དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཇོ་རིའི་འདབས་སུ་མཐུན་སྦྱོར་རྣམ་པ་ལྷག་པར་མཛེས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ལོ་མང་པོའི་རིང་གཞིས་རྩེ་ས་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་སྒྲུབ་པའི་ཁྲོད་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས་མི་འབོར་ཅུང་ཉུང་བའི་མི་རིགས་ས་ཁུལ་འཕེལ་རྒྱས་འགྲོ་བར་རོགས་སྐྱོར་ཤུགས་ཆེན་བྱས་པས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད།

        ཚད་མཐོའི་མཐོང་ཆེན་བྱས་ཏེ་མི་རིགས་ཁག་ཐུན་མོང་ཐོག་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བ།

        གཞིས་རྩེ་གྲོང་ཁྱེར་གྲོང་ལྷོ་དོན་གཅོད་ཁྲུའི་ཉོ་འཚོང་ཁྲོམ་རའི་ནང་ཡོང་སྐབས་མང་ཚོགས་ཁ་ཤས་ཀྱིས་རང་ཉིད་ལ་མཁོ་བའི་ཚོང་རྫས་འདེམས་པའམ་ཡང་ན་ཚོང་བདག་དང་རིན་གོང་གླེང་བཞིན་ཡོད་པས་མི་རིགས་ཁག་གི་སྤུན་ཟླ་མཛའ་མཐུན་མཉམ་གནས་ཀྱི་ངང་ཚུལ་མཐོང་བྱུང་།

        གྲོང་ལྷོ་དོན་གཅོད་ཁང་གི་ཀྲུའུ་རེན་གཞོན་པ་ཤུས་ཅིང་གིས་དོན་གཅོད་ཁང་དུ་ཚོང་དུད་སྣ་ཚོགས 5000ལྷག་ཙམ་ཡོད་པ་དེའི་ནང་རྒྱ་རིགས་དང་། བོད་རིགས། ཧུའེ་རིགས་སོགས་མི་རིགས་8ཡོད། དོན་གཅོད་ཁང་ནང་རྒྱ་ཆེའི་ཡུལ་མི་དང་ཕྱི་ནས་ཡོང་བའི་ཚོང་དུད་ཀྱིས་མཛའ་མཐུན་མཉམ་གནས་དང་ཕན་ཚུན་མཐུན་སྒྲིལ་གྱིས་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བཞིན་ཡོད་ཅེས་ངོ་སྤྲོད་བྱས།

        སྐུ་ཞབས་ལི་ལགས་ནི་ཉོ་འཚོང་ཁྲོམ་རའི་ནང་གི་ཚོང་དུད་སྤྱིར་བཏང་བ་ཞིག་ཡིན། གཞེས་ནིང་ལོར་ཁོང་གི་ཕར་ནད་ལྕི་པོ་ཕོག་ནས་འཕྲལ་དུ་དངུལ་མཁོ་བ་དང་ཚོང་ཁང་གི་མ་དངུལ་ཡང་ཁ་ཐང་བས་ཚོང་ཟོག་གི་གོང་བཅག་ནས་ཚོང་བ་དང་ཚོང་ཁང་ནང་བཤུག་བཏང་ནས་ཕ་ཡུལ་དུ་ལོག་རྩིས་བྱས། ཁྲོམ་གཞུང་དོན་གཅོད་ཁང་གིས་ཁོང་གི་གནས་ཚུལ་ཤེས་རྗེས་རང་འགུལ་ངང་ཁོང་གི་ཁྱིམ་དུ་ཡོང་ནས་ཐབས་གང་དྲག་ཅི་དྲག་གིས་ཁོང་གི་ཁུར་པོ་ཇེ་ཡང་དུ་བཏང་། ཁྲོམ་གཞུང་དོན་གཅོད་ཁང་གི་སེམས་རྩ་འཁོལ་པོའི་རོགས་སྐྱོར་འོག་སྐུ་ཞབས་ལི་ལགས་ཀྱི་ཚོང་གཉེར་གནས་ཚུལ་ཡག་ཏུ་སོང་། ད་ལྟ་ཁོང་གི་ཚོང་ཁང་ནང་ཚོང་ཧ་ཅང་ཡག་པ་དང་ཉིན་ལྟར་ཁེ་སྤོགས་ཡང་ཧ་ཅང་མང་པོ་ཡོད། སྐུ་ཞབས་ལི་ལགས་ཀྱིས་དཀའ་ངལ་ཆེན་པོ་འཕྲད་དུས་ཁྲོམ་གཞུང་དོན་གཅོད་ཁང་ཡིན་ནའང་འདྲ་ཡང་ན་ཉོ་ཚོང་ཁྲོམ་རའི་ནང་གི་རྒྱ་རིགས་དང་བོད་རིགས་ཀྱི་གྲོགས་པོ་ཡིན་ནའང་འདྲ། ཚང་མས་རྒྱབ་སྐྱོར་མང་པོ་བྱས་ནས་དཀའ་གནད་ལས་སྒྲོལ་ཐུབ་པ་བྱུང་། དོན་དེ་ཚོ་དྲན་ཚེ་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་ཀྱི་འདུག་ཅེས་བཤད།

        སྐུ་ཞབས་ལི་ལགས་ཀྱི་གནས་ཚུལ་ནི་གཞིས་རྩེ་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ལས་དོན་གྱི་བསྡུས་རིས་ཙམ་ཞིག་ཡིན།

        ཉེ་བའི་ལོ་ཤས་རིང་གཞིས་རྩེ་ས་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་སྤྱི་ཡོངས་ལ་དམ་པོར་དམིགས་ནས་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་ནན་ཏན་བྱས་ནས་ཕྱོགས་མང་པོ་དང་། རིམ་པ་མང་པོ། ཁྱབ་ཁོངས་མང་པོ་བཅས་ཀྱི་ཐོག་ནས་མི་རིགས་མཐུན་སྒྲིལ་སློབ་གསོ་ཧུར་ཐག་སྤེལ་བ་རེད། ལོ་ལྟར “མི་རིགས་མཐུན་སྒྲིལ་ཟླ་བའི ”བྱེད་སྒོ་སྤེལ་རིང་གཞིས་རྩེ་ས་ཁུལ་གྱིས་རྣམ་པ་མི་འདྲ་བའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མི་སྒེར་དང་མཉམ་སྡེབ་ལ་གཟེངས་བསྟོད་བྱས་ཏེ་ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་རྒྱ་ཁྱབ་ངང་དྲིལ་བསྒྲགས་གཏིང་ཟབ་བྱེད་ཀྱི་ཡོད།

        ཕན་ཚུན་རོགས་རེས་དང་གཅེས་སྐྱོང་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་མཐུན་སྦྱོར་ལྡན་པའི་སྤྱི་ཚོགས་སྐྲུན་པ།

        ཁང་དམར་རྫོང་དུ་དམངས་གཅེས་མཐའ་བརྟན་གྱི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་བ་དང་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་ཆེད་ལོ་མང་རིང་ཀ་ལ་མཐའ་སྲུང་མངགས་གཏོང་ཁང་གིས་ལོ་ལྟར “ས་བོན་སྐྱེལ་བ་དང་། ལག་རྩལ་སྐྱེལ་བ། ཤེས་ལྡན་མི་སྣ་སྐྱེལ་བ ”བཅས་ནང་དོན་གཙོ་བོར་བྱེད་པའི “སྐྱེལ་བ་གསུམ ”གྱི་བྱེད་སྒོ་སྤེལ་ནས་ཕྱོགས་མང་པོ་དང་རིམ་པ་ཟབ་མོའི་སྒོ་ནས་མང་ཚོགས་ལ་རོགས་སྐྱོར་བྱེད་ཀྱི་ཡོད།

        ཀ་ལ་མཐའ་སྲུང་མངགས་གཏོང་ཁང་ལྟར་དམངས་གཅེས་དམངས་བཀུར་བྱེད་མཁན་ད་དུང་ཧ་ཅང་མང་པོ་ཡོད། ཕག་རི “དཔེ་བཟང་མཐའ་སྲུང་མངགས་གཏོང་ཁང ”ལ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས “མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང ”གི་མཚན་སྙན་གནང་བ་དང་། ཁོང་ཚོས་ལོ་12ཉིན་གཅིག་ལྟར་ཁོངས་གཏོགས་ཁུལ་གྱི་གྲོང་མིའི་ཨུ་ཡོན་ལྷན་ཁང་གསུམ་པའི་ལོ་ན་82ལ་སླེབས་པའི་མི་ཧྲེང་རྒན་མོ་སྤེན་ཆོས་ལ་ལྟ་སྐྱོང་ལེགས་པར་བྱེད། རྒན་མོ་སྤེན་ཆོས་ཀྱིས་མི་འཕྲད་རིམ་བཞིན “ང་ལ་བུ་ཕྲུག་མེད་ཀྱང་མངགས་གཏོང་ཁང་གི་དཔོན་དམག་ཚོ་ངའི་བུ་ཕྲུག་ངོ་མ་དང་བུ་ཕྲུག་ཡག་པོ་ཡིན ”ཞེས་ཤོད་ཀྱི་ཡོད་པ་རེད།

        གྲོ་མོར་ཚལ་སྐྱེལ་མཁན་ཨ་མ་གསུམ་གྱི་གནས་ཚུལ་རྒྱ་ཁྱབ་ཏུ་ཤོད་ཀྱི་ཡོད། གྲོ་མོ་སྨད་ཤང་རིན་ཆེན་སྒང་གྲོང་ཚོའི་བདེ་སྐྱིད་དང་། ཚེ་རིང་ཆོས་སྒྲོན། ཕུར་ཚེ་བཅས་བོད་རིགས་ཨ་མ་གསུམ་གྱིས་ཧ་ལས་དགོས་པའི་བློ་སྟོབས་ལ་བརྟེན་ནས་དཔོན་དམག་ལ་ལོ་27རིང་ཚལ་སྐྱེལ་བ་རེད། ལོ་27རིང་ཨ་མ་ཚོས་རེས་མོས་བྱས་ནས་གཟའ་འཁོར་རེར་སྔོ་ཚལ་ཐེངས་གཅིག་ནས་གཉིས་བར་སོ་ལྟ་ཁང་དུ་སྐྱེལ་བ་དང་ཐེངས་རེར་སྔོ་ཚལ་ཆ་སྙོམས་རྒྱ་མ་30ཙམ་སྐྱེལ་གྱི་ཡོད། ལོ་27ནང་སྐྱོད་ཚད་སྤྱི་ལེ་ཁྲི་5ལྷག་ཙམ་ཟིན་པ་དང་ཁྱོམ་བསྡོམས་ཚལ་ཏུན་65བསྐྱལ་བ་དང་དཔོན་དམག་ལ་སྦྲག་ཐོག་བསྐུར་བྱ་ཁྲི་5ཙམ་གཏོང་ལེན་བྱེད་རོགས་བྱས་པ་རེད།

        དམག་དམངས་དབར་རོགས་རེས་དང་དགའ་ཞེན་བྱས་སྟབས་དམག་དམངས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་བྱུང་ནས་མཉམ་དུ་མི་རིགས་མཐུན་སྒྲིལ་གྱི་ཡིད་དབང་འཕྲོག་པའི་ལེའུ་ཞིག་བརྩམས་ཡོད།

        འཕེལ་རྒྱས་མགྱོགས་སུ་བཏང་སྟེ་མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བ།

        གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་ནི་ཤར་པ་བ་འདུས་སྡོད་བྱེད་ཡུལ་གཙོ་བོ་ཞིག་ཡིན་པ་དང་ཉེ་བའི་ལོ་ཤས་རིང་མི་རིགས་སྲིད་ཇུས་ཀྱི་ཐུགས་ཁུར་འོག་གྲོང་རྡལ་ཡོངས་ཀྱི་འཕོ་འགྱུར་ནི་མིག་ལྡན་ཀུན་གྱིས་མཐོང་ཐུབ་པ་ཞིག་ཡོད།

        འདྲེན་ཐང་གྲོང་རྡལ་ལ་ཁྱོན་སྲིད་འཛིན་གྲོང་ཚོ་6དང་ཤར་པ་བའི་དུད་ཚང་318ཡོད། 2004ལོར་རང་སྐྱོང་ལྗོངས་ཀྱིས་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་སྒོ་ཀུན་ནས་སྤེལ་ཏེ་མཐའ་མཚམས་ཤང་དང་གྲོང་རྡལ་གཙོ་གནད་དུ་བྱས་ནས་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཏན་ཏིག་གཏོང་དགོས་པའི་བླང་བྱ་བཏོན་ཡོད། ཏང་གི་སྲིད་ཇུས་ཀྱི་སྣེ་ཁྲིད་འོག་གཏིང་སྐྱེས་རྫོང་གིས་ཤར་པ་བའི་རྗེས་ལུས་ཀྱི་འཚོ་བའི་གནས་ཚུལ་ལེགས་སུ་གཏོང་ཆེད་བསམ་བློ་བཏང་བ་དང་ཐབས་ཤེས་བཏོན་ནས་རྫོང་སྲིད་གཞུང་གིས་དང་ཐོག་འདྲེན་ཐང་གྲོང་རྡལ་གྱི་ཤར་པ་བའི་སྡོད་ཁང་ལ་སྒྱུར་བཀོད་བྱས་ཏེ་2004ལོ་དང་2005ལོར་གྲོང་རྡལ་ཡོངས་ཀྱི་ཤར་པ་བའི་དུད་ཚང་318ཀྱི་སྡོད་ཁང་སྒྱུར་བཀོད་བྱ་རྒྱུ་ལེགས་གྲུབ་བྱུང་ནས་ཆ་སྙོམས་དུད་ཚང་རེའི་མང་ཚོགས་ཀྱི་སྡོད་ཁང་སྒྱུར་བཀོད་ལ་མ་དངུལ་སྒོར་ཁྲི་2.5བཏང་ཡོད། མི་རེའི་ཆ་སྙོམས་ཀྱི་སྡོད་ཁང་དེ་སྨི་གྲུ་བཞི་8ནས་སྨི་གྲུ་བཞི་15བར་ཆེ་རུ་སོང་བ་དང་2006ལོའི་ལོ་མཇུག་ཏུ་འདྲེན་ཐང་གློག་ཁང་བཙུགས་ནས་བེད་སྤྱོད་གཏོང་འགོ་ཚུགས་ཡོད།

        ད་ལྟ་འདྲེན་ཐང་གྲོང་རྡལ་གྱི་ཤར་པ་བས་གུ་ཡངས་ལ་དཀར་ཆ་དོད་པའི་ཁང་པ་གསར་པའི་ནང་བསྡད་ཡོད་པ་དང་། སྟབས་བདེ་ལ་འདང་ངེས་ཀྱི་གློག་སྤྱོད་རྒྱུ་བྱུང་བ། གྲོང་རྡལ་ནང་འཕྲོད་བསྟེན་ཁང་བཙུགས་པ། སློབ་གསོར་ཚད་བརྒལ་གསར་པ་ཞིག་བྱུང་བ་བཅས་དང་། མི་མང་པོ་ཞིག་གདོད་མའི་རི་ཁུག་ནས་ཐོན་ཏེ་ཕྱུག་འགྱུར་གྱི་ལམ་བུར་སྐྱོད།

        ཏང་གི་མི་རིགས་སྲིད་ཇུས་འདི་ལྟ་བུའི་འོག་གཞིས་རྩེ་ས་ཁུལ་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་བྱས་ནས་འཛམ་གླིང་ཡོངས་ཀྱིས་ཁས་ལེན་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།