འདི་ལོ་ནི་རང་ལྗོངས་ཀྱི “མི་རིགས་མཐུན་སྒྲིལ་ཟླ་བ ”བཙུགས་ནས་ལོ་20འཁོར་བའི་ལོ་ཞིག་ཡིན། ལོ་མང་རིང་སྐབས་རིམ་བྱུང་གི་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་ལས་དོན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་མི་རིགས་ལས་དོན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དེ་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཏུ་ཐོག་མཐའ་བར་གསུམ་དུ་བརྩིས་ནས་དམ་འཛིན་བྱས་ཏེ་ནུས་ལྡན་གྱི་སྲིད་ཇུས་བྱ་ཐབས་རབ་དང་རིམ་པ་གཏན་འཁེལ་བྱས་པས་ཞི་བདེ་དང་། འཕེལ་རྒྱས། འདྲ་མཉམ། མཐུན་སྒྲིལ། རོགས་རེས། མཐུན་སྦྱོར་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ཡོད་ལ་དཔལ་འབྱོར་དང་སྤྱི་ཚོགས་བརྟན་ལ་མྱུར་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བས་ལྗོངས་ཡོངས་སུ་མི་རིགས་ཁག་གི་མི་དམངས་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། མཐུན་སྦྱོར་འཕེལ་རྒྱས་བཅས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་ཐོག་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་གསོན་ཤུགས་གསར་པའང་མངོན་ཡོད།
མི་རིགས་མཐུན་སྒྲིལ་གྱི་ལེའུ་གསར་པ་ཞིག་བརྩམས་པ། ཀྲུང་གོར་མི་རིགས་ཁག་ལ་མི་འབོར་མང་ཉུང་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཆེ་ཆུང་། ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་པ་འདྲ་ས་དང་མི་འདྲ་ས་བཅས་གང་ཞིག་ཡིན་རུང་ཚང་མ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེ་མོའི་ནང་འདྲ་མཉམ་གྱི་ཁོངས་མི་ཞིག་ཡིན། མི་རིགས་ཁག་གིས་སྤྱི་ཚོགས་འཚོ་བ་དང་འགྲོ་འོང་བྱེད་པའི་བརྒྱུད་རིམ་ནང་ལྟ་སྟངས་འདྲ་མཉམ་དང་། མཛའ་གྲོགས་མཉམ་གནས། ཕན་ཚུན་བརྩི་འཇོག ཕན་ཚུན་རོགས་རམ་བཅས་བྱེད་ཀྱི་ཡོད་པ་རེད།
བསྡོམས་རྩིས་ལ་གཞིགས་ན། བོད་དུ་སྤྱིའི་མི་འབོར་ཁྲི་290.03ཡོད་པ་དང་དེ་གར་རྒྱ་རིགས་དང་། མོན་པ་རིགས། ལྷོ་པ་རིགས། ཧུའེ་རིགས། འཇང་རིགས། སོག་པོ། སྟེང་པ་བ། ཤར་པ་བ་སོགས་མི་རིགས་མི་འདྲ་བ་40ལྷག་ཙམ་གྱི་སྤུན་ཟླ་འཚོ་བར་རོལ་བཞིན་ཡོད། ཡུན་རིང་ནང་བོད་ཀྱིས་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་དུས་མཚུངས་མི་རིགས་ལས་དོན་དེ་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ལ་ཐོག་མཐའ་བར་གསུམ་དུ་བརྩིས་ཏེ་མི་རིགས་ཁག་ཐུན་མོང་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་དར་རྒྱས་གོང་འཕེལ་གྱི་བརྗོད་བྱ་གཙོ་བོ་དེ་བློ་ལ་བརྟན་པོར་ངེས་ནས་ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བས “ཁ་འབྲལ་ཐབས་མེད་པ་གསུམ་གྱི ”བསམ་བློ་མི་སེམས་སུ་དེ་བས་ཟུག་ཐུབ་པ་བྱུང་ཡོད།
1990ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལོ་ལྟར་གྱི་ཟླ་བ་9པ་དེ “མི་རིགས་མཐུན་སྒྲིལ་ཟླ་བར ”གཏན་འཁེལ་བྱས་ཏེ་དེར་བརྟེན་ནས་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྔར་བས་སྐུལ་འདེད་བཏང་ཡོད། ད་བར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐེངས་ལྔ་སྔ་རྗེས་སུ་འཚོགས་པ་དང་སྔོན་ཐོན་མཉམ་སྡེབ་777དང་སྔོན་ཐོན་མི་སྒེར་1268ལ་གཟེངས་བསྟོད་ཐོབ་པ་རེད། ལོ་20བསྟུད་མར་ལོ་ལྟར་གྱི་ཟླ་བ་9པར་རང་ལྗོངས་སུ་རྣམ་པ་སྣ་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་དང་འབྲེལ་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་དཔེ་མཚོན་ཁག་གཅིག་ཐོན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་ཡོད།
མི་སེར་གྱི་འཚོ་བའི་རྣམ་པ་གསར་རྐྱང་དུ་གྱུར་པ།
1965ལོར་བོད་རང་སྐྱོང་ལྗོངས་དབུ་བཪྙེས་པ་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དེ་བོད་དུ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཤིང་། དུས་དེ་ནས་བཟུང་བོད་མི་དམངས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་འདེམས་བསྐོ་དང་གདམ་བྱའི་དབང་ཆ་ལག་བསྟར་ཧུར་ཐག་བྱས་ཐོག་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བདམས་པ་དང་འབྲེལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བརྒྱུད་རྒྱལ་ཁབ་དང་ས་གནས་ཀྱི་ལས་དོན་ལ་དོ་དམ་བྱེད་པའི་ནང་ཞུགས་ཡོད།
བསྡོམས་རྩིས་ལ་གཞིགས་ན། ད་ཆ་འགན་བཞེས་བཞིན་པའི་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པའི་ཁྲོད་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས་80%བཟུང་ཡོད་པ་དང་། ལྗོངས་ཡོངས་སུ་དམངས་གཙོས་འདེམས་བསྐོ་བྱས་པ་བརྒྱུད་ཤང་དང་གྲོང་དཔོན་དང་རྫོང་དཔོན་དུ་བདམས་པའི་འགོ་ཁྲིད་པའི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས་98%ཡན་བཟུང་ཡོད་པ། སྐབས་རིམ་བྱུང་གི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་དང་ཞིབ་དཔྱོད་ཁང་དང་ཁྲིམས་ཁང་གི་འགོ་ཁྲིད་པ་གཙོ་བོ་ཚང་མ་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པས་འགན་འཁུར་ཡོད་པ་བཅས་རེད། ཏང་གི་གསོ་སྐྱོང་འོག་མི་རིགས་ལས་བྱེད་པ་འབོར་ཆེན་འགོ་ཁྲིད་ལས་གནས་ཐོག་བསྐྱོད་པ་དང་། བོད་རིགས་ལས་བྱེད་པས་གཙོ་བོ་བྱེད་པའི་ནང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གཞན་དག་ཚུད་པའི་ལས་བྱེད་པའི་དཔུང་ཁག་བོད་ཀྱི་འགོ་ཁྲིད་ལས་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།
མི་འབོར་ཉུང་ཙམ་གྱི་མི་རིགས་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་གཏོང་ཆེད་རང་ལྗོངས་ཀྱིས་སྔ་རྗེས་སུ་མོན་པ་རིགས་དང་། ལྷོ་པ་རིགས། འཇང་རིགས་བཅས་འདུས་སྡོད་ཁུལ་དུ་མི་རིགས་ཤང་8བཙུགས་པ་དང་མི་རིགས་ཤང་བཙུགས་པ་དེས་མོན་པ་རིགས་དང་ལྷོ་པ་རིགས་སོགས་ལྗོངས་ནང་ཁུལ་དུ་མི་འབོར་ཉུང་ཙམ་གྱི་མི་རིགས་ལ་མི་རིགས་འདྲ་མཉམ་དང་རང་ཐག་རང་གཅོད་ཀྱི་དབང་ཆ་ལོངས་སྤྱོད་གང་ལེགས་བྱ་རྒྱུ་ཡོད་པ་མ་ཟད་མི་འབོར་ཉུང་ཙམ་གྱི་མི་རིགས་འདུས་སྡོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་ཐོག་རྨང་གཞིའི་སྒྲིག་བཀོད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་ཀྱང་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།
མི་རིགས་ཁག་གི་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱ་ཆེད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་ད་དུང་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་དང་བོད་ཀྱི་དོན་དངོས་དང་འཚམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་གཅིག་གཏན་འཁེལ་བྱས་པ་རེད།
སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ཆེན་པོ་བྱུང་བ།
མི་རིགས་མཐུན་སྒྲིལ་ནི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་གྱི་སྒུལ་ཤུགས་ཆེན་པོ་དང་གཞི་རྩའི་འགན་ལེན་ཡིན། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་ཏང་གི་མི་རིགས་སྲིད་ཇུས་ལས་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།
སློབ་གསོའི་ཐད་རྨང་གཞིའི་སློབ་གསོ་དང་། མཐོ་རིམ་སློབ་གསོ། བྱིས་པའི་སློབ་གསོ། དར་མའི་སློབ་གསོ། ལས་རིགས་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ཚུད་པའི་དེང་རབས་ཀྱི་མི་རིགས་སློབ་གསོའི་མ་ལག་ཅིག་ཆགས་ཡོད་པ་དང་ལྗོངས་ཡོངས་སུ “ལོ་དྲུག་གི་འོས་འགན་སློབ་གསོ་ཁྱབ་གདལ་གཏོང་བ ”དང་ཡིག་རྨོངས་སེལ་བའི་ལས་འགན་ཁྱོན་ཡོངས་ནས་བསྒྲུབས་ནས་རྫོང་མང་ཆེ་བར “ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་བཏང་ཡོད། ” ཞིང་འབྲོག་མང་ཚོགས་སྨན་བཅོས་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད་རང་ལྗོངས་སུ་སྨན་རིན་མི་དགོས་པར་སྨན་བཅོས་བྱ་རྒྱུ་རྨང་གཞིར་བྱེད་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ལག་བསྟར་བྱས་ཡོད། རྨང་གཞིའི་འཛུགས་སྐྲུན་ཐད་ཏང་དང་སྲིད་གཞུང་གིས་མ་དངུལ་འབོར་ཆེན་བཏང་ནས་ལམ་བསྐྲུན་པ་དང་ཟམ་པ་བརྒྱབ་སྟེ་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཆེས་ཆེར་བཏང་བ་མ་ཟད། ལྷག་པར་དུ་མཚོ་བོད་ལྕགས་ལམ་བསྐྲུན་པ་དེས་བོད་ཀྱི་འཕེལ་རྒྱས་ལོ་རྒྱུས་ཀྱི་དུས་རབས་གསར་པ་ཕྱེ་ཡོད། ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གྲྭ་ལག་བསྟར་བྱས་པ་དེས་མང་ཚོགས་ཚོ་བདེ་འཇགས་ལྡན་ལ་སྤྱོད་གོ་ཆོད་པའི་ཁང་པ་གསར་པའི་ནང་སྡོད་རྒྱུ་བྱུང་ཐོག་སྡོད་ཁང་གི་ཆ་རྐྱེན་ཡང་ལེགས་སུ་ཆེན་པོ་ཕྱིན་ཡོད།
འཆམ་མཐུན་རྣམ་པ་གངས་ལྗོངས་ཀུན་ལ་ཁྱབ། མཐུན་སྒྲིལ་མེ་ཏོག་ས་མཐོར་རབ་ཏུ་བཞད།
ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་འབད་འཐབ་དང་འཆམ་མཐུན་མཉམ་གནས་བྱུང་བ་དང་བདེ་སྐྱིད་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་བོད་ལྗོངས་གསར་པ་དེ་མྱུར་བགྲོད་ལམ་བུའི་ཐོག་སྐྱོད་བཞིན་ཡོད།