་མཉམ་སྒྲུབ་བྱེད་པ། མེས་རྒྱལ་གོང་དུ་བཀུར་བ ”བཅས་ཀྱི་རི་འཛེག་གི་རླབས་ཆེན་སྙིང་སྟོབས་བཏོད་ཡོད།
ལོ་50རིང་ཁོང་ཚོས་ཀྲུང་གོ་གསར་པའི་རི་འཛེག་བྱ་གཞག་ཆེད་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་དང་བདེ་ཐང་གི་གཟུགས་གཞི་བློས་བཏང་བ་མ་ཟད། རི་འཛེག་པ་ཁག་གཅིག་གིས་ཐ་ན་རང་ཉིད་ཀྱི་རྩ་ཆེའི་ཚེ་སྲོག་ཀྱང་ལེགས་སྐྱེས་ཕུལ་ཡོད། མེས་རྒྱལ་གྱི་མཚན་སྙན་ཆེད་ཁོང་ཚོས་བློ་བརྟན་འགྱུར་མེད་ངང་དཀའ་ཚེགས་ཆེ་བའི་རི་འཛེག་གི་ལམ་བུ་དེ་གདམ་ག་བྱས་པ་རེད།
ལོ་50ཡི་རི་འཛེག་ལོ་རྒྱུས་ཀྱི་ལམ་བུའི་ནང་ཁོང་ཚོས་བརྗིད་ཆགས་ལྷུན་གྱིས་གྲུབ་པའི་རི་བོ་མཐོན་པོ་དང་འགྲན་སློང་ཐེངས་མང་བྱེད་སྐབས་གཟིགས་མོ་བ་དང་། ཐལ་མོའི་རྡེབ་སྒྲ། བསྔགས་འབོད་བྱེད་མཁན་བཅས་མེད་ལ་གསེར་གྱི་རྟགས་མ་དང་མེ་ཏོག་སོས་པ་དེ་བས་མེད། ཁོང་ཚོས་གངས་རི་མཐོན་པོ་དང་འཐབ་ནས་སྐར་ལྔའི་དར་དམར་འཛམ་གླིང་གི་རི་མཐོའི་ཐོག་ལྷབ་ལྷུབ་ཏུ་གཡོ་རིམ་བཞིན་མགོ་འཕང་མཐོ་ཞིང་སྙིང་ནད་སངས་ནས་ཁོང་ཚོར་སྤོབས་པ་ཆེན་པོ་སྐྱེས་ཀྱི་ཡོད་ཅིང་། དེ་ནི་ཁོང་ཚོས “མེས་རྒྱལ ”ཞེས་པའི་ཡིག་འབྲུ་གཉིས་པོ་དེ་སེམས་ལ་བརྟན་པོར་ངེས་པ་ལས་བྱུང་བ་ཞིག་དང་། མེས་རྒྱལ་གྱི་ཁེ་ཕན་དང་མི་རིགས་ཀྱི་དགོས་མཁོས་ཁོང་ཚོར་བློ་བརྟན་འགྱུར་མེད་ཀྱི་བློ་སྟོབས་དང་ངར་ཤུགས་སྐྱེས་རྒྱུར་སྐུལ་ལྕག་བྱས་པ་ཞིག རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་ཀྱིས་ཁོང་ཚོས་མེས་རྒྱལ་ཆེད་དུ་གཟི་བརྗིད་བརྩོན་ལེན་བྱ་ཆེད་ལྕག་སྐུལ་བྱས་པ་ཞིག་བཅས་ཡིན།
ལོ་50ཡི་རི་འཛེག་ལོ་རྒྱུས་ཀྱི་ལམ་བུའི་ནང་ཁོང་ཚོས་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པ་དང་འབད་བརྩོན་ལྷོད་མེད་ཀྱིས་ཁ་བ་བུ་ཡུག་དྲག་པོ་དང་ཐེངས་མང་འཐབ་ནས་གཡང་གཟར་རི་བོའི་ཐོག་འཛེགས་པ་དང་། ཉེན་ཁ་ཤིན་ཏུ་ཆེ་བའི་འཁྱག་རོམ་ཐེངས་མང་བརྒལ་ནས་བསམ་ཡུལ་ལས་འདས་པའི་དཀའ་ཉེན་སྣ་ཚོགས་ཀྱི་མདུན་དུ་རླབས་ཆེའི་བྱ་སྤྱོད་རེ་རེ་བཞིན་ལེགས་གྲུབ་བྱས་ཏེ་མེས་རྒྱལ་དང་མི་དམངས་ཆེད་དུ་མཚན་སྙན་བརྩོན་ལེན་བྱས་པ་རེད།
མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་ལོ་50ནི་སེ་གོལ་ཏོག་ཙམ་གྱི་ཡུན་ཡིན་མོད། འོན་ཀྱང་དབེན་འཇམ་ཁོར་ཡུག་ལ་གོམས་པའི་རི་འཛེག་རུ་མི་མི་རབས་འགའ་ཞིག་གི་ངོས་ནས་བརྗོད་ན་དེ་ནི་ཁོང་ཚོའི་རྩ་ཆེའི་ཚེ་སྲོག་ཁྲོད་ཀྱི་འོད་སྟོང་རབ་ཏུ་འཕྲོ་ཤོས་ཀྱི་ལང་ཚོའི་ལོ་ཟླ་ཞིག་ཡིན། ཁོང་ཚོའི་ལུས་ཐོག་ནས “དཀའ་ཉེན་ལ་མི་སྐྲག་པ་དང་། དཔའ་ངར་ཆེན་པོས་ཡང་རྩེར་འཛེགས་པ། འབད་འཐབ་ལྷོད་མེད་བྱེད་པ། མཐུན་སྒྲིལ་མཉམ་སྒྲུབ་བྱེད་པ། མེས་རྒྱལ་གོང་དུ་བཀུར་བ ”བཅས་ཀྱི་རི་འཛེག་གི་སྙིང་སྟོབས་མངོན་པ་དེ་དུས་སྐབས་གསར་པའི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།
བརྗིད་ཉམས་ལྡན་པའི་རི་བོ་ཧི་མ་ལ་ཡ་དང་ཁ་ར་ཁུ་ནུ་རི་བོས་མིའི་རིགས་ཀྱི་རི་འཛེག་ལོ་རྒྱུས་འགོད་བཞིན་ཡོད། རི་འཛེག་གི་རླབས་ཆེན་སྙིང་སྟོབས་དེ་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རྒྱས་འགྲོ་བའི་འཕེལ་རིམ་དང་བསྟུན་ནས་ཡུན་དུ་གནས་ངེས་རེད།