དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཉེ་ཆར་འཚོགས་པའི་མཉམ་སྡེབ་སློབ་སྦྱོང་ཚོགས་འདུའི་ཐོག་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་རང་ལྗོངས་ཀྱི་རིག་གནས་སྒྲིག་གཞི་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་དང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས་ལུགས་སྔར་བས་བཏོན་ཡོད།

        མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་བྱེད་པའི་ལས་དོན་ནི་རིག་གནས་འཛུགས་སྐྱོང་ཁྲོད་ཀྱི་གལ་འགངས་ཤིན་ཏུ་ཆེ་བའི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་དང་རང་ལྗོངས་ཀྱི་རིག་གནས་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་མ་གཏིང་ཟབ་གཏོང་བའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པས་བོད་ཀྱི་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་ཕན་པ་ཡོད་ལ་མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། མཐུན་སྦྱོར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཕྱི་རོལ་ཡུལ་གྱི་དགོས་མཁོ་ཞིག་ཀྱང་རེད། བོད་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཛུགས་སྐྱོང་བྱེད་པའི་མཐོ་ཚད་དང་རྒྱལ་ཁབ་ཀྱི་རིག་གནས་བདག་དབང་དང་རིག་གནས་བདེ་འཇགས་སྲུང་སྐྱོང་བྱེད་པའི་མཐོ་ཚད་ཀྱི་ཐོག་ནས་འགན་འཁྲིའི་སེམས་པ་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་གཏོང་བ་དང་དུས་བསྟུན་འཕེལ་རྒྱས་ཀྱིས་གསར་གཏོད་ཀྱི་བསམ་ཕྱོགས་དང་བྱ་ཐབས་སྤྱད་དེ་དམངས་ཁྲོད་སྲོལ་རྒྱུན་རིག་གནས་ཀྱི་ཐོན་ཁུངས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་ཁྲོད་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་བྱེད་པའི་ལས་དོན་དེ་དངོས་འབྲེལ་དོན་ཐོག་ཏུ་འཁྱོལ་བ་བྱས་ཐོག་ཕན་འབྲས་ཐོན་པ་བྱས་ནས་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་སྤྱི་ཚོགས་ཡོངས་ཐུན་མོང་ཐོག་ཞུགས་པའི་རིག་གནས་ཤུལ་བཞག་སྲུང་སྐྱོང་ལམ་ལུགས་དང་མ་ལག་ཅིག་རིམ་བཞིན་ཆགས་པ་བྱེད་དགོས།

        “སྲུང་སྐྱོང་གཙོ་བོར་བྱེད་པ་དང་། མྱུར་སྐྱོབ་ཨང་དང་པོར་འཇོག་པ། ལུགས་མཐུན་བེད་སྤྱོད་བྱེད་པ། དོ་དམ་ལ་ཤུགས་སྣོན་རྒྱག་པ ”བཅས་ཀྱི་རིག་དངོས་ལས་ཀའི་བྱེད་ཕྱོགས་དང “སྲུང་སྐྱོང་གཙོ་བོར་བྱེད་པ་དང་། མྱུར་སྐྱོབ་ཨང་དང་པོར་འཇོག་པ། ལུགས་མཐུན་བེད་སྤྱོད་བྱེད་པ། རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ ”བཅས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ལས་ཀའི་བྱེད་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ཚད་མཐོའི་མཐོང་ཆེན་བྱེད་པ་དང་། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། འཆར་འགོད་དམ་འཛིན་བྱེད་པ་བཅས་བྱས་ཏེ་རིག་དངོས་སྲུང་སྐྱོང་དང་། ཉམས་གསོ། བེད་སྤྱོད། དོ་དམ་བཅས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་མངོན་མིན་རིག་གནས་ཤུལ་བཞག་གཏན་འཁེལ་དང་། སྲུང་སྐྱོང་། རྒྱུན་འཛིན་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་བོད་ཡིག་གི་གནའ་གཞུང་ཡོངས་ཁྱབ་ཞིབ་བཤེར་དང་། སྲུང་སྐྱོང་། བེད་སྤྱོད་བཅས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཚན་རིག་དང་མཐུན་པའི་རིག་པས་ཁུངས་སྐྱེལ་བྱེད་པའི་རྨང་གཞིའི་ཐོག་ས་ཆ་དེ་གའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་འཆར་འགོད་བཟོས་ཏེ་རྒྱང་རིང་གི་དམིགས་ཚད་དང་ཉེ་དུས་ཀྱི་ལས་འགན་འདོན་པ་དང་སྲུང་སྐྱོང་གི་ཁྱབ་ཁོངས་དང་སྲུང་སྐྱོང་གི་གཙོ་གནད་ཁ་གསལ་བཟོ་བ་དང་འབྲེལ་ལག་བསྟར་ནན་ཏན་བྱེད་དགོས། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་མཛུབ་ཁྲིད་དུ་བྱས་ཏེ་རིག་གནས་ཤུལ་བཞག་གི་དངོས་བདེན་རང་བཞིན་དང་ཆ་ཚང་རང་བཞིན་སྲུང་སྐྱོང་དང་ཁྲིམས་དང་ཚན་རིག་དང་མཐུན་པའི་སྒོ་ནས་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་དང་མྱུར་སྐྱོབ་དང་སྲུང་སྐྱོང་དང་བེད་སྤྱོད་བྱེད་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་གཅིག་གྱུར་འཆར་འགོད་དང་། གཙོ་གནད་མངོན་གསལ་དོད་པ། གོམ་སྟབས་དབྱེ་ནས་ལག་བསྟར་བཅས་བྱས་ཐོག་ཚན་རིག་དང་མཐུན་པའི་ངང་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་འོག་ལུགས་མཐུན་བེད་སྤྱོད་བྱེད་པ་དང་ལུགས་མཐུན་བེད་སྤྱོད་བྱེད་པའི་ཁྲོད་སྲུང་སྐྱོང་དང་རྒྱུན་འཛིན་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་དེང་རབས་ཚན་རིག་ལག་རྩལ་ཞིབ་འཇུག་དང་རིག་གནས་ཤུལ་བཞག་ཞིག་གསོ་བྱ་རྒྱུ་གང་ལེགས་སྤྱད་དེ་གནའ་རབས་ཀྱི་གསར་གཏོད་དང་བཟོ་རྩལ་གྲུབ་འབྲས་ལ་ཞིབ་འཇུག་བྱས་ནས་ཚན་རིག་དང་མཐུན་པའི་རིག་པས་ཁུངས་སྐྱེལ་བྱེད་པ་དང་། ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་པ། ཚན་རིག་དང་མཐུན་པའི་ཨར་ལས་བཅས་བྱས་ནས་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ཚན་རྩལ་ཆུ་ཚད་མཐོ་རུ་གཏོང་དགོས།

        ཉེ་རབས་དང་དེང་རབས་ཀྱི་གལ་ཆེའི་ལོ་རྒྱུས་ཀྱི་རྗེས་ཤུལ་དང་གསར་བརྗེའི་རིག་དངོས་སྲུང་སྐྱོང་ཏན་ཏིག་བྱས་ཏེ་རིག་དངོས་ཀྱི་ཚན་རིག་དང་། ལོ་རྒྱུས། སྒྱུ་རྩལ་བཅས་ཀྱི་རིན་ཐང་བསྔོགས་འདོན་གཏིང་ཟབ་བྱས་ནས་རིག་གནས་ཤུལ་བཞག་ལུགས་མཐུན་ངང་བེད་སྤྱོད་བྱེད་པ་དང་ཡུལ་སྐོར་སྤྲོ་འཆམ་དང་གསར་བརྗེའི་སྲོལ་རྒྱུན་སློབ་གསོའི་ཐད་ཀྱི་དེའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས། སྲུང་སྐྱོང་དང་རྒྱུན་འཛིན་བྱེད་སྟངས་གསར་གཏོད་ཀྱིས་ཕུན་སུམ་ཚོགས་པའི་ལོ་རྒྱུས་དང་གསར་བརྗེའི་རིག་གནས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས་དེར་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཕུན་སུམ་ཚོགས་པ་དང་འོད་སྟོང་འཕྲོ་བའི་ཤེས་དཔལ་ཡར་ཐོན་གྱི་གྲུབ་འབྲས་གསོན་ཉམས་དོད་པོས་མངོན་པར་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་མངོན་པར་བྱེད་པ། རྒྱལ་གཅེས་རིང་ལུགས་ཀྱིས་སྲོག་ཤིང་བྱས་པའི་མི་རིགས་ཀྱི་སྙིང་སྟོབས་དང་སྒྱུར་བཅོས་གསར་གཏོད་ཀྱིས་སྲོག་ཤིང་བྱས་པའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས། རིག་གནས་ཤུལ་བཞག་ཁྲོད་ཀྱི་གསར་བརྗེའི་རིག་དངོས་དང་གསར་བརྗེའི་རིག་རྩལ་སོགས་ཀྱི་ཐོན་ཁུངས་ལུགས་མཐུན་ངང་བེད་སྤྱོད་བྱས་ཏེ་གསར་བརྗེའི་ཡུལ་སྐོར་སྤྲོ་འཆམ་གྱི་ནང་དོན་རྒྱ་ཆེར་གཏོང་དགོས། རིག་དངོས་སྲུང་སྐྱོང་དང་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་གཏོང་བའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་ཡུལ་སྐོར་བྱེད་སྒོ་ཚང་མས་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོང་གཏན་འབེབས་དང་ལེན་ཞུས་ཏེ་རིག་དངོས་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྤེལ་ནས་ཡུལ་སྐོར་བྱེད་སྒོ་སྤེལ་བ་ལས་རིག་དངོས་སྲུང་སྐྱོང་ཐད་བཟོ་སྲིད་པའི་ཤུགས་རྐྱེན་ངན་པ་བཀག་འགོག་ཏན་ཏིག་བྱས་ཐོག་སྲུང་སྐྱོང་ཁྲོད་རྒྱུན་འཛིན་དང་རྒྱུན་འཛིན་ཁྲོད་འཕེལ་རྒྱས་ཡོང་བ་བྱེད་ཐུབ་པ་བྱེད་དགོས། དེ་དང་ཆབས་ཅིག་རིག་དངོས་དོ་དམ་དང་སྲུང་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ་དང་ཞིབ་འཇུག་ལས་དོན་གཏིང་གི་ཟབ་སྤེལ་རྒྱུར་དམིགས་ནས་སྲུང་སྐྱོང་གི་སྒྲིག་གཞི་དང་དཔུང་ཁག་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ལ་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱེད་པ་དང་འབྲེལ་རིགས་ཁག་གི་ཆེད་ལས་ལག་རྩལ་ཤེས་ལྡན་པ་གསོ་སྦྱོང་བྱས་ཏེ་རིག་དངོས་སྲུང་སྐྱོང་དཔུང་ཁག་གི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་རིག་དངོས་སྲུང་སྐྱོང་ལས་དོན་གྱི་ནུས་པ་ཆེ་རུ་གཏོང་དགོས། རྒྱུན་འཛིན་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་མིང་འདོགས་པ་དང་། མཚན་སྙན་སྤྲོད་པ། གཟེངས་བསྟོད་བྱས་ནས་བྱ་དགའ་སྤྲོད་པ། མ་དངུལ་ཐོག་ནས་རོགས་རམ་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་མུ་མཐུད་སྤྱད་དེ་མཚོན་བྱེད་བརྩམས་བྱའི་རྒྱུན་འཛིན་པ (ཚོགས་པ )ཁྲིད་སྦྱོང་བྱ་རྒྱུར་སྐུལ་ལྕག་ཧུར་ཐག་གཏོང་དགོས། རྒྱུན་འཛིན་དཔུང་ཁག་འཛུགས་སྐྲུན་བྱེད་པའི་ལས་དོན་ཁྲོད་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་མཁན་སྒྱུ་རྩལ་པ་སྲུང་སྐྱོང་དང་དེང་དུས་རིག་གནས་སྒྱུ་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་མི་རིགས་ཀྱི་དམངས་ཁྲོད་རིག་གནས་རྒྱུན་འཛིན་གྱིས་སྒྱུ་རྩལ་པ་རྒན་གྲས་ལ་སྲུང་སྐྱོང་བྱེད་པའི་ལས་དོན་ནན་ཏན་ངང་སྒྲུབ་སྟེ་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཉར་ཚགས་ཐུབ་པ་དང་། སྲུང་སྐྱོང་ཐུབ་པ། རྒྱུན་འཛིན་ཐུབ་པ་བཅས་བྱེད་དགོས། རང་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་བྱེད་པའི་ལས་དོན་ལ་ཕན་པ་ལྡན་པའི་དེང་དུས་རིག་གནས་སྒྱུ་རྩལ་གྱི་ཤེས་ལྡན་དཔུང་ཁག་གསོ་སྐྱོང་ཧུར་ཐག་བྱས་ཏེ་རང་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་ཤུལ་འཛིན་པ་ཡོད་པ་བྱེད་དགོས།

        མདོར་ན། རིག་གནས་སྒྲིག་གཞིའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་ང་ཚོས་ངེས་པར་དུ་བོད་ཀྱི་ཕུལ་བྱུང་རིག་གནས་ཤུལ་བཞག་བྱ་གཞག་ལ་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པར་ངོས་འཛིན་གང་ལེགས་བྱས་ཏེ་རང་རྟོགས་ངང་ལོ་རྒྱུས་དང་དུས་རབས་ཀྱིས་ང་ཚོར་སྤྲད་པའི་བླ་ན་མེད་པའི་འགན་འཁྲི་འཁུར་བ་དང་། ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཐབས་ལམ་རྒྱུན་ཆད་མེད་པར་གཏོད་པ། ཕུལ་བྱུང་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་། སྲོལ་རྒྱུན་རིག་གནས་ལ་ཞིབ་འཇུག རིག་གནས་ཀྱི་གྲུབ་འབྲས་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ་དེ་ཉིད་དེ་བས་ལེགས་པའི་སྒོ་ནས་སྤྱི་ཚོགས་ཀྱི་ཤེས་དཔལ་ཡར་ཐོན་གྱི་སྒུལ་ཤུགས་ལ་སྐུལ་འདེད་གཏོང་བྱེད་དུ་འགྱུར་བ་བྱས་ཐོག་བོད་ཀྱི་རིག་གནས་འཕེལ་རྒྱས་ཆེ་མོ་དང་དར་རྒྱས་ཆེ་མོ་ཡོང་བ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།