དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ཟླ་བ་དགུ་པའི་ས་མཐོར་རླུང་གིས་བསིལ་ངད་ཀུན་ལ་སྦྱིན། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་སྤོབས་སེམས་ཀྱིས་ཁེངས་བཞིན་དུ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་བའི་སྐབས་དེར་ང་ཚོས་རང་སྐྱོང་ལྗོངས་ཀྱི “མི་རིགས་མཐུན་སྒྲིལ་ཟླ་བ ”ཐེངས་ཉི་ཤུ་པ་བསུས། ལོ་ངོ་ཉི་ཤུ་ཡི་ནང་དཔྱིད་ཀར་མེ་ཏོག་བཞད་ཅིང་། སྟོན་ཀར་འབྲས་བུ་ཐོགས། ལེ་དབར་ཁྲི་ཡི་ས་མཐོར་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད། ཏང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བློ་རྩེ་གཅིག་སྒྲིམ་དང་མཐུན་སྒྲིལ་དམ་ཟབ་ཀྱིས་གོང་བུ་འགྲིལ་ཤུགས་ཆེན་པོ་དང་གསར་གཏོད་ནུས་པ་ཆེན་པོ་མངོན་པར་བྱས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། ཆབ་སྲིད་བརྟན་པོ། རིག་གནས་དར་རྒྱས། སྤྱི་ཚོགས་ཡར་ཐོན་བཅས་ཀྱི་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།  

        བོད་ལྗོངས་ནི་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས། ལྷོ་པ་རིགས། མོན་པ་རིགས། འཇང་རིགས་སོགས་མི་རིགས་40ལྷག་ཙམ་ལས་གྲུབ་པ་ཞིག་དང་བོད་རིགས་ཀྱིས་གཙོ་བོ་བྱེད་པའི་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་ལྗོངས་ཤིག་ཡིན་པས་མི་རིགས་ལས་དོན་དེ་ཏང་དང་མི་དམངས་ཀྱི་བྱ་གཞག་གོང་འཕེལ་གཏོང་བའི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་ལས་དོན་གལ་ཆེན་ཞིག་ཐོག་མཐའ་བར་གསུམ་དུ་ཡིན་པ་དང་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ལམ་བུའི་ཐོག་སྐྱོད་སྐབས་ངེས་པར་དུ་ཐག་གཅོད་ཡག་པོ་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་ཐོག་མཐའ་བར་གསུམ་དུ་ཡིན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་ལོ་20བསྟུད་མར་ལོ་ལྟར་གྱི་ཟླ་བ་9པ་དེ “མི་རིགས་མཐུན་སྒྲིལ་ཟླ་བར ”བྱས་ནས་ལྗོངས་ཡོངས་སུ་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་ཏང་གི་མི་རིགས་སྲིད་ཇུས་ནང་དོན་གཙོ་བོར་བྱེད་པའི་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། རྒྱལ་གཅེས་རིང་ལུགས་དང་། མཉམ་སྡེབ་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་སྤེལ་བ། “ཁ་འབྲལ་ཐབས་མེད་པ་གསུམ ”གྱི་སློབ་གསོ་སྤེལ་བ་བཅས་བྱས་ནས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། གཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་གོང་འཕེལ་བཏང་ཡོད། ད་ལྟ་བོད་དུ་མི་རིགས་ཁག་གི་མི་དམངས་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་བྱས་པ་དེ་མི་རིགས་འབྲེལ་བའི་རང་སྟོབས་ཀྱི་རྟ་དབྱངས་གཙོ་བོར་གྱུར་ཡོད། མི་རིགས་ཁག་དབར་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་དར་རྒྱས་གོང་འཕེལ་གཏོང་རྒྱུ་དེ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་གངས་ལྗོངས་ས་མཐོར་གསར་འབྱེད་ཡར་བརྩོན་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་སུ་གྱུར་ཡོད། མི་རིགས་ཁག་གིས་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་བདེ་སྐྱིད་ལྡན་པའི་འཚོ་བ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་དེ་མི་རིགས་ཁག་གི་མང་ཚོགས་ཀྱིས་ཐུན་མོང་དོན་གཉེར་བྱེད་ས་དང་རང་རྟོགས་ཀྱི་བྱ་སྤྱོད་ལ་གྱུར་ཡོད། ལོ་རྒྱུས་ཀྱི་ཉམས་མྱོང་ཐོག་ནས་མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚེ་སྲོག་ལམ་བུ་ཞིག་དང་ང་ཚོས་ལས་དོན་ཐམས་ཅད་ཡག་པོ་བསྒྲུབས་པའི་གཞི་རྩའི་སྔོན་འགྲོ་དང་འགན་ལེན་གལ་ཆེན་ཞིག་ཀྱང་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད།

        མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་ཐུན་མོང་དར་རྒྱས་གོང་འཕེལ་གཏོང་རྒྱུ་དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བའི་ངོ་བོའི་བླང་བྱ་ཞིག་དང་། དུས་སྐབས་གསར་པའི་རང་རྒྱལ་གྱི་མི་རིགས་ལས་དོན་གྱི་བརྗོད་དོན་གསར་ཤོས་དེ་ཡིན། བློ་མཐུན་ཧུའུ་ཅིན་ཐའོ་ཡིས “མི་རིགས་ཁག་ཐུན་མོང་དར་རྒྱས་གོང་འཕེལ་ཡོང་བ་བྱེད་པ་ནི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པའི་དམིགས་ཚད་གལ་ཆེན་ཞིག་ཡིན ”ཞེས་བསྟན་གནང་ཡོད། དེང་སྐབས་བོད་ཀྱི་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ཡོད་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པས “མི་རིགས་མཐུན་སྒྲིལ་འགན་ལེན་དུ་བྱེད ”ཅེས་པ་དེ་དེང་སྐབས་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་གི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་བསམ་བློའི་ནང་འཁོད་པ་དེ་ཐོག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བ་དེ་རང་ལྗོངས་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་པ་དང་མི་རིགས་ལས་དོན་ཡག་པོ་བསྒྲུབས་ཆེད་ཞིབ་འཇུག་བྱ་གཞི་གསར་པ་དང་དེ་བས་མཐོ་བའི་རེ་འདུན་ཡང་བཏོན་ཡོད་པ་གསལ་བཤད་གང་ལེགས་བྱས་ཡོད། ལོ་རྒྱུས་ཀྱི་དུས་སྐབས་གསར་པར་ང་ཚོའི་མི་རིགས་ཁག་གིས་ཐུན་མོང་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་ཐུན་མོང་དར་རྒྱས་གོང་འཕེལ་འགྲོ་བའི་བརྗོད་དོན་གཙོ་བོ་སྟངས་འཛིན་ནན་པོ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཏན་ཏིག་སྤེལ་དགོས། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བཏང་ཚེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ངར་ལྕགས་ལྟ་བུའི་ལྕགས་རི་རིང་པོ་ཞིག་གཞི་ནས་བསྐྲུན་ཐུབ་པ་དང་། བོད་དུ་ཏང་གི་སྲིད་སྐྱོང་རྨང་གཞི་སྔར་བས་སྲ་བརྟན་དུ་གཏོང་ཐུབ་པ། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་གཞི་ནས་སྒུལ་ཤུགས་ཆེན་པོ་ཞིག་ལྡན་ཐུབ་པ་བཅས་རེད།

        མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་དངོས་ཡོད་ཕན་འབྲས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་པའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་ཀྱི་ལས་འགན་གལ་ཆེན་ཨང་དང་པོ་དེར་དམ་འཛིན་ནན་པོ་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་དངོས་པོའི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས། འཕེལ་རྒྱས་ནི་བོད་ཀྱི་གནད་དོན་ཐམས་ཅད་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་དང་། མི་རིགས་ཁག་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་རྩ་བའི་ཐབས་ལམ་ཞིག་ཡིན། རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་དཔལ་འབྱོར་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བའི་གནས་ཚུལ་འོག་ང་ཚོས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བཏང་ཚེ་རྒྱལ་ཡོངས་ཀྱི་འཕེལ་རྒྱས་གོམ་སྟབས་ཀྱི་རྗེས་སུ་སྙེགས་ཐུབ་པ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འབད་འབུངས་ཀྱི་དམིགས་ཡུལ་འགན་ལེན་བྱེད་ཐུབ་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་དངོས་པོའི་རྨང་གཞི་གཞི་ནས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་ཐུབ། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ཀྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་དེ “ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེན་གཏོང་བ ”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་དེ་བས་ལེགས་པ་དང་། དེ་བས་མྱུར་པོ། དེ་བས་ཆེ་བ་བཅས་ཀྱི་འཕེལ་རྒྱས་ཡོང་བ་བྱེད་དགོས།

        མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་ཕན་འབྲས་དངོས་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། དམངས་འཚོ་འགན་ལེན་བྱ་རྒྱུ་དེ་ངེས་པར་དུ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབ་སར་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་མང་ཚོགས་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས། འཕེལ་རྒྱས་གཏོང་བའི་དམིགས་ཡུལ་གཙོ་བོ་ནི་དམངས་འཚོ་ལེགས་སུ་གཏོང་རྒྱུ་དེ་ཡིན། དམངས་འཚོ་འགན་ལེན་དང་ལེགས་གཏོང་བྱས་ཚེ་དཔལ་འབྱོར་འཕེལ་རྒྱས་ལ་ཡུན་རིང་གི་སྒུལ་ཤུགས་ཤིག་ལྡན་ཐུབ་པ་དང་སྤྱི་ཚོགས་ཡར་ཐོན་ལ་རྨང་གཞི་བརྟན་པོ་ཞིག་གཞི་ནས་གཏིང་ཐུབ་ལ་རྒྱལ་ཁབ་གཞི་ནས་ཡུན་རིང་བདེ་འཁོད་ཡོང་ཐུབ། ངེས་པར་དུ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྨང་གཞིའི་ཐོག་དམངས་འཚོ་ལེགས་གཏོང་གཙོ་བོར་བྱེད་པའི་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས། མི་རིགས་ཁག་གི་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ནས་མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོའི་རིག་གནས་འཚོ་བའི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ་དང་མི་རིགས་ཁག་གི་མང་ཚོགས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐུན་མོང་ཐོག་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱས་ནས་མི་རིགས་ཁག་གི་ཀྲུང་ཧྭ་མི་རིགས་ཀྱི་གཏོགས་སེམས་དང་། ཀྲུང་ཧྭ་རིག་གནས་ཀྱི་མོས་སེམས། རླབས་ཆེན་མེས་རྒྱལ་གྱི་སྤོབས་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་ཏང་དང་སྲིད་གཞུང་གི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེ་མོ་སྲ་བརྟན་དང་གོང་འཕེལ་གཏོང་དགོས།

        མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན། མཐུན་སྒྲིལ་བྱས་ནས་ཐུན་མོང་ཐོག་འོད་སྟོང་གཏོད། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བ་ནི་ཡུན་རིང་གི་འཐབ་ཇུས་ལས་འགན་ཞིག་དང་དངོས་ཡོད་ཀྱི་དགོས་གཏུགས་ཆེ་བའི་ལས་འགན་ཞིག་ཀྱང་ཡིན། ང་ཚོས “མི་རིགས་མཐུན་སྒྲིལ་ཟླ་བ ”དེ་གོ་སྐབས་སུ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་བཏོན་པའི་བླང་བྱ་ལྟར “མི་རིགས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་མ་ལག་གི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ། མར་ཁེ་སི་རིང་ལུགས་ཀྱི་མེས་རྒྱལ་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། ཆོས་ལུགས་ལྟ་བ་བཅས་དྲིལ་བསྒྲགས་རྒྱ་ཁྱབ་ཏུ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དར་སྤེལ་གཏོང་བ། གུང་ཁྲན་ཏང་ཡག་དང་། སྤྱི་ཚོགས་རིང་ལུགས་ཡག སྒྱུར་བཅོས་སྒོ་དབྱེ་ཡག རླབས་ཆེན་མེས་རྒྱལ་ཡག མི་རིགས་ཁག་གི་མི་དམངས་ཡག་བཅས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་དགོས་པ་དང ”མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེ་མོར་བརྟེན་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་འཕེལ་རྒྱས་ཆེ་པོ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།