དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • “ཁ་འབྲལ་ཐབས་མེད་པ་གསུམ”གྱི་སྤུན་ཟླའི་བརྩེ་སེམས་ནམ་མཁའི་མཐའ་དང་མཉམ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        “རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་འབྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་འབྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་ཁག་དབར་ཕན་ཚུན་ཁ་འབྲལ་ཐབས་མེད ”པའི “ཁ་འབྲལ་ཐབས་མེད་པ་གསུམ ”ནི་རང་རྒྱལ་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་གལ་ཆེའི་མཛུབ་ཁྲིད་བསམ་བློ་དང་བྱ་སྤྱོད་ཀྱི་ཚད་འཛིན་ཞིག་ཀྱང་རེད།

        བོད་རིགས་གཙོ་བོ་བྱེད་པའི་མི་རིགས་མང་པོ་འདུས་སྡོད་བྱ་ཡུལ་གྱི་བོད་ལྗོངས་སུ་བོད་དང་། རྒྱ། ཧུད། མོན་པ། ལྷོ་པ། འཇང་སོགས་མི་རིགས་40ལྷག་གི་སྤུན་ཟླ་འཚོ་བར་རོལ་བཞིན་ཡོད། ཡུན་རིང་གི་ལོ་རྒྱུས་འཕེལ་རིམ་ཁྲོད་མི་རིགས་ཁག་གི་མི་དམངས་ཚོ་མཐུན་སྒྲིལ་མཉམ་རོགས་དང་འཆམ་མཐུན་མཉམ་གནས་ངང་ཤ་ཁྲག་འདྲེས་པ་ལྟ་བུའི་སྤུན་ཟླ་བཞིན་གྱི་བརྩེ་སེམས་ཀྱིས་དམ་པོར་བཅིངས་ཡོད།

        དེང་སྐབས་བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་དར་རྒྱས་གོང་འཕེལ་དང་། འཆམ་མཐུན་བརྟན་ལྷིང་ཡིན་པ་དེས་རང་ལྗོངས་ཀྱི་མི་རིགས་འབྲེལ་བ་འཆམ་མཐུན་སྲ་བརྟན་ར་སྤྲོད་བྱེད་ཐུབ་ལ་རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྱིམ་ཚང་གཅིག་གི་སྤུན་བཞིན་གྱི་ཤ་ཁྲག་འདྲེས་པ་ལྟ་བུའི་འབྲེལ་བ་ནི་གཞོམ་ཞིག་མེད་པ་ཞིག་ཡིན་པ་དེ་བས་ཀྱང་ར་སྤྲོད་ཐུབ་ཡོད།

        འཚོ་བ་མཉམ་དུ་རོལ། བརྩེ་སེམས་མཚོ་ལས་ཟབ།

        ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་དོན་གཅོད་ཁང་དུ་བོད་དང་། རྒྱ། ཧུད་སོགས་མི་རིགས་ཁག་གི་མང་ཚོགས་འདུས་སྡོད་བྱེད་པའི་སྒོ་ར་199ཡོད་ཅིང་། ལྷ་སར་ཚོང་རྒྱག་པ་དང་ལས་དོན་སྒྲུབ་མཁན་ཡུལ་གཞན་གྱི་མིའི་ཁྲོད་ནས་མི་2000ལྷག་གིས་བོད་རིགས་གྲོང་མིའི་ཁང་པ་ཡུན་རིང་གླས་ནས་བསྡད་ཡོད། བར་སྐོར་ཁྲོམ་གཞུང་གི་སྲང་ལམ་ཀྱག་ཀྱོག་བརྒྱུད་ནས་འགྲོ་དུས་ཕྱོགས་གང་ས་ནས་མི་རིགས་མཐུན་སྒྲིལ་དང་ཕན་ཚུན་རོགས་རམ་བྱས་པའི་གཏམ་བཟང་ཐོས་རྒྱུ་ཡོད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྗེ་འབུམ་སྒང་འཕྱོངས་རྒྱས་ཁང་བཟང་གི་སྒོ་རའི་ནང་དུ་འཚོ་བའི་གོམས་སྲོལ་མི་འདྲ་བ་དང་སྐད་ལུགས་མི་འདྲ་བའི་བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མང་ཚོགས་བསྡད་ཡོད། ཐོག་བརྩེགས་གསུམ་ལྡན་གྱི་བོད་ལུགས་ཁང་པའི་སྒོ་ར་གཅིག་ནང་དུ་ཁྱིམ་དུད་22མཉམ་དུ་བསྡད་ཡོད་པ་དང་། གྲོང་མི་ཚོ་འཚོ་བ་དེ་ཙམ་ཕྱུག་པོ་མེད་མོད། འོན་ཀྱང་ཁོང་ཚོ་མཐུན་སྒྲིལ་མཉམ་རོགས་ངང་ཁྱིམ་ཚང་གཅིག་ལྟར་འཆམ་མཐུན་ཡོད། “མི་རིགས་སུ་འདྲ་ཞིག་ཡིན་རུང་སྒོ་ར་འདིའི་ནང་སྡོད་མཁན་ཚང་མ་ཁྱིམ་ཚང་གཅིག་གི་མི་ཡིན ”ཞེས་དགུང་ལོ་60ལ་སླེབས་པའི་བོད་རིགས་ཀྱི་ཨ་མ་རྒན་མོ་ཚེས་གསུམ་གྱིས་བཤད།

        ཅང་ཤིན་ཡུས་ལོ་འགའི་གོང་ཁོང་གི་བཟའ་ཟླ་ཀྲོའུ་ཤིན་ཀྲུང་དང་ལྷན་དུ་སི་ཁྲོན་སུའེ་ཉིང་ནས་ལྷ་སར་ཚོང་རྒྱག་པར་ཡོང་། ཀྲོའུ་ཤིན་ཀྲུང་ལ་ཚལ་བཟོ་རྩལ་ཡག་པོ་ཡོད་པར་བརྟེན་བཟའ་ཚོ་གཉིས་པོས་སྒོ་རའི་སྒོ་འགྲམ་ནས་ཁང་པ་ཞིག་གླས་ཏེ་ཟ་ཁང་ཆུང་ཆུང་ཞིག་བཙུགས་པ་རེད། བཟའ་ཚོ་གཉིས་པོས་དཀའ་སྤྱད་འབད་འཐབ་བྱས་པའི་ཐོག་ཟ་ཁང་གི་གནས་ཡུལ་ཁྲོམ་གཞུང་འཁྲུག་ས་ཡིན་པའི་དབང་གིས་ཚོང་ཡག་པོ་ཡོད་པ་རེད། ལོ་51ཡིན་པའི་ཅང་ཤིན་ཡུས་ཀྱིས “སྒོ་ར་འདིའི་ནང་ལ་འཚོ་བ་སྐྱེལ་མཁན་གྱི་གྲོང་མི་ཚོ་ནང་མི་གཅིག་དང་འདྲ་བར་ཚང་མས་རྒྱུན་དུ་ཟ་མ་མཉམ་ཟ་དང་གླེང་མོལ་མཉམ་དུ་བྱེད་ཀྱི་ཡོད ”ཅེས་བཤད། སྒོ་རའི་ཙུའུ་ཀྲང་ཡིན་པའི་ཨ་མ་ཚེས་གསུམ་གྱིས་བོད་ཀྱི་ལོ་གསར་ཤར་དུས་སྒོ་རའི་ནང་གི་བོད་རིགས་གྲོང་མིས “ཕྱེ་མར ”དང་ཆང་ཕུད་ཁྱེར་ནས་ཁྱིམ་མཚེས་ཀྱི་རྒྱ་རིགས་དང་ཧུད་རིགས་ལ་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད་ཅེས་བཤད།

        རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ཡང་ཀོང་ཧུང་གིས “བོད་དུ་ལོ་30ལྷག་གི་རིང་ང་འཚར་ལོངས་བྱེད་པའི་བརྒྱུད་རིམ་ནང་བོད་རིགས་དང་། རྒྱ་རིགས་དེ་བཞིན་མི་རིགས་གཞན་པའི་ལས་བྱེད་དང་མང་ཚོགས་ཚོས་བློ་ནུས་གང་ཡོད་བཏོན་པས་ང་ལ་དུས་དང་རྣམ་པ་ཀུན་ཏུ་ཁྱིམ་ཚང་གི་དྲོ་སྐྱིད་ཟབ་མོ་ཞིག་ཚོར་གྱི་འདུག ངས་བོད་ཀྱི་ལོ་བཅུ་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་དང་དོན་དངོས་ཀྱི་དཔང་པོ་བྱེད་ཐུབ། ང་ལ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མེད་ན་དེ་རིང་གི་དར་རྒྱས་གོང་འཕེལ་འགྲོ་བའི་བོད་གསར་པ་འདི་ཡོད་མི་སྲིད་པ་དང་། བརྟན་ལྷིང་མཐུན་སྒྲིལ་གྱི་སྤྱི་ཚོགས་ཁོར་ཡུག་མེད་ན་བོད་མི་དམངས་ཀྱིས་ཀྱང་འདི་ལྟ་བུའི་འཚོ་བ་ཡག་པོ་སྐྱེལ་མི་ཐུབ་པའི་མྱོང་ཚོར་ཟབ་མོ་བྱུང ”ཅེས་ཚོར་སྣང་ཟབ་མོའི་སྒོ་ནས་བཤད།

        དཀའ་སྡུག་མཉམ་མྱོང་། འཆི་གསོན་མཉམ་གནས།

        འདས་ཟིན་པའི་དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་ལོ་ཟླའི་ནང་ཐན་སྐྱོན་དང་། ཆུ་ལོག གངས་ཆར་འཁྱགས་ཐེབས། ས་ཡོམ་སོགས་རང་བྱུང་གནོད་འཚེ་སྣ་ཚོགས་ཀྱི་འཇབ་རྒོལ་ཕོག་དུས་གངས་ལྗོངས་ས་མཐོར་འཚར་ལོངས་བྱུང་བའི་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་མཐུན་སྒྲིལ་མཉམ་རོགས་བྱས་པས་དཀའ་ངལ་དང་ཉེན་ཁ་རབ་དང་རིམ་པ་མང་པོ་ལས་སྒྲོལ་ཐུབ་ནས་སེམས་འགུལ་ཐེབས་ཐུབ་པ་དང་ཟིལ་རླབས་དགུང་འཕྱུར་གྱི་མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་དེབ་ཐེར་ཞིག་བརྩམས་ཡོད།

        2008ལོའི་ཟླ་3ཚེས་14ཉིན་ལྷ་སར་རྡུང་གཅོག་འཕྲོག་སྲེག་གི་གཏུམ་སྤྱོད་ཀྱི་ཉེས་གསོག་བྱེད་སྤྱོད་ཚབས་ཆེན་ཐོན་སྐབས་གཏུམ་སྤྱོད་ཀྱི་ཁྲོད་དུ་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་འཆི་གསོན་མཉམ་གནས་དང་ཕན་ཚུན་སྲུང་སྐྱོང་བྱས་ནས་ཆེས་ཚ་ནན་གྱི་འགོག་རྒོལ་བྱས་ཡོད། བཪྙན་འཕྲིན་གྱི་པར་རིས་ནང་བོད་རིགས་སྨན་པ་བློ་བཟང་ཚེ་རིང་གིས་རྒྱ་རིགས་ཕྲུ་གུ་ཞིག་པང་དུ་དམ་པོར་བཟུང་ནས་དབྱུག་པ་དང་རྡོ་རང་ཉིད་ཀྱི་གཟུགས་པོས་འགོག་པའི་གནས་ཚུལ་དེར་ལྷ་ས་གྲོང་ཁྱེར་ཡོངས་སེམས་འགུལ་ཐེབས་པ་མ་ཟད། མེས་རྒྱལ་གྱི་ཡུལ་གྲུ་ཀུན་ལ་ཡང་སེམས་འགུལ་ཐེབས་ཡོད།

        2008ལོའི་ཟླ་10ཚེས་6ཉིན་ལྷ་ས་གྲོང་ཁྱེར་གྱི་འདམ་གཞུང་རྫོང་དུ་ས་ཡོམ་རིམ་པ་6.6བརྒྱབ་པ་རེད། དཀའ་ཉེན་ཆེ་བའི་སྐབས་དེར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཕོ་མོ་རྒན་གཞོན་དང་། མི་རིགས་ཀྱི་དབྱེ་བ་མེད་པར་བློ་སེམས་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་ངང་ཐུན་མོང་ཐོག་རང་བྱུང་གནོད་འཚེ་འགོག་པའི་འགོག་རགས་སྲ་ཞིང་བརྟན་པ་ཞིག་བརྒྱབ་ཡོད། གནོད་འཚེའི་རྗེས་སུ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཕན་ཚུན་སྐུལ་ལྕག་དང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་ཁྱིམ་གཞིས་བསྐྱར་སྐྲུན་གྱི་ནང་དུ་ཞུགས་པ་རེད།

        2008ལོའི་ཟླ་10ཚེས་26ནས་ཚེས་28ཉིན་བར་རང་ལྗོངས་སུ་ལོ་རྒྱུས་ཐོག་མཐོང་དཀོན་བའི་ཁ་བ་བུ་ཡུག་འཚུབ་པའི་གནམ་གཤིས་ཀྱིས་ལྷོ་ཁ་དང་། ཆབ་མདོ། ནག་ཆུ། ཉིང་ཁྲི་སོགས་ས་ཁུལ་གྱི་རྫོང་19ལ་གནོད་འཚེ་ཕོག་ཡོད། གངས་སྐྱོན་ཕོག་རྗེས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་བརྩེ་སེམས་ཟབ་མོ་འཆང་བཞིན་དུ་གནོད་འགོག་གེགས་སེལ་གྱི་ནང་དུ་ཧུར་ཐག་ཞུགས་ཡོད། གེགས་ཁུལ་དུ་སྐྱོད་པ་དང་། འཁྱག་པས་འགག་པའི་ལམ་བུ་བཤངས་པ། དགོས་མཁོ་ཆེ་བའི་སྲིན་བལ་གྱི་ཕོ་ཁེབས་དང་། གྱོན་ཆས། བཟའ་བཅའ་སོགས་དངོས་ཟོག་དཀའ་གནད་འཕྲད་པའི་གེགས་ཁུལ་མང་ཚོགས་ཀྱི་ལག་ཏུ་བསྐྱལ།

        གནོད་འཚེའི་མདུན་དུ་མི་རིགས་ཁག་གིས་མཐུན་སྒྲིལ་རྩ་ཆེན་ཡིན་པ་དེ་བས་མྱོང་ཚོར་བྱུང་ཡོད་པ་དང་། གནོད་འཚེའི་མདུན་དུ་མི་རིགས་ཁག་དབར་གྱི་བརྩེ་དུང་སྔར་བས་ཟབ་ཏུ་ཕྱིན་ཡོད་པ། གནོད་འཚེའི་མདུན་དུ་མི་རིགས་ཁག་དབར་ཕན་ཚུན་རོགས་རམ་གྱི་ལག་ཟུང་དེ་བས་དམ་དུ་སོང་ནས་ཕན་ཚུན་འབྲལ་ཐབས་མེད་པར་གྱུར་ཡོད།

        ཕྱར་བ་གྲུ་འདེགས་ཀྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད།

        སྨན་གླིང་རྫོང་གི་གནས་ཡུལ་ལྷོ་པ་མི་རིགས་ཤང་གི་ལྷོ་པ་མི་རིགས་གྲོང་ཚོའི་གྲོང་མི་800ལྷག་ཙམ་གྱིས་ནམ་ཡང་བརྗེད་མི་སྲིད་པ་ནི་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་པ་དང་བོད་རིགས་དང་རྒྱ་རིགས་སོགས་མི་རིགས་ཁག་གི་མི་དམངས་ཀྱིས་རོགས་རམ་བྱས་ཏེ་དབུལ་པོ་དབུལ་རྐྱང་ཡིན་པའི་ལྷོ་པ་བ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱུང་ཡོད། ལོ་5ཡི་རིང་རྒྱལ་ཁབ་ཀྱིས་གནས་ཡུལ་ལྷོ་པ་མི་རིགས་ཤང་ལ་འཕེལ་རྒྱས་གཏོང་བའི་མ་དངུལ་སྒོར་ཁྲི་400ལྷག་ཙམ་སྤྲད་དེ་ཤང་དེ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་3གྱི་གཞུང་ལམ་དང་། འཐུང་ཆུ། གློག་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་བ་དང་མང་ཚོགས་དུད་ཚང་35ལ་སྡོད་ཁང་གསར་སྐྲུན་བྱས་པ་རེད། ན་ནིང་ཤང་དེ་ཡོངས་ཀྱི་ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་3000ལས་བརྒལ་ཡོད་པ་རེད།

        མི་རིགས་ཁག་གི་མང་ཚོགས་ཀྱིས་ཕན་ཚུན་རོགས་རམ་བྱས་ནས་མཉམ་དུ་ཕྱུག་པོ་ཆགས་པའི་གནས་ཚུལ་དེ་རིགས་གངས་ལྗོངས་ས་མཐོའི་ས་ཆ་གང་སར་ཐོན་གྱི་ཡོད།

        རང་སྐྱོང་ལྗོངས་ཀྱི་ལོ་45རིང་གི་འཕེལ་རྒྱས་ལོ་རྒྱུས་ལ་ཕྱིར་དྲན་བྱེད་པ་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་ཀྱི་ལོ་རྒྱུས་ཀྱི་ཤོག་བུ་རེ་རེའི་ཐོག་བོད་མི་རིགས་ཁག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་མཉམ་དུ་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་དོན་དངོས་འཁོད་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་དར་ཆ་མཐོན་པོར་བསྒྲེངས་ཏེ “ཁ་འབྲལ་ཐབས་མེད་པ་གསུམ ”གྱི་མཛུབ་ཁྲིད་བསམ་བློ་རྒྱུན་འཁྱོངས་བྱས་ནས་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཕུལ་བྱུང་བཏོད་ཡོད།

        བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་དཔུང་པ་མཉམ་གཤིབ་ཀྱིས་འབྱོར་འབྲིང་གི་ཕྱོགས་སུ་སྐྱོད་པའི་ལམ་བུའི་ཐོག “ཁ་འབྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་དེ་ཉིན་རེ་བཞིན་མ་བསྡད་པར་བོད་མི་རིགས་ཁག་གི་མི་དམངས་ཀྱི་སེམས་གཏིང་དུ་གནས་པ་མ་ཟད “མི་རིགས་ཁག་གི་མི་དམངས་ཀྱིས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་པ ”ང་ཚོས་དགའ་སྤྲོའི་ངང་མཐོང་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།