ལྗོངས་ཡོངས་ཀྱི་ནུས་ཕྱོད་ཆེར་བསྐྱེད་ལོའི་བྱེད་སྒོ་དེ་འདི་ལོའི་ཟླ་བ་གསུམ་པར་སྤེལ་འགོ་ཚུགས་ཚུན་ལྗོངས་ཏང་ཨུད་ཀྱིས་བཏོན་པའི “གོམ་གང་མདུན་སྤོས་དྲུག ”གི་དམིགས་ཚད་བླང་བྱར་དམ་པོར་དམིགས་ནས་སློབ་སྦྱོང་ལ་མཐོང་ཆེན་བྱེད་པ་དང་། གནད་དོན་འཚོལ་བ། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་པས་དུས་མཚམས་དང་པོ་དང་གཉིས་པའི་དམིགས་ཚད་ལས་འགན་ལེགས་གྲུབ་ལེགས་ཙམ་བྱུང་ཡོད། དུས་མཚམས་རྗེས་མར་ང་ཚོས་ཉམས་མྱོང་ཕྱོགས་སྡོམ་དང་། གྲུབ་འབྲས་དར་སྤེལ། ཡང་འབད་བསྐྱར་འབད་བཅས་བྱས་ཏེ་ཚད་བརྒལ་གསར་པ་ཡོང་རྒྱུའི་བརྩོན་ལེན་བྱེད་པ་དང་ནུས་ཕྱོད་ཆེར་བསྐྱེད་ལོའི་བྱེད་སྒོར་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་ཐོབ་རྒྱུའི་འགན་ལེན་བྱེད་དགོས། ནུས་ཕྱོད་ཆེར་བསྐྱེད་ལོའི་བྱེད་སྒོ་སྤེལ་ཚུན་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ལྗོངས་ཏང་ཨུད་ཀྱིས་བཏོན་པའི་ཐག་གཅོད་བྱེད་དགོས་པའི་ཕྱོགས་དྲུག་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་དང་སླེབས་ཐུབ་པ་བྱེད་དགོས་པའི “གོམ་གང་མདུན་སྤོས་དྲུག ”གི་དམིགས་ཚད་བླང་བྱར་དམ་པོར་དམིགས་ཏེ་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་སྒྲིག་འཛུགས་དང་ལག་བསྟར་ནན་ཏན་བྱས་ནས་རྒྱ་ཆེའི་ལས་བྱེད་པའི་བསམ་བློའི་ངོས་འཛིན་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། མངོན་གསལ་དོད་པའི་གནད་དོན་ཁག་གཅིག་གཅིག་སྡུད་ཐོག་ཐག་གཅོད་ཐུབ་པ་བྱེད་པ། ལས་ཁུངས་ཀྱི་ལས་ཀའི་སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་བྱེད་སྒོར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་བྱེད་དགོས། དུས་མཚམས་རྗེས་མར་ལས་འགན་དེ་བས་ལྕི་བ་དང་བླང་བྱ་དེ་བས་ནན་པོ་ཡོད་པས་ང་ཚོས་རྩད་གཅོད་ཐུབ་པའི་གནད་དོན་ལ་དམིགས་ནས་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་དང་། དམ་པ་དོན་གཉེར་གྱི་སྤྱོད་ཚུལ། ཏན་ཏིག་ནུས་ལྡན་གྱི་ལས་དོན་བཅས་ཀྱི་ཐོག་ནས་རྒྱུན་ཆད་མེད་པར་བྱ་ཐབས་སྤྱད་དེ་ཚད་བརྒལ་གསར་པ་ཡོང་བ་བྱེད་པ་དང་བྱེད་སྒོ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
སློབ་སྦྱོང་ཐད་ཚད་བརྒལ་གསར་པ་ཡོང་བ་བྱེད་དགོས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཧོ་གོ་ཆང་གིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་ཏན་ཏིག་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་ཏན་ཏིག་བྱེད་པ། ས་ཁུལ་གྲོང་ཁྱེར་དེ་རང་དང་སྡེ་ཚན་དེ་རང་གི་ལས་དོན་ཡག་པོ་སྒྲུབ་རྒྱུ་དང་ཟུང་འབྲེལ་ཏན་ཏིག་བྱེད་པ་བཅས་ཀྱི་ཐོག་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་གོ་བ་གཏིང་ཟབ་ལེན་རྒྱུའི་ཐད་འབད་བརྩོན་བྱས་ནས་ལག་བསྟར་ནན་ཏན་དང་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུར་ཕན་འབྲས་ཐོབ་པ་བྱེད་དགོས།
མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་ཚད་བརྒལ་གསར་པ་ཡོང་བ་བྱེད་དགོས་ཤིང་། གཅིག་ནས་ལས་བྱེད་པ་འགའ་ཞིག་གི་ལས་ཀའི་སྤྱོད་ཚུལ་ཞན་པ་དང་། བྱ་གཞག་སྒྲུབ་སེམས་དང་འགན་འཁྲིའི་བསམ་པ་ཆེན་པོ་མེད་པ། ལས་ཀ་དོན་འཁྱོལ་མི་བྱེད་པ་བཅས་ཀྱི་གནད་དོན་མུ་མཐུད་ཐག་གཅོད་བྱེད་པའི་ཁར་འགོ་ཁྲིད་དང་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལས་བྱེད་པའི་བྱ་གཞག་སྒྲུབ་སེམས་དང་འགན་འཁྲིའི་བསམ་པ་ཆེ་རུ་གཏོང་དགོས་པ་དང་། གཉིས་ནས་སེམས་ཐག་གཙང་བཅད་དང་ནུས་ཤུགས་ཡོད་རྒུ་བཏོན་ནས་ཏང་ཡོན་ལས་བྱེད་པས་རྒྱན་འགྱེད་ནང་ཞུགས་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་དང་ཕུགས་ཕན་བཅོས་སྐྱོང་ལམ་སྲོལ་བཙུགས་ཏེ་ཏང་ཡོན་ལས་བྱེད་པས་རྒྱན་འགྱེད་ནང་ཞུགས་པའི་ཚུལ་མིན་སྲོལ་ངན་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས་པ། གསུམ་ནས་རྒྱས་ཟ་རྒྱས་འཐུང་བྱེད་པ་དང་། བག་མེད་ལོངས་སྤྱོད་བྱེད་པ། སྐྱིད་པོ་གཏོང་རྒྱུར་ཞེན་ཆགས་བྱེད་པ་བཅས་ཀྱི་བག་མེད་ཆུད་ཟོས་ཀྱི་སྲོལ་ངན་བཀག་འགོག་ཤུགས་ཆེན་བྱེད་པ་དང་དུས་མཚུངས་དཀའ་སྤྱད་བབ་ཆགས་དང་གྲོན་ཆུང་བསྲི་ཚགས་ཀྱི་སྲོལ་བཟང་དར་སྤེལ་གཏོང་དགོས་པ། བཞི་ནས་གཞི་རིམ་དུ་བསྐྱོད་པ་དང་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པའི་གནད་དོན་ཐག་གཅོད་བྱེད་པ་དང་ཆབས་ཅིག་བརྟག་དཔྱད་ཞིབ་འཇུག་དང་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པའི་སྲོལ་བཟང་དར་སྤེལ་གཏོང་དགོས་ཤིང་། སྒྱུར་འཕེལ་བརྟན་གསུམ་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་གལ་ཆེན་དང་། མང་ཚོགས་དང་ཞབས་འདེགས་ཞུ་ཡུལ་གྱིས་ཤུགས་ཆེན་གླེང་བ་དང་ཐག་གཅོད་དཀའ་བའི་གནད་དོན། ནུས་ཕྱོད་ཆེར་བསྐྱེད་བྱེད་རིང་ལྷག་པའི་མངོན་གསལ་དོད་པའི་གནད་དོན། ཡུན་རིང་ཐག་གཅོད་མ་བྱུང་བའི “ཪྙིང་པ་དང་། ཆེ་བ། དཀའ་བ ”བཅས་ཀྱི་གནད་དོན་འགའ་ཞིག་བཅས་འགངས་ཆེའི་ནང་གི་གལ་ཆེར་འཛིན་ཏེ་བྱེད་ཐབས་ཏན་ཏིག་སྤྱད་ནས་གནད་དོན་ཐག་གཅོད་བྱ་རྒྱུར་ཚད་བརྒལ་གསར་པ་ཡོང་བའི་བརྩོན་ལེན་བྱེད་དགོས།
དཔྱད་ཞིབ་དང་ཕྱོགས་སྡོམ་བྱ་རྒྱུར་ཚད་བརྒལ་གསར་པ་ཡོང་བ་བྱེད་དགོས་ཤིང་། རིམ་ཁག་ཏང་སྲིད་འགོ་ཁྲིད་གཙོ་བོས་བྱེད་སྒོར་འགོ་ཁྲིད་བྱེད་པའི་འགན་འཁྲི་ཏན་ཏིག་ངང་འཁུར་ཏེ་འགོ་ཡག་པོ་འཛུགས་པ་དང་། མཇུག་ཡག་པོ་བསྡུ་བ། དམ་འཛིན་ནན་པོ་བྱེད་པ་བཅས་བྱས་ནས “འགོ་ཁྲིད་གཙོ་བོས ”ཕྱོགས་ཡོངས་ནས་འགན་འཁུར་བ་དང་། ཁག་བགོས་འགོ་ཁྲིད་ཀྱིས་འགན་ཞིབ་ཕྲ་འཁུར་བ། རིམ་པ་གཅིག་གིས་རིམ་པ་གཅིག་དམ་འཛིན་བྱེད་པ། རིམ་པ་བཞིན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་པ་བཅས་ཀྱི་ལས་དོན་སྤེལ་སྟངས་ཤིག་ཆགས་པ་བྱེད་དགོས་པ་དང་། བྱེད་སྒོ་རྩ་བའི་ཆ་ནས་ལེགས་གྲུབ་བྱུང་བའི་དུས་སུ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱས་ཏེ་མང་ཚོགས་ཀྱི་བློ་ལ་བབ་མིན་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་བྱེད་དགོས་པ། ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཀྱི་གནས་ཚུལ་གཞིར་བཟུང་དག་ཐེར་བཅོས་སྒྲིག་བྱེད་ཐབས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་ཏེ་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནུས་ལྡན་ཡོང་བའི་འགན་ལེན་བྱེད་དགོས་པ། བྱེད་སྒོ་སྤེལ་མཁན་ཚན་པར་དཔྱད་ཞིབ་བྱེད་དགོས་པ་དང་དཔྱད་ཞིབ་བྱས་ནས་ཚད་ལོན་རྗེས་གཞི་ནས་ཕྱོགས་སྡོམ་ཚོགས་ཆེན་འཚོག་ཆོག བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་པ་བརྒྱུད་དཔྱད་ཞིབ་བྱ་རྒྱུར་ཚད་བརྒལ་གསར་པ་ཡོང་བའི་འགན་ལེན་བྱེད་དགོས།
ནུས་ཕྱོད་ཆེར་བསྐྱེད་ལོའི་བྱེད་སྒོ་སྤེལ་རྒྱུ་ནི་ལྗོངས་ཏང་ཨུད་ཀྱིས་བཏོན་པའི་སྲིད་ཇུས་གལ་ཆེན་ཞིག་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། གོམ་སྟབས་རྗེས་མའི་དམིགས་ཚད་གསལ་པོ་བཟོས་ཟིན་པས་འགན་འཁྲི་ལྕི་བ་དང་ལས་འགན་དཀའ་ཚེགས་ཆེ་བར་བརྟེན་ང་ཚོས་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག་རྣམ་འགྱུར་དེ་བས་ནན་པ་དང་། སེམས་རྩ་དེ་བས་འཁོལ་བ། ལས་དོན་དེ་བས་ཏན་ཏིག་སྒྲུབ་པ་བཅས་ཀྱི་ཐོག་ནས་འགག་རྩའི་ལྷུ་ཚིགས་དམ་འཛིན་ནན་པོ་བྱེད་པ་དང་། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པ། ཚད་བརྒལ་གསར་པ་རྒྱུན་ཆད་མེད་པར་མངོན་འགྱུར་ཡོང་བ་བྱེད་པ། ཕན་འབྲས་གསར་པ་ཐོབ་པ་བྱེད་པ་བཅས་བྱས་ཏེ་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུར་འགན་ལེན་བརྟན་པོ་ཞིག་བྱེད་དགོས།