དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • འགན་འཁྲིའི་བསམ་པ་དང་འོས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ཉེ་དུས་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་མཉམ་སྡེབ་ཀྱི་སློབ་སྦྱོང་ཚོགས་འདུ་འཚོགས་ཏེ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་ཚོགས་འདུ་ཐེངས་22པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་ཏེ་རང་ལྗོངས་ཀྱི་དོན་དངོས་དང་བསྟུན་ནས་རང་ལྗོངས་ཀྱི་རིག་གནས་སྒྲིག་གཞིའི་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུའི་ཐད་སྒོ་ཀུན་ནས་བཀོད་སྒྲིག་བྱས་ཡོད། ང་ཚོས་སྒོ་ཀུན་ནས་ཚོགས་འདུའི་དགོངས་དོན་སྟངས་འཛིན་བྱས་ཏེ་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་རིག་གནས་འཛུགས་སྐྱོང་གི་གནས་བབ་དང་ནུས་པ་གལ་ཆེན་ལ་ངོས་འཛིན་གང་ལེགས་དང་རིག་གནས་སྒྲིག་གཞིའི་སྒྱུར་བཅོས་ཟབ་ཏུ་གཏོང་བའི་འགན་འཁྲིའི་བསམ་པ་དང་འོས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་བཏང་ཐོག་བསམ་བློ་དེ་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་དེ་བས་རང་རྟོགས་དང་དེ་བས་རང་འགུལ་ངང་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་དགོས།

        རིག་གནས་འཛུགས་སྐྱོང་ནི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གྲུབ་ཆའི་ཆ་ཤས་གལ་ཆེན་ཞིག་ཡིན། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་རང་རྒྱལ་གྱིས་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ་དང་ཆབས་ཅིག་རིག་གནས་སྒྲིག་གཞི་སྒྱུར་བཅོས་ཚུད་པའི་ཕྱོགས་ཁག་གི་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅུ་དྲུག་པ་འཚོགས་ཚུན་རང་རྒྱལ་གྱིས་རིག་གནས་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་འཐབ་ཇུས་རང་བཞིན་གྱི་བླང་བྱ་བཏོན་པ་དང་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དབར་གྱི་དབྱེ་བ་གསལ་པོ་ཕྱེ་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཏན་འཁེལ་བྱས་ཡོད། ཏང་གི་ཚོགས་ཆེན་བཅུ་བདུན་པས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི “གནས་བཞི་གཞི་གཅིག ”གི་སྤྱི་ཡོངས་བཀོད་སྒྲིག་གི་མཐོ་ཚད་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་གི་མཐོ་རླབས་གསར་པ་འཕྱུར་བ་བྱས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཤུགས་ཆེན་དང་དར་རྒྱས་ཤུགས་ཆེན་གཏོང་རྒྱུར་སྐུལ་འདེད་གཏོང་བའི་འཐབ་ཇུས་ལས་འགན་བཏོན་པར་བརྟེན་རང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་དང་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་རིག་གནས་འཛུགས་སྐྱོང་ཐད་རྣམ་པ་གསར་པ་ཧུར་ཐག་བཏོད་ཡོད་པ་རེད།

        གྲུབ་འབྲས་མཐོང་དགོས་པ་དང་ཆབས་ཅིག་ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་ཆབ་སྲིད་སྒྲིག་གཞིའི་སྒྱུར་བཅོས་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་མ་ཐེབས་པར་བརྟེན་རིག་གནས་ཁྱབ་ཁོངས་ལ་སྲོལ་རྒྱུན་སྒྲིག་གཞིའི་ལམ་སྲོལ་གྱི་ཤུགས་རྐྱེན་ཐེབས་ཚད་ཟབ་པ་དང་རིག་གནས་སྒྲིག་གཞི་ད་དུང་རྗེས་སུ་ལུས་ཡོད་པ་དང་ལྷག་པར་དུ་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་སྤྱི་ཚོགས་དུས་བབ་ཡུན་རིང་བདེ་འཁོད་ཀྱི་འཕེལ་རིམ་མགྱོགས་སུ་ཕྱིན་པར་བརྟེན་རིག་གནས་ཀྱི་འཚོ་གནས་དང་འཕེལ་རྒྱས་ཐད་ཀྱི་དཔལ་འབྱོར་གྱི་རྨང་གཞི་དང་། སྒྲིག་གཞིའི་ཁོར་ཡུག སྤྱི་ཚོགས་ཀྱི་ཆ་རྐྱེན་བཅས་ལ་འགྱུར་ལྡོག་གཏིང་ཟབ་བྱུང་ནས་རིག་གནས་འཛུགས་སྐྱོང་ཐད་ཕན་ཡོད་ཀྱི་ཆ་རྐྱེན་མང་པོ་འཕྲད་པ་དང་ཆབས་ཅིག་ཛ་དྲག་གི་འགྲན་སློང་ཡང་འཕྲད་པ་ངོས་འཛིན་ཐུབ་པ་བྱེད་དགོས།

        རྒྱལ་སྤྱིའི་ཐོག་ནས་བལྟས་ན། འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་གོ་ལ་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་ཟབ་ཏུ་ཕྱིན་པ་བརྒྱུད་ཕྱོགས་བསྡུས་རྒྱལ་སྟོབས་ལ་དམིགས་པའི་ཕྱོགས་ཡོངས་ཀྱི་འགྲན་རྩོད་ཉིན་བཞིན་ཛ་དྲག་ཏུ་འགྲོ་བ་དང་། འཛམ་གླིང་ཁྱབ་ཁོངས་ནང་གི་རིག་གནས་སྤེལ་རེས་དང་། མཉམ་འདྲེས། གདོང་གཏུག་བཅས་དེ་བས་མངོན་གསལ་དོད་པ། རྒྱལ་སྤྱིའི་བསམ་བློའི་རིག་གནས་ཁྱབ་ཁོངས་ཀྱི་འཐབ་རྩོད་རྣོ་ངར་དང་ཪྙོག་འཛིང་ཆེ་བ་བཅས་ཡོད་པར་བརྟེན་རྒྱལ་ཁབ་ཀྱི་རིག་གནས་བདེ་འཇགས་སྲུང་སྐྱོང་བྱ་རྒྱུའི་ལས་འགན་ཧ་ཅང་ལྕི་པོ་ཡོད། རིག་གནས་དེ་རྒྱལ་ཁབ་ཁག་གི་སྲོག་ཤིང་འགྲན་རྩོད་ཀྱི་ནུས་པའི་རྒྱུ་རྐྱེན་གལ་ཆེན་དུ་གྱུར་ཡོད་ལ་རྒྱལ་ཁབ་དེ་བས་མང་པོ་ཞིག་གིས་རིག་གནས་ཀྱི་མངོན་ཤུགས་མཐོ་རུ་གཏོང་རྒྱུ་དེ་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་དུ་བཞག་ཡོད། རིག་གནས་ཐོན་ལས་དེ་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕར་གནས་གསར་པ་དང་། རྒྱལ་ཁབ་ཁག་གི་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཀ་རྟེན་ཐོན་ལས། རྒྱལ་སྤྱིའི་དཔལ་འབྱོར་འགྲན་རྩོད་དང་རིག་གནས་སྤེལ་རེས་ཀྱི་འཐབ་ས་གལ་ཆེན་བཅས་སུ་གྱུར་ཡོད།

        རྒྱལ་ནང་ནས་བལྟས་ན། སྲོལ་རྒྱུན་རིག་གནས་སྒྲིག་གཞིའི་ལམ་སྲོལ་གྱིས་རིག་གནས་ཐད་ཐོན་པའི་འགལ་རྐྱེན་གྱི་ཤུགས་རྐྱེན་ཉིན་བཞིན་མངོན་པར་བརྟེན་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་པོ་མེད་པ་དང་། སྤྱི་པའི་རིག་གནས་ཞབས་ཞུའི་ནུས་པ་ཆེན་པོ་མེད་པ། རིག་གནས་ཤེས་ལྡན་པའི་སྒྲིག་བཀོད་དང་ཆགས་ཚུལ་ལུགས་མཐུན་མེད་པ། གྲོང་གསེབ་ཀྱི་གཞི་རིམ་རིག་གནས་འཛུགས་སྐྱོང་རྗེས་སུ་ལུས་པ་བཅས་དང་རིག་གནས་འཕེལ་རྒྱས་དེ་ད་དུང་མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་གོང་མཐོར་འགྲོ་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་དང་མི་འཚམ་པ་དང་། འཕེལ་རྒྱས་མགྱོགས་སུ་འགྲོ་བའི་དེང་དུས་བརྒྱུད་གཏོང་བྱེད་ཐབས་དང་མི་འཚམ་པ། རྒྱུན་ཆད་མེད་པར་རྒྱ་ཆེར་འགྲོ་བའི་ཕྱི་ཕྱོགས་སྒོ་དབྱེ་དང་མི་འཚམ་པ། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་དུས་བབ་གསར་པའི་བླང་བྱ་དང་མི་འཚམ་པ་བཅས་ཡིན།

        རང་ལྗོངས་ཀྱི་དངོས་ཡོད་གནས་ཚུལ་ནས་བལྟས་ན། རང་ལྗོངས་དང་མེས་རྒྱལ་ནང་སའི་ཞིང་ཆེན་མང་པོའི་དབར་བསྡུར་ན་ད་དུང་དར་རྒྱས་འགོར་བའི་ས་ཁུལ་གྱི་ཁོངས་སུ་གཏོགས་པ་དང་རིག་གནས་འཛུགས་སྐྱོང་ཡང་དེ་ལྟར་ཡིན། རིག་གནས་འཛུགས་སྐྱོང་གི་ད་ལྟའི་རྣམ་པ་དེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་ཡུན་རིང་བདེ་འཁོད་མངོན་འགྱུར་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོང་ཁུལ་བསྐྲུན་པའི་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ་བཅས་དང་ད་དུང་འཚམ་ཐུབ་ཀྱི་མེད། རང་ལྗོངས་ཀྱི་རིག་གནས་སྒྲིག་གཞི་སྒྱུར་བཅོས་ཀྱི་འགོ་འཛུགས་ས་ཕྱི་བ་དང་རིག་གནས་ཀྱི་ཞབས་ཞུའི་ནུས་པ་ཆེན་པོ་མེད། ལྷག་པར་དུ་ཞིང་འབྲོག་ཁུལ་གྱི་རིག་གནས་འཛུགས་སྐྱོང་རྗེས་ལུས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཉམས་ཞན། རིག་གནས་ཞབས་ཞུའི་ཁྱབ་རྒྱ་ཆུང་བ། འཕེལ་རྒྱས་ཀྱི་ཆུ་ཚད་དོ་སྙོམས་མེད་པར་བརྟེན་རིག་གནས་སྒྲིག་གཞིའི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་རིག་གནས་འཛུགས་སྐྱོང་དེ་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན་བཅས་དང་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་ལྷག་པར་དུ་དྲིལ་བསྒྲགས་དང་བསམ་བློའི་རིག་གནས་འཐབ་ཕྱོགས་ཀྱི་དོར་ཐབས་མེད་པའི་འགན་འཁྲི་དང་འོས་འགན་ཞིག་ཏུ་གྱུར་ཡོད་ལ་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཏུའང་གྱུར་ཡོད།

        མིག་སྔར་རང་ལྗོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད་པས། རིག་གནས་འཛུགས་སྐྱོང་ཐད་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་དུས་སྐབས་བཟང་ཤོས་དེ་བསུས་པ་དང་རིག་གནས་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དེ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུའི་ཐད་ཕན་ཡོད་ཀྱི་ཆ་རྐྱེན་རབ་དང་རིམ་པ་འཛོམས་པར་བརྟེན་གོ་སྐབས་མི་ཤོར་བ་བྱེད་དགོས། ང་ཚོས་ངེས་པར་དུ་གོ་སྐབས་དམ་འཛིན་དང་། གཅིག་གྱུར་འཆར་འགོད་དང་ཇུས་འགོད། བསམ་ཕྱོགས་གསལ་བཟོ། བབ་བསྟུན་འཕྲལ་སྒྲུབ་བཅས་བྱས་ཏེ་ཚད་མཐོའི་འགན་འཁྲིའི་བསམ་པ་དང་འོས་འགན་སྒྲུབ་སེམས་ཀྱི་ཐོག་ནས་ལོ་རྒྱུས་ཀྱི་འོས་འགན་ཕྲག་ཐོག་ཏུ་འཁུར་བ་དང་དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་བསྟུན་ཏེ་དེ་བས་རང་རྟོགས་དང་རང་འགུལ་གྱི་སྒོ་ནས་རིག་གནས་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་བཏང་ཐོག་རིག་གནས་ཀྱི་ཐོན་སྐྱེད་ནུས་ཤུགས་གང་ལེགས་མངོན་པ་བྱས་ཏེ་རང་ལྗོངས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།