རླབས་ཆེན་ལོ་རྒྱུས་ལམ་བུའི་ཐོག་གི་འོད་སྟོང་གླེང་།
འདི་ནི་ཆབ་མདོ་གྲོང་རྡལ་ཁྲང་ཆིང་ལམ་གྱི་ཟུར་ཞིག་ཡིན་པ།
ལོ་ངོ་60གོང་གི་ཟླ་10པར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་མེས་རྒྱལ་སྐམ་ས་ཆེ་མོ་གཅིག་གྱུར་གྱི་མཐའ་མའི་གཡུལ་འགྱེད — ཆབ་མདོའི་གཡུལ་འགྱེད་བཤམས་ནས་སྐར་ལྔའི་དར་དམར་ཆབ་མདོ་གྲོང་རྡལ་དུ་རྒྱལ་ཁའི་ངང་བཙུགས།
དེ་ནས་བཟུང་ཆབ་མདོའི་ལོ་རྒྱུས་ཀྱི་ལེའུ་གསར་པ་འགོ་ཚུགས་པ་དང་བོད་ཞི་བའི་བཅིངས་འགྲོལ་གྱི་འགོ་བརྩམས་པ་མ་ཟད་། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་བ་རེད།
ལོ་ངོ་60རིང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དཔལ་འབྱོར་གོང་དུ་འཕེལ་བ་དང་། སྤྱི་ཚོགས་དུས་བབ་བརྟན་ལྷིང་། མི་རིགས་མཐུན་སྒྲིལ་ཡར་རྒྱས། མི་དམངས་བདེ་སྐྱིད་ཁམས་བཟང་། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་མདོ་གསར་པ་བོད་ཀྱི་ཤར་ངོས་སུ་འགྱིང་ངེར་གནས།
གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་མདོ་གསར་པ་མེད།
བཅིངས་འགྲོལ་མ་བཏང་གོང་གི་ཆབ་མདོ་དེ་བོད་ཀྱི་ཡུལ་གྲུ་གཞན་དག་དང་འདྲ་བར་རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་རྣམས་མངའ་བདག་ཆེན་པོ་གསུམ་གྱི་བཤུ་གཞོག་དང་གཉའ་གནོན་འོག་མི་ལུས་རང་དབང་མེད་པའི་ཡིད་སྐྱོ་བའི་འཚོ་བ་སྐྱེལ་དགོས་ཀྱི་ཡོད།
ཆབ་མདོ་རྫོང་ཐང་སྐྱ་གྲོང་ཚོ་ནས་ཡིན་པའི་ལོ་ན་71ལ་སླེབས་པའི་རྒས་པོ་བཀྲ་ཤིས་ཚེ་རིང་གིས་སྐབས་དེ་དུས་ཆབ་མདོ་གྲོང་རྡལ་གྱི་གྲོང་ཁུལ་རྒྱ་ཁྱོན་ཧ་ཅང་ཆུང་བ་དང་ཞིང་བྲན་མི་ཉུང་བ་ཞིག་རྡོ་ཧྲུག་གིས་སྐོར་བའི་ཁང་པ་དང་ཤིང་ཁང་ཐབས་ཆག་ནང་སྡོད་ཀྱི་ཡོད་པ་དང་། མི་འཁྱམ་དང་སྤྲང་པོ་ཁྲོམ་གཞུང་དུ་ཉལ་བ། ཁྲོམ་གཞུང་གུ་དོག་ཅིང་ཐལ་རྡུལ་འཚུབ་པ་བཅས་དང་གྲོང་རྡལ་ཡོངས་ལ་སོ་ཕག་གི་ཁང་པ་དང་ངོ་དྲག་པའི་ལམ་བུ་གཅིག་ཀྱང་མེད་པ་མ་ཟད་སློབ་གྲྭ་དང་སྨན་ཁང་དེ་བས་མེད་པ་གསལ་པོར་ངེས།
1951ལོའི་ཟླ་1ཚེས་1ཉིན་ཆབ་མདོ་ས་ཁུལ་མི་དམངས་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་བཙུགས་པའི་ཁྱབ་བསྒྲགས་བྱས་པ་དང་སྦྲགས “ཆབ་མདོ་ས་ཁུལ་བཅིངས་འགྲོལ་བཏང་བས་མི་དམངས་ཡོངས་ཀྱི་ལུས་སྲོག་རྒྱུ་ནོར་འགན་ལེན་བྱེད་པ་དང་། ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་ལེན་བསྟར་བ། སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ། གསར་བརྗེའི་སྒྲིག་ལམ་འཛུགས་པ་བཅས་ཀྱི་ཆེད་དུ་ཆབ་མདོ་ས་ཁུལ་མི་དམངས་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་བཙུགས་ནས་དམག་སྲིད་དང་འབྲེལ་བ་ཡོད་པའི་ལས་དོན་ལ་འགན་འཁུར་བ་དང་མཛུབ་ཁྲིད་བྱས་ནས་བོད་རིགས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུའི་བཀའ་བཏང་བ་ཡིན ”ཞེས་པའི་རྩ་ཚིག་དང་པོ་དེ་ཡང་ཁྱབ་བསྒྲགས་བྱས།
དུས་དེ་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གིས་ཆབ་མདོ་མི་རིགས་ཁག་གི་མི་དམངས་ལ་སྣེ་ཁྲིད་དེ་མཐུན་སྒྲིལ་མཉམ་ལས་དང་དཀའ་སྤྱད་འབད་འཐབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱེད་པའི་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་སྤེལ་འགོ་ཚུགས། ཆབ་མདོར་སློབ་ཆུང་ཨང་དང་པོ་དང་། སྨན་ཁང་ཨང་དང་པོ། གནམ་གཤིས་ས་ཚིགས་ཨང་དང་པོ། ཆུ་དཔྱད་ས་ཚིགས་ཨང་དང་པོ། དངུལ་ཁང་ཨང་དང་པོ་སོགས “བོད་ཀྱི་ཨང་དང་པོ ”དུ་མ་བཙུགས་པ་དང་སྔ་རྗེས་སུ “གྲོས་མཐུན་དོན་ཚན་བཅུ་བདུན ”ལག་ལེན་བསྟར་བ་དང་། ཐོན་སྐྱེད་སླར་གསོ་ཧུར་ཐག་བྱས་པ། གཙོ་གནད་ཡོད་པའི་སྒོ་ནས་དཔལ་འབྱོར་འཛུགས་སྐྲུན་དང་། དམངས་གཙོའི་བཅོས་སྒྱུར། སྤྱི་ཚོགས་རིང་ལུགས་ཀྱི་སྒྱུར་བཀོད། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་དང་། སྒྱུར་བཅོས་སྒོ་དབྱེ། དེང་རབས་ཅན་འཛུགས་སྐྲུན་སོགས་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་བརྒྱུད་ཡོད། ལྷག་པར་དུ་1959ལོར་ཏང་གི་འགོ་ཁྲིད་འོག་ཆབ་མདོས་བོད་ཡོངས་དང་མཉམ་དུ་ཏཱ་ལའི་རུ་ཚོགས་ཀྱིས་བསླངས་པའི་དྲག་པོའི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་བཏང་བ་དང་དམངས་གཙོའི་བཅོས་སྒྱུར་བྱས་ནས་རུལ་སུངས་རུལ་ནག་དང་མུན་ནག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་དུ་བཏང་བ་དང་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་བཏང་སྟེ་ཆབ་མདོའི་དེང་རབས་ཅན་གྱི་འཕེལ་རྒྱས་འགྲོ་ལམ་བཏོད་པ་དང་ཆབ་མདོའི་དཔལ་འབྱོར་འཕེལ་རྒྱས་དང་དར་རྒྱས་མགྱོགས་སུ་བཏང་བ་རེད།
ལོ་ངོ་60སོང་རྗེས་ཀྱི་ད་ལྟའི་ཆབ་མདོའི་དཔལ་འབྱོར་ལམ་ལུགས་དང་དཔལ་འབྱོར་གྲུབ་ཆར་འཕོ་འགྱུར་ཆེན་པོ་དང་དཔལ་འབྱོར་བསྡོམས་འབོར་ལ་འཕུར་མཆོང་ཆེན་པོ་བྱུང་ནས་སྒོ་རྒྱག་གི་གཞིས་ཀའི་རང་བྱུང་དཔལ་འབྱོར་དང་རྩ་བ་ནས་ཁ་བྲལ་ཏེ་དེང་རབས་ཁྲོམ་རའི་དཔལ་འབྱོར་ཕྱོགས་སུ་སྐྱོད་བཞིན་ཡོད་པས་ལོ་རྒྱུས་ཡོད་པ་ནས་བཟུང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཡག་ཤོས་དང་། མང་ཚོགས་ཀྱི་ཡོང་འབབ་འཕར་མགྱོགས་ཤོས། གྲོང་རྡལ་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཡོང་ཆེ་ཤོས་བཅས་ཀྱི་དུས་སྐབས་ཤིག་ཏུ་སླེབས་ཡོད། 2009ལོར་ས་ཁུལ་དེ་ཡོངས་ཀྱི་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་57.9ཟིན་པ་དང་། ཐོན་ལས་དང་པོའི་སྤྱིའི་ཐོན་རྫས་རིན་ཐང་དང་། བཟོ་ལས་སྤྱིའི་ཐོན་རྫས་རིན་ཐང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་བཅས་སྒོར་དུང་ཕྱུར་21.96དང་། སྒོར་དུང་ཕྱུར་7.02 སྒོར་དུང་ཕྱུར་51.5བཅས་སོ་སོར་ཟིན་པ། ནོར་སྲིད་ཀྱི་ཡོང་འབབ་སྒོར་དུང་ཕྱུར་2.78ཟིན་པ། ཤ་དང་འོ་མའི་ཐོན་ཚད་ཏུན་ཁྲི་7.34དང་ཏུན་ཁྲི་7.95སོ་སོར་ཟིན་པ། ཞིང་འབྲོག་པའི་མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་9021ཟིན་པ་དང་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་3144ཟིན་པ་བཅས་རེད།
ཆབ་མདོ་གྲོང་རྡལ་གྱི་འཕོ་འགྱུར་སྐོར་གླེང་སྐབས་བཀྲ་ཤིས་ཚེ་རིང་གིས་དགའ་སྤྲོའི་ངང “ 2002ལོའི་ཆབ་མདོ་གྲོང་རྡལ་ཁྲོམ་ཆེན་གཞུང་གི་གྲོང་རྡལ་ཪྙིང་པའི་སྒྱུར་བཀོད་རྣམ་གྲངས་ལ ‘ཀྲུང་གོའི་མི་སྡོད་ཁོར་ཡུག་དཔེ་སྟོན་བྱ་དགའ ’ཐོབ་པ་དང་ཐང་སྐྱ་གྲོང་ཚོ་ཡང་2005ལོར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1ལས་བརྒལ་ཏེ ‘སྤྲང་པོའི་གྲོང་ཚོ ’ནས ‘བོད་ཤར་གྱི་གྲོང་ཚོ་དང་པོར་གྱུར་ཡོད ’ ཏང་གི་འགོ་ཁྲིད་འོག་ཆབ་མདོ་དེ་བས་མཛེས་སུ་འགྲོ་བ་དང་མི་སེར་གྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པར་གྱུར་ཡོད ”ཅེས་བཤད།
སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ནི་མི་དམངས་བདེ་སྐྱིད་ཡོང་བའི་འགན་ལེན་ཡིན།
བོད་ཀྱི་ཉེ་རབས་དང་དེང་རབས་ལོ་རྒྱུས་ཐོག་གི་དོན་ཆེན་གཉིས་ནང་གི་གཅིག་ནི་1951ལོར་ཞི་བས་བཅིངས་འགྲོལ་ཐོབ་ནས་བོད་དེ་མེས་རྒྱལ་གྱི་པང་དུ་ལོག་པ་རེད་ཅེས་བརྗོད་ན་གཅིག་ཤོས་ནི་1959ལོར་དམངས་གཙོའི་བཅོས་སྒྱུར་བྱས་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་ཐུབ་སྟེ་བདག་པོར་གྱུར་བ་དང་གངས་ལྗོངས་ས་མཐོ་དེ་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་བསྐྱོད་པ་དེ་རེད།
ཆབ་མདོ་ནི་1959ལོར་བོད་དུ་དྲག་པོའི་ངོ་ལོག་ཟིང་འཁྲུག་ཅུང་མང་བའི་ས་ཁུལ་གྱི་གྲས་ཤིག་ཡིན་པ་དང་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བཏོན་གནང་བའི “ ངོ་ལོག་ཟིང་འཁྲུག་ཞོད་འཇགས་གཏོང་བཞིན་དུ་བཅོས་སྒྱུར་ཡང་བྱེད་པའི ”བྱེད་ཕྱོགས་ལྟར་ཆབ་མདོར་ཚ་ཚ་འུར་འུར་ངང་ངོ་ལོག་ཟིང་འཁྲུག་ལ་ངོ་རྒོལ་དང་། ཁྲལ་འུ་ལག་ལ་ངོ་རྒོལ། བྲན་བཀོལ་ལ་ངོ་རྒོལ། བོགས་ཆག་སྐྱེད་ཆག་བཅས “ངོ་རྒོལ་གསུམ་དང་ཆག་ཡང་གཉིས ”ཀྱི་ལས་འགུལ་སྤེལ། དཔྱད་གཞིའི་ཡིག་ཆའི་ནང་བཀོད་པར་གཞིགས་ན། 1960ལོའི་བར་ཆབ་མདོ་ས་ཁུལ་གྱི་དྲག་པོའི་ངོ་ལོག་ཟིང་འཁྲུག་གཞི་རྩའི་ཆ་ནས་ཞོད་འཇགས་སུ་བཏང་བ་དང་1960ལོའི་ཟླ་9པའི་ཟླ་མཇུག་བར་ཆབ་མདོར་རྫོང་རིམ་པའི་མི་དམངས་སྲིད་གཞུང་12དང་། ཆུས་སྲིད་གཞུང་70 ཤང་སྲིད་གཞུང་111བཅས་བཙུགས་པ་དང་མི་འབོར་ཁྲི་22ལྷག་ཙམ་གྱི་ཞིང་ཁུལ་དུ་ས་ཞིང་བཅོས་སྒྱུར་ལེགས་གྲུབ་བྱས་དང་བྱེད་མུས་ཀྱི་ས་ཁུལ་90%ཡན་ཟིན་ཡོད།
2009ལོར་ཆབ་མདོ་ས་ཁུལ་དུ་ཁྱོན་བསྡོམས་ཞིང་འབྲོག་པ་ཁྲི་40ལྷག་ཙམ་ལ་ཉེན་མེད་འཐུང་ཆུ་འཐུང་རྒྱུ་བྱུང་བ་དང་། ཞིང་འབྲོག་པ་ཁྲི་24ལ་གློག་སྤྱོད་རྒྱུ་བྱུང་བ། ས་ཁུལ་དེ་ཡོངས་སུ་ཁྱོན་བསྡོམས་རིམ་ཁག་དང་རིགས་ཁག་གི་སློབ་གྲྭ་529བཙུགས་པ། སློབ་གྲྭར་ཡོད་མུས་ཀྱི་སློབ་མ་107626ལོན་པ་བཅས་དང་། ཆབ་མདོ་གྲོང་རྡལ་ལྟེ་བར་བྱེད་པ་དང་གྲོང་རྡལ་དང་གྲོང་གསེབ་ཀུན་ཏུ་ཁྱབ་པའི་སྨན་བཅོས་འཕྲོད་བསྟེན་གྱི་དྲ་བ་བཙུགས་ནས་ལོ་དེ་རང་དུ་ཞིང་འབྲོག་པས་སྨན་བཅོས་འགྲོ་གྲོན་སྣ་ཚོགས་སྒོར་ཁྲི་5000ལྷག་ཙམ་རྩིས་ཞུ་བྱས་པ། མི་འབོར་དེ་1959ལོའི་ཁྲི་25.48(རྫ་ཡུལ་རྫོང་ཚུད )ནས་ཁྲི་64.18བར་འཕར་བ་དང་རྒན་གསོའི་འཚོ་དངུལ་སྤྱི་ཚོགས་སུ་སྤྲོད་ཚད་100%ལོན་པ། མི་རིགས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་བྱུང་ནས་སྟེང་ཆེན་གྱི་རལ་པ་དང་། ཆབ་མདོའི་སྒོར་གཞས། སྨར་ཁམས་ཀྱི་འབའ་གཞས་སོགས་ཁག་7རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་བཅུག་པ་བཅས་རེད།
ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་བོད་ཤར་འཕེལ་རྒྱས་མགྱོགས་སུ་གཏོང་བ།
ཆབ་མདོ་ས་ཁུལ་ལ་བཅིངས་འགྲོལ་བཏང་ནས་ལོ་ངོ་60རིང་གི་འཕེལ་རྒྱས་བརྒྱུད་རིམ་ཐོག་ནས་ང་ཚོར་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ་ནི་ཆབ་མདོའི་མི་རིགས་ཁག་གི་མི་དམངས་ཁྲི་64ཡིས་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་ཐུབ་པའི་རྩ་བའི་འགན་ལེན་ཁོ་ན་དང་ཆབ་མདོ་ས་ཁུལ་དུ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བའི་རྩ་བའི་ཐབས་ལམ་ཁོ་ན་ཡིན་པ་ར་འཕྲོད་བྱས་ཡོད།
ཆབ་མདོ་ས་ཁུལ་གྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་ཇི་ལྟར་སྐུལ་འདེད་གཏོང་བའི་ཐད་ཆབ་མདོ་ས་ཨུད་ཀྱི་ཧྲུའུ་ཅི་མི་དམངས་འཐུས་ཚོགས་ས་ཁུལ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་རུའེ་ལེན་གྱིས་བསམ་གཞིགས་ཟབ་མོ་གནང་བཞིན་དུ “ང་ཚོས་ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ་དང་རྩ་བ་གཅིག་སྲ་བརྟན་དང་མཐོ་རུ་གཏོང་བ་དང་། རྨང་གཞི་གཅིག་འཐུས་ཚང་དུ་གཏོང་བ། འདེགས་སྐྱོར་གཉིས་ཆེ་རུ་གཏོང་བ། འཕར་གཞི་གསར་པ་ཆགས་པ་བྱེད་པ་བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་ལ་དམིགས་ནས་གཤམ་གསལ་ལས་དོན་ཁག་བཅུ་ལ་གཙོ་གནད་དམ་འཛིན་བྱ་དགོས་པ་སྟེ། གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་འཚོ་འཐུས་ཚང་ཧུར་ཐག་གཏོང་བ། ཕྱོགས་བསྡུས་ཀྱི་འགྲིམ་འགྲུལ་མ་ལག་ཧུར་ཐག་བསྐྲུན་པ། ཐོན་ལས་འཛུགས་སྐྲུན་མགྱོགས་སུ་གཏོང་བ། ཡུལ་སྐོར་དང་། བོད་ལུགས་གསོ་རིག འཛུགས་སྐྲུན་རྒྱུ་ཆ། ཐོན་ལས་ཆ་འཕྲིན་བཅས་གཙོ་གནད་དུ་བྱེད་པའི་འཕར་གཞི་གསར་པ་ཆགས་པ་བྱེད་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཆབ་མདོ་གྲོང་རྡལ་གྱི་གྲོང་ཪྙིང་སྒྱུར་བཀོད་ལས་དོན་གཟབ་ནན་ངང་ལེགས་པར་སྒྲུབ་པ། ས་ཁོངས་དབར་མཐུན་སྦྱོར་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། རོགས་སྐྱོར་དང་ལེན་གྱི་ལས་དོན་ཏན་ཏིག་ངང་སྒྲུབ་པ་བཅས་བྱས་ནས་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་བས་ལེགས་པ་དང་དེ་བས་མྱུར་བ་ཡོང་བ་བྱེད་དགོས ”ཞེས་གསུངས་པ་རེད།
འོད་སྟོང་འབར་བའི་ལོ་ངོ་60བརྒྱུད་པའི་གནའ་བོའི་ཆབ་མདོར་ཉིན་བཞིན་གསོན་ཤུགས་གསར་པ་དང་མདུན་སྐྱོད་སྒུལ་ཤུགས་ཀྱིས་ཁེངས་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་ཁུར་ཟབ་མོ་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་བོད་ཤར་གྱི་འབྱུང་འགྱུར་སྔར་བས་མཛེས་སྡུག་ལྡན་པ་དང་མངའ་ཐང་རྒྱས་པའི་བོད་ཤར་རིང་མིན་མངོན་དུ་འགྱུར་ཐུབ་པ་ང་ཚོར་ཡིད་ཆེས་རྦད་དེ་ཡོད།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣