དུས་རབས་ཡར་རྒྱས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་མ་གཏོང་རིང་བོད་ཀྱིས་ངེས་པར་དུ་རྒྱུན་བསྲིང་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་དགོས། འཐབ་ཇུས་དེའི་དོན་སྙིང་ནི་དཔལ་འབྱོར་འཕེལ་རྒྱས་དང་། མི་འབོར་དང་། ཐོན་ཁུངས། ཁོར་ཡུག་བཅས་དབར་མཐུན་འགྲིག་འབྲེལ་བ་ཆགས་པ་བྱས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཡུན་རིང་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་བྱ་རྒྱུ་དེ་རེད། གཟེངས་སུ་ཐོན་པའི་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་བསྒྲུབ་རྒྱུ་ནི་རྒྱུན་བསྲིང་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བའི་རྩ་བའི་སྔོན་འགྲོ་དང་ངོ་བོའི་བླང་བྱ་ཞིག་རེད།
ཁོར་ཡུག་སྲུང་སྐྱོང་དང་རྒྱུན་བསྲིང་འཕེལ་རྒྱས་དབར་འབྲེལ་བ་དམ་ཟབ་ཡོད། རྒྱུན་བསྲིང་འཕེལ་རྒྱས་ཀྱིས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་འཕེལ་རྒྱས་ཡོང་བའི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་གི་ཡོད། གང་ལགས་ཤེ་ན། ཁོར་ཡུག་སྲུང་སྐྱོང་གིས་འཕེལ་རྒྱས་ལ་ཐད་ཀར་རམ་ཡང་ན་གཞན་བརྒྱུད་ཀྱི་དཔལ་འབྱོར་ཁེ་ཕན་གཏོད་ཐུབ་པ་མ་ཟད། འཕེལ་རྒྱས་ལ་འགན་ལེན་བྱེད་པ་དང་འཕེལ་རྒྱས་ལ་ཁོར་ཡུག་དང་ཐོན་ཁུངས་འཚམ་པོ་ཞིག་མཁོ་འདོན་བྱས་པས་ཡིན་པ་དང་། རྒྱུན་བསྲིང་འཕེལ་རྒྱས་ཀྱིས་ཁོར་ཡུག་སྲུང་སྐྱོང་དེ་འཕེལ་རྒྱས་ཀྱི་སྤུས་ཚད་དང་། འཕེལ་རྒྱས་ཀྱི་ཆུ་ཚད། འཕེལ་རྒྱས་ཀྱི་འཕེལ་རིམ་བཅས་ལ་དཔྱད་ཞིབ་བྱེད་པའི་ཕྱི་རོལ་ཡུལ་གྱི་ཚད་གཞིའི་གྲས་ཤིག་ལ་བརྩི་བ། ཁོར་ཡུག་སྲུང་སྐྱོང་གིས་རྒྱུན་བསྲིང་འཕེལ་རྒྱས་ཀྱི་མཐར་ཐུག་གི་དམིགས་ཚད་མངོན་འགྱུར་ཡོང་རྒྱུ་འགན་ལེན་བྱེད་ཐུབ་ཀྱི་ཡོད། གང་ལགས་ཤེ་ན། ད་ལྟའི་འཕེལ་རྒྱས་དེ་དངོས་པོ་དང་བསམ་པའི་འཛད་སྤྱོད་ཁོ་ན་བསྐོང་རྒྱུ་མ་ཡིན་པར་དུས་མཚུངས་སུ་སྐྱིད་སྣང་དོད་པ་དང་། ཉེན་མེད་བདེ་འཇགས། གཙང་ཞིང་ལྟ་ན་སྡུག་པ་བཅས་ཀྱི་ཁོར་ཡུག་འཛུགས་སྐྲུན་བྱ་རྒྱུ་དེ་མཐའ་མའི་དམིགས་ཡུལ་ལ་བརྩི་བས་རེད།
སྣོད་བཅུད་བཟང་བའི་ཞིང་འབྲོག་ལས་ནུས་ཤུགས་ཡོད་རྒུས་གཏོད་དགོས། རང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཏང་གི་ཞིང་ཕན་ཞིང་སྐྱོར་གྱི་སྲིད་ཇུས་དང་ཟུང་འབྲེལ་བྱས་ནས་དམིགས་བསལ་དང་གནོད་མེད་ཡོང་རྒྱུར་དམ་པོར་དམིགས་ཏེ་གངས་ལྗོངས་ས་མཐོའི་སྣོད་བཅུད་རྩི་ཤིང་སྲུང་སྐྱོང་གང་ཐུབ་བྱེད་པ་དང་ཕྱོགས་མཚུངས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་ཐབས་བྱེད་དགོས། ས་གནས་ཁག་གིས་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་མ་དངུལ་ཕོན་ཆེན་བཏང་སྟེ་ནུས་ཆེ་དང་། གནོད་མེད། སྣོད་བཅུད་བཅས་ཀྱི་ཞིང་འབྲོག་ལས་གསར་སྤེལ་བྱེད་དགོས། བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་ཚད་ལེན་བྱས་པར་གཞིགས་ན། མིག་སྔར་ལྗོངས་ཡོངས་ཀྱི་རྨོ་ཞིང་ལ་རྫས་ལུད་དང་། ཞིང་སྨན། ཞིང་སྤྱོད་འགྱིག་ཤོག་སྲབ་མོ་བཅས་ཀྱི་སྦགས་བཙོག་སྤྱིར་ན་མེད་པ་རེད། དེར་བརྟེན་སྣོད་བཅུད་བཟང་བ་དང་ཞིང་འབྲོག་ལས་ཀྱིས་ས་མཐོའི་སྣོད་བཅུད་ཁོར་ཡུག་སྐྱོ་པོ་དེ་སྐྱོབ་ཐུབ་པ་མ་ཟད། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཀྱང་འཕར་ཐུབ་པ་མཐོང་ཐུབ།
ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ་དང་ཁོར་ཡུག་སྲུང་སྐྱོང་ལ་སྣང་ཆེན་བྱ་རྒྱུ་གལ་ཆེ་མཉམ་དུ་བརྩི་དགོས། བོད་དུ་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་ཀྱང་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྐྱོ་ཙམ་ཡོད། ཇི་ལྟར་བྱས་ནས་ཐོན་ལས་གཉིས་པའི་གཙོ་གནད་ལ་དམ་འཛིན་བྱེད་པ་དང་ཕྱོགས་མཚུངས་སྣོད་བཅུད་ཁོར་ཡུག་ལ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྲུང་སྐྱོང་གང་ཐུབ་བྱ་རྒྱུ་དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཡུན་རིང་དོ་ཁུར་བྱེད་པའི་གནད་དོན་ཞིག་རེད། དོན་དངོས་ཐོག་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གཙོ་གནད་དང་རིམ་པ་ཡོད་པའི་སྒོ་ནས་ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་རིང་སྔ་ཕྱི་བར་གསུམ་དུ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེར་བརྩི་གི་ཡོད། ད་ཕན་ལོ་ཤས་རིང་ཆུའི་ནུས་པ་དང་། ཉི་འོད་ནུས་པ། རླུང་གི་ནུས་པ་བཅས་ཁྱབ་གདལ་དང་བེད་སྤྱོད་བཏང་བ་བརྒྱུད་སྐྱེ་དངོས་སྤྱོད་ཚད་ཉུང་དུ་སོང་བ་དང་ཆབས་ཅིག་ནུས་ཁུངས་གསར་པ་དེ་དག་གསར་སྤེལ་བྱས་པ་ལས་བོད་ལ་དཔལ་འབྱོར་འཕར་གཞི་གསར་པ་དེ་བས་མང་བ་ཞིག་ཆགས་པར་བྱས་ཡོད།
ཐན་ཉུང་གི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། མིག་སྔར་བོད་ཀྱི་མཛེས་ལྗོངས་ཁུལ་དང་ས་ཚིགས་མང་པོ་ཞིག་གིས་སྣོད་བཅུད་ཡུལ་སྐོར་དང་ཐན་ཉུང་ཡུལ་སྐོར་ལག་ལེན་ཤུགས་ཆེན་བསྟར་བས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ཐན་ཉུང་ཡུལ་སྐོར་ཡང་བོད་ཀྱི་དཔལ་འབྱོར་འཕར་སྟངས་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད་པ་དང་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་གཏོང་རྒྱུར་སྐུལ་མ་གཏོང་བའི་ཐད་ནུས་པ་ཇེ་ཆེར་འདོན་བཞིན་ཡོད། བོད་ཀྱི་ཡུལ་སྐོར་སྡེ་ཚན་གྱིས་ཡུལ་སྐོར་གསར་སྤེལ་དང་གཉེར་སྐྱོང་བྱེད་རིང་སྔ་ཕྱི་བར་གསུམ་དུ་རྒྱུན་བསྲིང་འཕེལ་རྒྱས་ཀྱི་རིགས་པའི་གཞུང་ལུགས་དང་བྱ་ཐབས་ཀྱི་ཐོག་ནས་ཡུལ་སྐོར་ཐོན་ཁུངས་ལ་དོ་དམ་དང་ཐོན་ཁུངས་གསར་སྤེལ་དང་སྲུང་སྐྱོང་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་གི་བྱ་ཐབས་སྣ་ཚོགས་གསལ་པོ་བཟོ་བ་དང་། འཛུགས་སྐྲུན་ཨར་རྒྱག་གི་བྱ་སྤྱོད་ཚད་ལྡན་བཟོ་བ། ཡུལ་སྐོར་བྱ་ཡུལ་ནང་གི་བཙོག་ཆུ་དང་གད་སྙིགས་སོགས་ཐག་གཅོད་བྱ་ཐབས་ངེས་པར་དུ་ཡུལ་སྐོར་གསར་སྤེལ་དང་དུས་གཅིག་ཏུ་བྱེད་དགོས་པ་གཏན་འབེབས་གསལ་པོ་བྱས་ནས་དུས་གཅིག་ཏུ་ཇུས་འགོད་དང་། དུས་གཅིག་ཏུ་ཨར་རྒྱག དུས་གཅིག་ཏུ་བེད་སྤྱོད་གཏོང་བ་བཅས་བྱེད་ཐུབ་པ་བྱས་ཏེ་བཙོག་འབུད་ཉུང་གཏོང་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཐག་གཅོད་བྱས་ནས་ཡུལ་སྐོར་ལས་རིགས་རྒྱུན་བསྲིང་ངང་འཕེལ་རྒྱས་ཡོང་ཐབས་བྱེད་ཀྱི་ཡོད།
འཚོག་མ་ཐག་པའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་དུས་བབ་བརྡ་ཁྱབ་ཀྱི་བཪྙན་འཕྲིན་ཁར་པར་ཚོགས་འདུའི་ཐོག་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བྱས་པ་མ་ཟད། ལྗོངས་ཡོངས་ཀྱི་རྒྱུན་བསྲིང་འཕེལ་རྒྱས་ལ་ཁ་ཕྱོགས་ཀྱང་བསྟན་ཡོད། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་རང་ལྗོངས་ཀྱི་གྲུབ་འབྲས་ཐོབ་པའི་འཚོལ་ཞིབ་ཀྱི་ཉམས་མྱོང་ཐོག་ནས་ཀྱང་ངེས་པར་དུ་དཔལ་འབྱོར་འཛུགས་སྐྲུན་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་གཏོང་རིང་སྲུང་སྐྱོང་ལ་སྣང་ཆེན་བྱེད་པ་དང་སྲུང་སྐྱོང་བྱེད་རིང་འཕེལ་རྒྱས་ཡོང་ཐབས་བྱས་ཚེ་གཞི་ནས་བོད་དེ་སྣོད་བཅུད་བཟང་བ་དང་མི་དང་རང་བྱུང་མཐུན་སྦྱོར་མཉམ་གནས་ལེགས་པོ་ཞིག་ཡོང་བ་སླར་ཡང་ར་སྤྲོད་ཐུབ་ཡོད།