ཟླ་9ཚེས་26ཉིན་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ནུས་ཕྱོད་ཆེར་བསྐྱེད་ལོའི་བྱེད་སྒོའི་གནས་ཚུལ་བརྡ་ཁྱབ་གཏོང་བའི་ཚོགས་འདུ་འཚོགས་ནས་རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་རྒྱལ་ཁབ་ཀྱི་གཞུང་ལས་པ་ཁག་གཅིག་རྒྱན་འགྱེད་ནང་ཞུགས་པའི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞིར་ཞིབ་བཤེར་ཐག་གཅོད་བྱས་པའི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་ཆབས་ཅིག་ལྗོངས་ཐད་གཏོགས་ལས་ཁུངས་ཀྱིས་ཏང་ཡོན་ལས་བྱེད་པ་རྒྱན་འགྱེད་ནང་ཞུགས་པའི་བྱེད་སྤྱོད་བཅོས་སྒྲིག་བྱ་རྒྱུའི་ཆེད་དོན་བྱ་སྤྱོད་བཀོད་སྒྲིག་བྱས་པ་དེ་ཐོག་ནས་ཏང་ཡོན་ལས་བྱེད་པའི་རྒྱན་འགྱེད་ཀྱི་སྤྱོད་ངན་བཀག་འགོག་བྱ་རྒྱུའི་ལྗོངས་ཏང་ཨུད་ཀྱི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་གང་ལེགས་མངོན་ཡོད།
དངུལ་ནོར་རྒྱན་འཛུགས་བྱས་ནས་ཐོབ་ཤོར་ཡོང་བ་བྱེད་པར་རྒྱན་འགྱེད་ཅེས་བརྗོད་ཅིང་། རྒྱན་འགྱེད་ནི་སྤྱི་ཚོགས་ཀྱི་གོམས་གཤིས་ངན་པ་ཞིག་ཡིན་པ་དང་གནའ་མིས “ཁྱིམ་ཚང་མེད་པ་བཟོ་མཁན་ནི་རྒྱན་འགྱེད་ཡིན། སྤྱོད་པ་སྡུག་ཏུ་གཏོང་མཁན་དེ་ཡང་རྒྱན་འགྱེད་ཡིན ”ཞེས་བསྟན་ཡོད། རྒྱན་པོ་འགྱེད་ན་ལུས་སེམས་ལ་གནོད་འཚེ་ཕོག་པ་དང་། ཧམ་སེམས་ཆེ་རུ་འགྲོ་བ། གཉེན་ཉེ་ཁ་ཕྲལ་བཟོ་བ། གནག་སེམས་ཆེ་རུ་འགྲོ་བ། སྤྱོད་པ་སྡུག་ཏུ་འགྲོ་བ། རྒྱུ་ནོར་སྟོང་པ་བཟོ་གི་ཡོད། ཏང་གི་བྱ་གཞག་གི་རྐང་འཛིན་པ་ཡིན་པའི་ཏང་ཡོན་ལས་བྱེད་པ་ནི་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་དོན་འཁྱོལ་བྱེད་མཁན་ཞིག་དང་། ལས་དོན་ཁག་དང་དེ་བཞིན་འཛུགས་སྐྲུན་གྱི་བྱ་གཞག་ནང་སྣེ་ཁྲིད་ཀྱི་ནུས་པ་འདོན་མཁན་ཞིག སྤྱི་ཚོགས་ཀྱི་འཚོ་བའི་ཁྱབ་ཁོངས་དང་སྒྲིག་བཀུར་ཁྲིམས་སྲུང་སོགས་ཕྱོགས་ཁག་གི་ཐད་དཔེ་བཟང་གི་ནུས་པ་གལ་ཆེན་འདོན་མཁན་ཞིག་བཅས་ཡིན། ཏང་ཡོན་ལས་བྱེད་པས་རྒྱན་འགྱེད་བྱས་ཚེ་གནོད་འཚེ་ཆེ་བའི་ཐོག་ཤུགས་རྐྱེན་ངན་པ་ཡང་ཐོན་ངེས་ཡིན།
རྒྱན་འགྱེད་ནི་རུལ་སུངས་སུ་འགྱུར་བའི་རྒྱུ་ཡིན། རྒྱན་འགྱེད་ཀྱི་དམིགས་ཡུལ་ནི་རྒྱུ་ནོར་རྒྱན་བཙུགས་ནས་ལོངས་སྤྱོད་ལ་ཞན་ཆགས་བྱ་ཆེད་ཡིན། རྒྱན་པོ་འགྱེད་མཁན་གྱིས་དཀའ་ལས་མི་རྒྱག་པར་ཁེ་བཟང་ཐོབ་ཐབས་བྱེད་པ་དང་ཁོང་ཚོས་ཕྱུག་པོ་ཆགས་རྒྱུ་དང་ལོངས་སྤྱོད་ཁོ་ན་བྱ་རྒྱུ་བསམ་པ་ལས་དཀའ་ཚེགས་ཀྱི་ངལ་རྩོལ་ལ་གཞོལ་འདོད་རྩ་བ་ནས་བྱེད་ཀྱི་མེད། ཏང་ཡོན་ལས་བྱེད་པ་ཁག་གཅིག་གིས་རྒྱན་འགྱེད་བྱེད་པའི་ཐོག་གསོལ་མགྲོན་ཁང་རྩེ་གྲའི་ནང་བསྐྱོད་དེ་བག་མེད་ལོངས་སྤྱོད་བྱེད་ཀྱི་ཡོད། རྒྱན་ཤོར་སྐབས་མ་རྩ་ལོག་པའི་ཆེད་དུ་རྒྱན་བཙུགས་བྱེད་ཚད་མང་དུ་གཏོང་བ་དང་རྒྱན་ཐོབ་པའི་སྐབས་སུ་དངུལ་གང་བྱུང་གཏོར་ནས་གང་དགའ་གང་སྐྱིད་བྱེད་ཀྱི་ཡོད། དེ་ལྟར་བྱས་ཏེ་ཁོ་པ་ཚོས་ཏང་སྲོལ་དང་སྤྱོད་ཚུལ་རྡོག་རོལ་གཏོང་བ་དང་སྤྱི་ཚོགས་ཀྱི་སྤྱོད་ཚུལ་ལ་གནོད་འཚེ་ཆེན་པོ་བཟོ་གི་ཡོད།
རྒྱན་འགྱེད་ནི་ཉེས་གསོག་གི་འབྱུང་རྩ་ཞིག་ཡིན། ད་ཕན་ལོ་ཤས་རིང་རྒྱན་འགྱེད་ལས་ཐོན་པའི་ཁྲིམས་འགལ་གྱི་ཉེས་གསོག་གྱོད་གཞི་གྲངས་ལས་འདས་པ་ཞིག་ཡོད། རྒྱན་འགྱེད་ནི་རུལ་བསླད་ཀྱི་སྨན་ལྟ་བུ་ཡིན་པ་དང་རྒྱན་པོ་འགྱེད་རྒྱུར་དགའ་བའི་ཏང་ཡོན་ལས་བྱེད་པ་ལ་ལས་རང་ཉིད་ཀྱི་འདོད་པ་སྐོང་ཆེད་ཏང་ཁྲིམས་དང་རྒྱལ་ཁྲིམས་ལ་མི་བལྟོས་པར་ལག་ནང་གི་དབང་ཆ་སྤྱད་དེ་ལྐོག་རྔན་ལེན་པ་དང་། རྒྱུ་ནོར་ཧམ་ཟ་བྱེད་པ། གཞུང་དངུལ་སྒེར་སྤྱོད་བྱེད་པ་བཅས་བྱས་ཏེ་གོམ་པ་རེ་རེ་བྱས་ནས་སྒྲིག་འགལ་ཁྲིམས་འགལ་གྱི་ལམ་དུ་སྐྱོད་ཀྱི་ཡོད།
ཏང་ཡོན་ལས་བྱེད་པའི་དཔུང་ཁག་གི་སྤྱོད་ཚུལ་ཐོག་ནས་བརྗོད་ན་རྒྱན་འགྱེད་ནི་གནོད་པ་བརྒྱ་ལས་ཕན་པ་ཏིལ་འབྲུ་ཙམ་ཡང་མེད་པའི་བྱ་བ་ཞིག་ཡིན། ང་ཚོའི་ཏང་གི་དམིགས་ཡུལ་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན་ཡང་ཏང་ཡོན་ལས་བྱེད་པ་ལ་ལས་ཉིན་མཚན་བསྟུད་མར་རྒྱན་འགྱེད་བྱེད་པར་བརྟེན་ལས་གནས་ཐོག་ལས་ཀ་བྱེད་པའི་བསམ་བློ་མེད་ལ་ལས་ཀའི་སྤྱོད་ཚུལ་ཡང་ཟབ་ཟོབ་ཏུ་གྱུར་ཁར་ལས་ཆོད་ཟེར་བ་ནི་དེ་བས་གླེང་ཐབས་བྲལ་ཡོད། ང་ཚོའི་ཏང་གཤིས་དང་དམིགས་ཡུལ་དང་རྦད་དེ་རྒྱབ་འགལ་དུ་སོང་བའི་རྒྱན་འགྱེད་ཀྱིས་ཏང་གི་གོང་བུ་འགྲིལ་ཤུགས་དང་འཐབ་ནུས་ལ་ཐད་ཀར་ཤུགས་རྐྱེན་བཟོ་ཁར་ཏང་ཡོན་ལས་བྱེད་པའི་འཐབ་སེམས་དང་གསར་གཏོད་རང་བཞིན་མེད་པར་བཟོ་གི་ཡོད།
དོན་དངོས་འབོར་ཆེན་གྱི་ཐོག་ནས་ཏང་ཡོན་ལས་བྱེད་པས་རྒྱན་འགྱེད་བྱས་རྐྱེན་ཏང་ཡོན་ལས་བྱེད་པའི་དཔུང་ཁག་དང་། ཏང་སྲོལ། སྲིད་སྲོལ། སྤྱི་ཚོགས་ཀྱི་སྤྱོད་ཚུལ། ཏང་དང་སྲིད་གཞུང་གི་གཟུགས་བཪྙན། སྤྱི་ཚོགས་བརྟན་ལྷིང་བཅས་ལ་གནོད་འཚེ་ཚབས་ཆེན་བཟོས་པ་བསྟན་ཡོད་པས་རྒྱན་འགྱེད་ཀྱི་བྱེད་སྤྱོད་གཏན་འགོག་མ་བྱས་ཚེ་ང་ཚོའི་ཏང་གི་སྲིད་འཛིན་གྱི་རྩ་འཛུགས་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞིར་གཡོ་འགུལ་ཐེབས་སྲིད།
རྒྱན་འགྱེད་ཀྱི་སྤྱོད་ངན་བཀག་འགོག་བྱེད་པའི་འགག་རྩ་ནི་ཏང་ཡོན་ལས་བྱེད་པས་རྒྱན་འགྱེད་བྱེད་པའི་སྤྱོད་ངན་བཀག་འགོག་ནན་པོ་བྱས་ནས་ཏང་ཡོན་ལས་བྱེད་པ་རྒྱན་འགྱེད་ཀྱི་གནོད་སྐྱོན་ལས་ཐར་བ་བྱ་རྒྱུ་དེ་ཡིན། རྒྱན་འགྱེད་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་བཀག་འགོག་བྱེད་པའི་དྲིལ་བསྒྲགས་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་རྒྱུ་དེ་རྒྱན་འགྱེད་གང་སར་མི་མཆེད་པ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན། ཕུགས་བསམ་གྱི་དད་སེམས་ཞན་པ་དང་། སེམས་ནང་བརྟེན་སེམས་མེད་པ། རིན་ཐང་ལྟ་བའི་ནོར་འཛོལ་བཅས་ནི་ཏང་ཡོན་ལས་བྱེད་པ་ཁ་ཤས་ལ་རྒྱན་འགྱེད་ཀྱི་གོམས་གཤིས་ངན་པ་འཇགས་པའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་དོན་དངོས་ཀྱི་ཐོག་ནས་ར་སྤྲོད་བྱུང་ཡོད། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལས་བྱེད་པའི་བསམ་བློ་དང་། ལས་དོན། འཚོ་བ་བཅས་ཕྱོགས་ཁག་གི་ཐད་ལྷག་པའི་གནད་དོན་ལ་དམིགས་ཏེ་ཏང་ཡོན་ལས་བྱེད་པར་སློབ་གསོ་བཏང་ནས་ཕུགས་བསམ་གྱི་དད་སེམས་བརྟན་པོ་བཙུགས་ནས་རང་རྟོགས་ངང་དངུལ་ལོར་གོང་དུ་བཀུར་བ་དང་། སྐྱིད་འདོད་རིང་ལུགས། རང་དོན་རིང་ལུགས་མཐར་སོན་པ་བཅས་ཀྱི་བསམ་བློ་དང་རུལ་སུངས་རིག་གནས་ཀྱི་བསླད་སྐྱོན་གྱི་ཤུགས་རྐྱེན་ཕོག་རྒྱུ་འགོག་དགོས་པ་དང་། དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ཀྱི་དཔེ་མཚོན་གང་ལེགས་སྤྱད་དེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སློབ་གསོ་དང་ཉེན་བརྡ་བཏང་སྟེ་རྒྱན་འགྱེད་ཀྱིས་ཁྱིམ་ཚང་དང་། སྤྱི་ཚོགས། ཏང་གི་བྱ་གཞག་བཅས་ལ་གནོད་སྐྱོན་ཇི་འདྲ་བཟོ་མིན་ཤེས་སུ་འཇུག་དགོས་པ། ཏང་ཡོན་ལས་བྱེད་པ་ཁ་ཤས་ཀྱི “རྒྱན་འགྱེད་ཆུང་ངུས་སྤྲོ་སེམས་འཕེལ་བའི ”ནོར་འཁྲུལ་གྱི་བསམ་བློར་དམིགས་ཏེ་ཁོང་ཚོའི་སྐྱོན་བྲལ་གྱི་དགའ་སྣང་སྐྱེད་བསྲིང་བྱ་རྒྱུར་ཁྲིད་སྟོན་བྱས་ནས་སྐྱོན་བྲལ་དང་། སྤྲོ་སྣང་ཡར་ཐོན། སྣ་མང་ཕུན་སུམ་ཚོགས་པ་བཅས་ཀྱི་བསམ་པའི་ལོངས་སྤྱོད་ལ་བརྟེན་ནས་ཁོང་ཚོའི་ཀུན་སྤྱོད་ལེགས་སུ་གཏོང་བ་དང་བསམ་བློའི་གོ་རྟོགས་མཐོ་རུ་གཏོང་དགོས།
རྒྱན་འགྱེད་ནི་སྤྱི་ཚོགས་ལ་གནོད་སྐྱོན་བཟོ་བའི “དུག་སྐྲན ”ཞིག་ཡིན་པ་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་རྒྱན་འགྱེད་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་པའི་གཏན་འབེབས་ཁ་གསལ་བཟོས་ཡོད། ངེས་པར་དུ་སྒྲིག་ཁྲིམས་ནན་པོ་སྲུང་བ་དང་ཏང་ཁྲིམས་དང་རྒྱལ་ཁྲིམས་ལ་གཞིགས་ནས་རྒྱན་འགྱེད་བཀག་འགོག་བྱེད་པའི་བཅའ་ཁྲིམས་ལམ་ལུགས་གཏན་འབེབས་དང་ལག་བསྟར་ཆོག་པའི་རྒྱན་འགྱེད་འགོག་པའི་བྱ་ཐབས་སྔར་བས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཏང་སྲོལ་དང་། སྲིད་སྲོལ། སྤྱི་ཚོགས་ཀྱི་སྤྱོད་ཚུལ་བཅས་སྔར་བས་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་གཞོལ་བ། འབྲེལ་ཡོད་བཅའ་ཁྲིམས་དང་སྒྲིག་ཁྲིམས་ཀྱི་དྲིལ་བསྒྲགས་སློབ་གསོ་དང་རྒྱན་འགྱེད་འགོག་པའི་བགྲོ་གླེང་བྱེད་སྒོ་ཤུགས་ཆེན་སྤེལ་ནས་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སྒྲིག་བཀུར་ཁྲིམས་སྲུང་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྒྱན་འགྱེད་བཀག་འགོག་བྱེད་པ་དང་རྒྱན་འགྱེད་ལས་གཡོལ་བའི་རྣམ་པ་བཟང་པོ་ཧུར་ཐག་གཏོད་དགོས།
འཁྱགས་པའི་བང་རིམ་མང་པོ་དེ་། ཉིན་གཅིག་གྲང་བས་ཆགས་པ་མིན། རྒྱན་འགྱེད་ཀྱི་སྣང་ཚུལ་དེ་སྔར་ནས་ཡོད་པས་རྒྱན་འགྱེད་གཏན་འགོག་བྱེད་པའི་བསམ་བློའི་ཐད་དཀའ་ཚེགས་ཡུན་རིང་གི་གྲ་སྒྲིག་ཡོད་པ་བྱེད་དགོས། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པའི་རྨང་གཞིའི་ཐོག་སློབ་གསོ་དང་། ལམ་ལུགས། ལྟ་སྐུལ། རྡུང་རྡེག་བཅས་གལ་ཆེ་མཉམ་དུ་འཇོག་པའི་ཕུགས་ཕན་དོ་དམ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་རྒྱན་འགྱེད་ཀྱི་སྣང་ཚུལ་བཀག་འགོག་བྱས་ནས་ཏང་ཡོན་ལས་བྱེད་པ་རྒྱན་འགྱེད་ཀྱི་གནོད་འཚེ་ལས་དངོས་སུ་གཡོལ་ཐུབ་པ་བྱེད་དགོས།