དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • རྫུན་གཏམ་ཤོད་རྒྱུར་གོམས་པ་ཞིག་གི་གདོང་རིས་ངོ་མ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ཕྱི་ཕྱོགས་ཀྱི་གློག་འཕྲིན་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ད་ལོའི་ཟླ་བ་4པར་རྒྱལ་ཁོངས་མི་འདྲ་བའི་རིག་གནས་པ་ཁ་ཤས་རྡ་རམ་ས་ལར་འབྱོར་ནས་ཆོས་ལུགས་དང་ཤེས་དཔལ་སོགས་ཀྱི་གནད་དོན་སྐོར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་དཔྱད་བསྡུར་བྱས་པ་དང་དུས་མཚུངས “ཆོས་ལུགས་ཀྱི་གཙོ་འཛིན ”ཟེར་ལ་དོན་དངོས་ཐོག་ཆབ་སྲིད་ཡུལ་གྱར་པ་ཡིན་པ་དེའི་བསམ་བློ་དང་བརྩེ་སེམས་ཀྱི་འཇིག་རྟེན་ཤེས་རྟོགས་བྱེད་བསམས་པ་རེད།

        མི་རྣམས་ཀྱི་བསམ་ཚོད་ལས་མ་འདས་པར་ཏཱ་ལས་བསམ་ངན་ཁོག་བཅངས་ཀྱི་སྒོ་ནས་རྒྱ་གར་དང་བོད་ཀྱི་རིག་གནས་ཀྱི་འབྱུང་རྩ་འུད་སྒྲོག་བྱས་རྗེས་གང་མྱུར་ཀྲུང་གོའི་མི་རིགས་ཆོས་ལུགས་དང་རིག་གནས་སྲིད་ཇུས་ལ་དམའ་འབེབས་བྱ་རྒྱུར་བསྒྱུར་ནས་ཀྲུང་གོ་སྲིད་གཞུང་གིས་བོད་དུ “རིག་གནས་རྨེག་མེད ”གཏོང་གི་ཡོད་ཅེས་དམའ་འབེབས་བཏང་བ་རེད། འོན་ཀྱང་དེ་གར་ཡོད་པའི་རིག་གནས་པས་བོད་ཀྱི་ད་ལྟའི་གནས་ཚུལ་ནི་ཏཱ་ལས་བཤད་པའི “གདུག་རྩུབ་ངང་རིག་གནས་རྨེག་མེད་གཏོང་གི་ཡོད ”ཅེས་པ་ལྟར་མིན་པ་ངོས་འཛིན་ཐུབ་ཡོད། ཏཱ་ལས་སྔར་བཞིན “དཔང་རྟགས ”ཟེར་བ་དྲངས་ནས་བསྙོན་འཛུགས་བྱས་པ་རེད། གནས་ཚུལ་དེ་འདྲའི་ཐོག་བོད་དུ་ཐེངས་མང་བསྐྱོད་མྱོང་བའི་ཚོགས་འདུར་ཞུགས་མཁན་གྱིས “རིག་གནས་རྨེག་མེད་གཏོང་ཚུལ་མཐོང་མ་བྱུང ”ཞེས་མཐའ་འཁྱོངས་བྱས་པ་རེད། དཀྲོག་གཏམ་བཟོ་བ་དང་དམའ་འབེབས་གཏོང་བའི་རེ་ངན་མ་འགྲུབ་པའི་རྗེས་ཏཱ་ལས་ཟོལ་མེད་ངང་ནོར་འཁྲུལ་ཁས་མ་བླངས་པར་དེ་ལས་ལྡོག་སྟེ “དེ་མུར་རང་གི་འཁོར་ལ ”ཕྱིས་འབྱུང “ཕྱོགས་འགའི་ཐད ”རིག་གནས་རྨེག་མེད་གཏོང་གི་ཡོད་པ་རེད་ཞེས་ཤོད་དགོས་ཅེས་བཤད་པ་རེད།

        དེ་ནི་ཇི་འདྲའི་ཟུར་ཟ་ཞིག་མ་རེད་དམ། རྫུན་ཤོད་མཁན་ཞིག་གི་རྫུན་གཏམ་མཐིལ་བརྟོལ་རྗེས་ཁོ་པས་འགྱོད་བཤགས་མ་བྱས་པར་དེ་ལས་ལྡོག་སྟེ་རང་སར་རྫུན་གསར་པ་བཟོས་པ་དང་འབྲེལ་ཁོ་པའི་རྗེས་འབྲངས་པ་ཚོར་ཇི་ལྟར་བྱས་ནས་རྫུན་གཏམ་གསར་པར་བརྟེན་ཏེ་མུ་མཐུད་མགོ་སྐོར་གཏོང་རྒྱུའི་ངན་སྐུལ་བྱས་པ་རེད།   

        ཏཱ་ལའི་ངོ་ཚ་ཁྲེལ་མེད་ཀྱི་འཁྲབ་སྟོན་དེའི་མདུན་དུ་ཁོ་པའི་གཡོ་སྒྱུ་རྒྱུས་ཡོད་མཁན་ཚོར་ཡ་མཚན་དམིགས་བསལ་སྐྱེ་མི་སྲིད། གང་ལགས་ཤེ་ན། ཁ་ནས་གང་ཐོན་གྱིས་རྫུན་བཤད་པ་དེ་དོན་དངོས་ཐོག་ནས་མཐིལ་བརྟོལ་ཀྱང་ཁས་གཏན་ནས་མི་ལེན་པ་དང་བསྙོན་འཛུགས་དང་ངན་ཁྲེབ་རྒལ་རལ་ཇི་ལྟར་བྱེད་པ་དང་ཐ་ན་སྡུག་ཐོག་སྡུག་བརྩེགས་ཀྱིས་སླར་ཡང་རྫུན་བཟོ་རྫུན་སྒྲིག་བྱས་ནས་བདེན་པ་བཀབ་སྟེ་ཚིག་མཚོན་དང་སྒྲོ་འདོགས་བྱེད་པ་ནི་ཏཱ་ལའི་དུས་རྒྱུན་གྱི་བྱེད་སྟངས་ཤིག་རེད།

        2007ལོར་ཏཱ་ལ་ཡོ་རོབ་དང་ཨ་མེ་རི་ཁར་འཁྱམ་མྱུལ་བྱེད་སྐབས “2008ལོ་ནི་འགག་རྩའི་ལོ་ཞིག་ཡིན་པ་དང་ཨའོ་རྩལ་འགྲན་ཚོགས་ནི་བོད་མིའི་གོ་སྐབས་མཐའ་མ་དེ་ཡིན་སྲིད ”ཅེས་ཡང་ཡང་བཤད་དེ་ཀྲུང་གོས་ཨའོ་རྩལ་འགྲན་ཚོགས་གཉེར་གྲབས་ཡོད་པའི་གོ་སྐབས་སྤྱད་དེ་ཟིང་ཆ་སློང་དགོས་པའི་ངན་སྐུལ་བྱས་པ་རེད། འོན་ཀྱང་རྗེས་སུ་ཁོ་པས་མེས་རྒྱལ་ལ་དགའ་ཞེན་བྱེད་མཁན་གོ་ལ་ཧྲིལ་པོའི་ཀྲུང་གོ་བ་མང་ཆེ་བས་ཀྲུང་གོས་ཨའོ་རྩལ་འགྲན་ཚོགས་གཙོ་གཉེར་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་འཛམ་གླིང་ཐོག་གི་ཞི་བདེར་དགའ་བའི་མི་རྣམས་ཀྱིས་ཀྱང་ཨའོ་རྩལ་འགྲན་ཚོགས་དེ “བོད་རང་བཙན ”ཁ་ཕྲལ་རིང་ལུགས་སྟོབས་ཤུགས་ཀྱིས་མིང་ཤས་བཟོ་བ་དང་བེད་སྤྱོད་བྱས་ན་མི་འགྲིག་པའི་འདོད་ཚུལ་འཛིན་པ་མཐོང་སྐབས་ཏཱ་ལས་ཤོད་སྟངས་བསྒྱུར་ནས་མནའ་སྐྱེལ་དམ་བཅའ་བཞག་སྟེ “ངས་ཐོག་མ་ནས་བཟུང་ཀྲུང་གོར་ཨའོ་རྩལ་འགྲན་ཚོགས་གཉེར་རྒྱུའི་གོ་སྐབས་སྤྲོད་རྒྱུར་རྒྱབ་སྐྱོར་བྱེད་པ་དང་ད་ཆ་ལངས་ཕྱོགས་དེ་སྔར་བཞིན་མཐའ་འཁྱོངས་བྱེད་ཀྱི་ཡོད ”ཅེས་བཤད་པ་རེད། སྐྱེས་བུ་བློ་མིག་ལྡན་པ་ཡིན་ཕྱིན་ཁོ་པའི་ཁ་ཞེ་མི་མཐུན་པའི་ཤོད་སྟངས་དེ་ཁུངས་མེད་ཧམ་བཤད་བྱས་པ་ཞིག་ཡིན་པ་ཤེས་ཐུབ།

        དེ་ག་རང་རེད། ཏཱ་ལའི་ངན་སྐུལ་དང “བོད་རང་བཙན ”ཁ་ཕྲལ་རིང་ལུགས་སྟོབས་ཤུགས་ཀྱིས་ཇུས་ངན་བཤམས་པ་དང་སྒྲིག་འཛུགས་བྱས་པའི་འོག་ཀྲུང་གོའི་ཨའོ་རྩལ་འགྲན་ཚོགས་ལོར་ལྷ་སར “3·14”དོན་རྐྱེན་ཐོན་སྟབས་ཏཱ་ལ་ཐོག་མ་ནས་དགའ་ཐག་ཆོད་ནས་དོན་རྐྱེན་ཐོན་པའི་ཉིན་དེར་ཁོ་པས “བོད་མིས་དུས་གང་ཞིག་ཏུ་བྱ་བ་གང་བསྒྲུབས་ཀྱང་ངས་ཁོང་ཚོའི་འདོད་འདུན་ལ་བརྩི་བཀུར་ཞུ་བ་ལས་ཁོང་ཚོར་མཚམས་འཇོག་བྱ་རྒྱུའི་རེ་བ་འདོན་མི་སྲིད ”ཅེས་བཤད་པ་རེད། རྗེས་སུ་མི་རྣམས་ཀྱིས་རྡུང་གཅོག་འཕྲོག་སྲེག་གི་གཏུམ་སྤྱོད་བྱེད་སྤྱོད་ལ་འདུལ་གཏམ་སྒྲོག་པ་མཐོང་སྐབས་ཏཱ་ལས་སླར་ཡང་ཤོད་སྟངས་བསྒྱུར་ནས་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་ཚུལ་བསྟན་ནས་གལ་སྲིད་གནས་ཚུལ་མུ་མཐུད་ཇེ་སྡུག་ཏུ་ཕྱིན་ཚེ་ཁོ་པ “རྦད་དེ་དགོངས་ཞུ་བྱེད་ཀྱི་ཡིན ”ཞེས་བཤད་ཀྱང་ཏཱ་ལར་དགོངས་ཞུ་བྱེད་སེམས་མེད་ཁར་དེ་ལས་ལྡོག་སྟེ་རང་ཉིད་ངོ་མ་མདུན་དུ་དོན་ནས་ལོ་ཤས་གོང་ཀྲུང་གོའི་དྲག་ཆས་ཉེན་རྟོག་པས་གློག་བཪྙན 《ཐན་མའེ་ཡི་ངོ་མཚར་གཏམ་རྒྱུད 》ཅེས་པ་པར་རྒྱག་སྐབས་གཞོགས་འདེགས་བྱས་པའི་པར་སྤྱད་དེ “ཀྲུང་གོས་དམག་མི་གྲྭ་པར་བརྫུས་ཏེ་བོད་མིས་དུས་ཟིང་སློང་བའི་འཆར་སྣང་བཟོས་པ་རེད ”ཅེས་མངོན་སུམ་འཛེམས་མེད་ངང་དམའ་འབེབས་བཏང་བ་རེད། པར་གྱི་གནས་ཚུལ་ངོ་མ་སྨྱན་སྦྱོར་མང་པོའི་ཐོག་གསལ་འདོན་བྱས་པ་དང་མིག་མཐོང་ལག་ཟིན་མཁན་མང་པོ་ཞིག་གིས་འབྲེལ་ཡོད་ཀྱི་དོན་དངོས་གསལ་བཤད་བྱས་རྗེས་ཏཱ་ལར་ཁོ་པའི་ཁུངས་མེད་གཏམ་འཆལ་སྐོར་དགོངས་དག་ཞུ་སེམས་སྤུ་ཙམ་ཡང་མེད་པར་དེ་ལས་ལྡོག་སྟེ་ཁོ་པས་ཉན་མཁན་གྱིས་གནས་ཚུལ་ངོ་མ་རྦད་དེ་ཤེས་རྟོགས་མི་ཐུབ་རིགས་མུ་མཐུད་རྫུན་གཏམ་ཤོད་པ་དང་རྫུན་གཏམ་ཤོད་ཐུབ་ཚེ་ཤོད་རྐྱང་བྱེད་ཀྱི་ཡོད། དེ་ནི་བོད་བརྒྱུད་ནང་བསྟན་གྱི “བདེན་པར་སྨྲ་བ ”དང་། ཕྲ་མ་མི་བྱེད་པ། གཡོ་ཟོལ་མེད་པ་སོགས་ཀྱི་གཞི་རྩའི་འདུལ་ཁྲིམས་དང་ལྟ་གྲུབ་དང་འགལ་ལ་མིའི་ཀུན་སྤྱོད་དང་གཤིས་བཟང་ཡང་མེད་པར་གྱུར་ཡོད།

        རྫུན་ཤོད་རྒྱུར་གོམས་པ་ཞིག་ཡིན་ཕྱིན་གདོང་ལྤགས་ཇེ་མཐུག་ཏུ་འགྲོ་བ་དང་བློ་ཁོག་ཀྱང་ཇེ་ཆེར་འགྲོ་བས་ཏཱ་ལ་ཡང་དེ་ལས་མ་འདས། ན་ནིང་ཟླ་3པར་ཀྲུང་གོའི་ཕྱི་འབྲེལ་པུའི་པུའུ་ཀྲང་དབྱང་ཅེ་ཁྲེས་ཚོགས་འདུ་གཉིས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་ཐོག་དྲི་བར་ལན་བསྐྱོན་སྐབས “ཏཱ་ལ་ཕྱོགས་ཀྱིས་ཀྲུང་གོའི་ས་ཆའི་བཞི་ཆ་གཅིག་གི་ཐོག་ཁོ་པའི ‘བོད་ཆེན་པོ ’ཟེར་བ་བཙུགས་ཏེ་དེ་གར་བཅའ་སྲུང་བྱེད་མཁན་ཀྲུང་གོའི་དམག་དཔུང་མཐའ་སྐྲོད་གཏོང་བ་དང་མི་རབས་ནས་མི་རབས་བར་དེ་གར་འཚོ་བ་སྐྱེལ་མཁན་ཀྲུང་གོ་བ་མི་རིགས་གཞན་དག་མཐའ་སྐྲོད་གཏོང་དགོས་ཞེས་བཏོན་པ་རེད། མི་དེ་ལྟ་བུ་ནི་ཆོས་ལུགས་མི་སྣ་ཞིག་ཡིན་ནམ ”ཞེས་གསུངས་པ་རེད། ཏཱ་ལར་རང་ཉིད་ཀྱི “བོད་རང་བཙན ”གྱི་གདོང་རིས་ངོ་མ་དེ་ཀྲུང་ཕྱིའི་སྨྱན་སྦྱོར་མདུན་དུ་ཡོངས་བསྒྲགས་ངང་ཐེར་འདོན་བྱས་ནས་རང་ཉིད་ཀྱིས་སྔར་ནས་བཟུང་རྐངབཙུགས་ནས་བཟོས་པ་དང་མཛེས་བཟོ་བྱས་པའི “ཞི་བདེ ”དང “མཐུན་འགྲིག ”གི་གཟུགས་བཪྙན་ལ་ཕན་ཐོགས་མེད་པ་ཤེས་སྐབས་ཉིན་ཤས་སོང་རྗེས “བོད་དུ་འོས་ལངས་བྱས་ནས་ལོ་50འཁོར་བར་དྲན་གསོ་ཞུ་བ ”ཟེར་བའི་གོ་སྐབས་སྤྱད་དེ་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་ཐོག “བཅིངས་འགྲོལ་དམག་བོད་ནས་ཕྱིར་འཐེན་བྱེད་དགོས་ཞེས་ངས་ཤོད་མྱོང་མེད ”“བོད་མི་མིན་པ་ཚང་མ་བོད་ནས་གནས་སྤོ་བྱེད་དགོས་ཞེས་ངས་ཤོད་མྱོང་མེད ”ཅེས་དང་ཐ་ན་དེ་གར་ཡོད་པའི་གསར་འགོད་པར “ངའི་ཚབ་བྱས་ནས་ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་ལ་དྲིས་དང་། ངས་ག་དུས་སྐད་ཆ་དེ་འདྲ་བཤད་སོང་ངམ ”“ཁོང་ཁོང་ཁྲོ་ཟ་བ་ཞིག་མིན་ཕྱིན་རྦད་དེ་རྫུན་གཏམ་བཤད་པ་ཞིག་ཡིན་པས་ཁོང་གིས་ངེས་པར་དུ་དཔང་རྟགས་འདོན་དགོས ”ཞེས་བཤད་པ་རེད།

        ཏཱ་ལས་མི་རྣམས་བརྗེད་ངད་ཚ་བ་དང་སྨྱན་སྦྱོར་གྱིས་ཀྱང་དེ་ཙམ་གཟབ་ནན་མི་བྱེད་པའི་ངོས་འཛིན་བྱས་པ་སྟེ། རྫུན་ཤོད་མཁན་གྱིས་སྐྲག་ཤོས་བྱེད་པ་ནི་རྫུན་གཏམ་ལ་ལམ་སེང་ཡིད་ཆེས་མི་བྱེད་པ་དང་དོན་ངོ་མ་རྩད་གཅོད་མཁན་དེ་ཡིན། དེ་ལྟར་བྱུང་ཚེ་ཁོང་གིས “ཁོང་ཁྲོ་ཟ་བའི ” སྐབས་སུ་བློ་ཁོག་་ཆེན་པོས “རྦད་དེ་རྫུན་ཤོད་ཆོག ”གི་ཡོད། བསམ་ཡུལ་ལས་འདས་པ་ཞིག་ལ་ད་རེས་ཁོ་པའི་སྣ་ཁུག་བརྡབས་པ་རེད། དེ་ནི་ཉིན་3སོང་རྗེས་ཙུང་ལི་དབུན་ཅ་པའོ་ཡིས་ཚོགས་འདུ་གཉིས་གྲོལ་རྗེས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་ཐོག་དཔང་རྟགས་ངོ་མ་བཏོན་གནང་ནས་ཏཱ་ལའི་སྐད་ཆ་དེ་དག་ཞིབ་ཕྲའི་སྒོ་ནས་བསྟན་གནང་བ་སྟེ། དེ་དག་ནི་1987ལོར་ཁོ་པས་ཨ་རིར་སྤེལ་བའི “བོད་ཀྱི་ཞི་བའི་འཆར་གཞི་དོན་ཚན་ལྔ ”དང་1988ལོར་ཕ་རན་སིའི་སི་ཐི་ལ་སི་པའོ་རུ་སྤེལ་བའི “གྲོས་འཆར་གསར་པ་དོན་ཚན་བདུན ”ནང་ནས་དྲངས་པ་ཞིག་རེད་ཅེས་གསུངས་པ་མ་ཟད། ཏཱ་ལར “ཤོག་བུ་དཀར་པོའི་ཐོག་ཡི་གེ་ནག་པོ་བྲིས་ཡོད་པས་ཏཱ་ལའི་བླ་་མས་ཡོ་བསྲང་བྱེད་བསམས་ན་ཡོ་བསྲང་བྱེད་ཆོག་ཀྱང་མཁྲེགས་བཟུང་བྱས་ན་བྱེད་མི་ཐུབ ”ཅེས་ཁ་ཏ་བསླབ་བྱ་བྱས་པ་རེད།

        ཏཱ་ལས “ དཔང་རྟགས་འདོན་རྒྱུའི ”རེ་བ་བཏོན་པ་དེ་རྣ་བ་ནས་མ་ཡལ་ཡང་དབུན་ཙུང་ལིས་དཔང་རྟགས་བཏོན་རྗེས་ཏཱ་ལ་དེ་མ་ཉིད་དུ་གང་ཡང་ཤོད་རྒྱུ་མེད་པར་གྱུར་པ་རེད། དཔང་རྟགས་ཁུངས་བཙན་ཡོད་པས་ཁོ་པ་ཁས་མི་ལེན་ཐབས་མེད་དུ་གྱུར་ཡང་ཡོངས་བསྒྲགས་ངང་ནོར་འཁྲུལ་ཁས་ལེན་བྱེད་པའི་གཤིས་བཟང་ཡོད་མི་སྲིད། དེར་མ་ཟད་དེ་ནི་རྟག་ཏུ་རྫུན་ཤོད་མཁན་གྱི་ཐབས་ཤེས་ཡིན་པ་སྟེ། རྫུན་བཤད་དེ་གནས་ཚུལ་གསལ་པོ་མི་ཤེས་མཁན་ལ་མགོ་སྐོར་གཏོང་བ་དང་དོན་དངོས་ལ་བརྟེན་ནས་ཁོ་པའི་རྫུན་གཏམ་གྱི་མཐིལ་བརྟོལ་མཁན་བྱུང་ཚེ་ཁོ་པར་ད་དུང་ངན་ཇུས་སྣ་ཚོགས་ཡོད་པ་སྟེ། སྔོན་ལ་སྐབས་ཤིག་རིང་གང་ཡང་མི་གླེང་བར་གནས་ཚུལ་འཇའ་ལྟར་ཡལ་རྗེས་གོ་སྐབས་སམ་ཡང་ན་ཡུལ་དུས་བརྗེས་ནས་སླར་ཡང་མགོ་སྐོར་གཏོང་བ་དེ་རེད། རྫུན་བཤད་ནས་འཚོ་མཁན་ཞིག་ཡིན་ཕྱིན་ཁོ་པའི་ངོ་བོའི་ཐོག་གི་ཞན་ཆ་གསལ་ལེར་མངོན་རྒྱུ་ལས་མ་འདས། བདེན་ཡོད་རོགས་མང་དང་བདེན་མེད་རོགས་ཉུང་ཞེས་ཤོད་སྲོལ་ཡོད། མེས་རྒྱལ་ཁ་ཕྲལ་གཏོང་བ་དང་། རིགས་རྒྱུད་ལོགས་དབྱེ་འུད་སྒྲོག་བྱེད་པ། ལོ་རྒྱུས་ཀྱི་འཁོར་ལོ་ལྡོག་ཏུ་བཏང་སྟེ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སླར་གསོ་བྱ་རྒྱུའི་རེ་ངན་བཅངས་ཚེ་འཛམ་གླིང་ཐོག་གི་དྲང་བདེན་སྐྱོང་མཁན་མི་རྣམས་ཀྱིས་གླེང་རིན་མེད་པ་ཞིག་ཡིན་པ་སྨོས་མེད་ཡིན། ཏཱ་ལས་མི་ལ་ཤོད་མི་ཕོད་པའི་སྡིག་ཉེས་ཆེ་བའི་དམིགས་ཡུལ་སྒྲུབ་བསམས་ལ་དྲང་བདེན་གྱི་དར་ཆའི་འོག་ཏུ་རང་ཉིད་འགེབས་སྲུང་དང་མཛེས་བཟོ་ཡང་བྱེད་བསམས་ན་ཁ་ཞེ་མི་མཐུན་པ་དང་། འུབས་སུ་མི་འདུས་པ། རྫུན་གཏམ་ཡང་ཡང་ཤོད་པ་བཅས་བྱེད་སྲིད། ཁོ་པའི་རྫུན་གཏམ་ལ་་ཡིད་ཆེས་བྱེད་མཁན་ཇེ་ཉུང་དུ་འགྲོ་བ་དང་ཆོས་ལུགས་དང་རིག་གནས་སོགས་ཀྱི་མིང་ཐོག་ནས་ཁ་ཕྲལ་གཏོང་བའི་ངོ་བོ་དེ་འཛམ་གླིང་གི་སྐྱེ་བོ་ཀུན་གྱི་མདུན་དུ་དེ་བས་དམར་རྗེན་དུ་ཐོན་པ་དང་ཐ་ན་རྫུན་རྟག་ཏུ་རང་སར་མཐིལ་བརྟོལ་གྱི་ཡོད་ལ་བརྡོལ་ངེས་ཀྱང་ཡིན། གོང་དུ་བཤད་པའི་ཟུར་ཟུའི་དོན་དེས་གནས་ཚུལ་དེ་གསལ་པོར་བཤད་ཡོད།

        གནས་ཚུལ་དེ་ཐོག་ནས་རྦད་དེ་རྫུན་བཤད་ནས་འཚོ་མཁན་ཞིག་ལ་ཁྱེད་ཀྱིས་ཁོ་པར་དོན་དངོས་ལ་ཁ་ཕྱོགས་པ་དང་དོན་དངོས་དང་དྲང་བདེན་ཁས་ལེན་རྒྱུའི་རེ་བ་བསྐྱར་དུ་བཏོན་ནས་མེས་རྒྱལ་ཁ་ཕྲལ་གཏོང་བའི་སྡིག་ཉེས་ཀྱི་ལྐོག་གཡོ་ལྷག་བསམ་ཟོལ་མེད་ངང་འདོར་རྒྱུའི་རེ་བ་འདོན་མི་སྲིད་པ་ང་ཚོས་གསལ་པོར་བཤད་ཡོད། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་བོད་གསར་པ་འཕེལ་རྒྱས་འགྲོ་བའི་དོན་དངོས་མཐའ་འཁྱོངས་བྱེད་པ་དང་། མི་རིགས་ཁག་གི་མི་དམངས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་འགྲོ་བའི་དོན་དངོས། ཉིན་བཞིན་སྟོབས་ཆེར་འགྲོ་བའི་མེས་རྒྱལ་དང་མི་དམངས་དེ་བས་བདེ་སྐྱིད་ལྡན་པའི་དོན་དངོས་བཅས་ལ་བརྟེན་ནས་ཁོ་པས་དཀྲོག་གཏམ་བཟོ་བ་དང་དམའ་འབེབས་གཏོང་བའི་བར་ཁམས་ཆུང་དུ་གཏོང་བ་དང་དུས་མཚུངས་མདུང་རྩེ་ཁ་སྤྲོད་ཀྱི་སྒོ་ནས་དོན་དངོས་ལ་བརྟེན་ནས་ཁོ་པའི་དཀྲོག་གཏམ་ཐེར་འདོན་བྱེད་པ་དང་ཁོ་པའི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན། བྱེད་ཐབས་ཐོག་གི་མགོ་སྐོར་རང་བཞིན་བཅས་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་ཚེ་མི་དེ་བས་མང་བ་ཞིག་གིས་ཁོ་པའི་རྫུན་གཏམ་ཤེས་པ་དང་། ཁོ་པའི་ངོ་བོ་གསལ་རྟོགས་ཐུབ་པ། ཁོ་པའི་གཡོ་ཇུས་ཀྱི་མཐིལ་བརྟོལ་བ་བཅས་བྱེད་ཐུབ་ནས་འཛམ་གླིང་ཐོག་དྲང་བདེན་སྐྱོང་མཁན་མི་རྣམས་མགོ་སྐོར་འོག་བསྐྱར་དུ་མི་ཚུད་པ་ཡོང་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།