དབུ་ཤོག>གསར་འགྱུར།
  • གཅེས་པར་འོས་པའི་མི་དམངས་བུ་ཕྲུག་དམག

  •     རྩོམ་པ་པོ།  སྤེན་སྒྲོལ། ལྷག་པ་བུ་ཁྲིད།   |     སྤེལ་དུས།  2015-05-08

    རང་བྱུང་གནོད་འཚེ་བྱུང་བའི་སྐབས་ག་དུས་ཡིན་རུང་མི་དམངས་བཅིངས་འགྲོལ་དམག་གིས་འཐབ་ས་མདུན་མར་སྐྱོད་དེ་ཚང་མ་མྱུར་སྐྱོབ་ཀྱི་ལས་ལ་ཞུགས་ཀྱི་ཡོད། སྙིང་རྗེ་མེད་པའི་རང་བྱུང་གི་གནོད་འཚེའི་ཁྲོད་ཁོ་པ་ཚོས་མི་དམངས་ཀྱི་ཆེད་དུ་དཔའ་ངར་ཆེན་པོས་རོགས་སྐྱོབ་བྱེད་པ་དེ་ནི་མི་རྣམས་ཀྱི་སེམས་ཀྱི་གཏིང་དུ་གསལ་གསལ་ཐིང་ཐིང་རེད་ལ། ཆེས་བླ་ན་མེད་པའི་འགན་འཁྲི་ཞིག་ཀྱང་རེད། ཚ་ཚ་འུར་འུར་གྱི་གེགས་སེལ་རྣམ་པའི་ཁྲོད་ཁོ་ཚོས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་སྐྱོབ་རྒྱུ་དེ་རང་ཉིད་ཀྱི་དོར་ཐབས་མེད་པ་དང་གཞན་ལ་སྐྱུར་ཐབས་མེད་པའི་འགན་འཁྲི་ཞིག་དུ་ངོས་འཛིན་བྱེད་ཀྱི་ཡོད་ལ། ཁོ་ཚོའི་བྱ་སྤྱོད་དང་སྐད་ཆ་ལས་མི་དམངས་མང་ཚོགས་བར་གྱི་ཉ་ཆུའི་བརྩེ་སེམས་དེ་མངོན་ཐུབ།

    ནེ་པ་ལར་ས་ཡོམ་རིམ་པ་8.1བརྒྱབ་པ་དེ་ཤུགས་རྐྱེན་ལས་བོད་ཀྱི་གཞིས་རྩེའི་གཉའ་ལམ་དང་སྐྱིད་གྲོང་། དིང་རི། ས་དགའ། འབྲོང་པ། གྲོ་མོ། སྤུ་ཧྲེང་རྫོང་སོགས་ཀྱི་གྲོང་ཚོ་ཁག་གཅིག་ཏུ་ཁང་པ་མི་ཉུང་རྡིབ་པ་དང་། གཞུང་ལམ་གཏོར་སྐྱོན་ཕོག་པ་སོགས་ཀྱི་གནོད་འཚེ་ཚབས་ཆེན་ཕོག་ཡོད་པ་རེད། གནོད་འཚེ་བྱུང་རྗེས། བོད་ཀྱི་འཐབ་ས་དང་པོའི་བཀོད་འདོམས་པུའུ་ཡིས་གནོད་འཚེ་ཕོག་ཁུལ་གྱི་གནས་ཚུལ་ལ་གཞིགས་ནས་སྨན་བཅོས་རུ་ཁག་དང་རོགས་སྐྱོབ་རུ་ཁག་གནོད་འཚེ་ཕོག་ཁུལ་དུ་མགྱོགས་མྱུར་ངང་མངགས་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་མི་སྣ་འཚོལ་སྐྱོབ་དང་མྱུར་སྐྱོབ་བྱེད་པ། གུར་དང་སྲིང་བལ་གྱི་གྱོན་ཆས། དེ་བཞིན་བཟས་རིགས་དང་སྨན་རྫས། འཐུང་ཆུ་སོགས་རྒུད་སྐྱོབ་གྱི་དངོས་རྫས་རྣམས་རྒྱུན་འཆད་མེད་པར་གནོད་འཚེ་ཕོག་ཁུལ་དུ་དབོར་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རྒྱུ་ལྡན་འཚོ་བ་འགན་ལེན་བྱས་ཡོད། ས་ཡོམ་རྒྱབ་རྗེས་ཀྲུང་གོ་མི་དམངས་བུ་ཕྲུག་དམག་གིས་མྱུར་དུ་གེགས་འགོག་གེགས་སེལ་གྱི་ལས་དོན་སྤེལ་སྒོ་བརྩམས་པ་དང་། ཁོང་ཚོས་ས་གནས་ས་ཐོག་ཏུ་ཉིན་མཚན་ཁ་ཤས་ཟས་དང་གཉིད་མེད་པར་གེགས་འགོག་གེགས་སེལ་གྱི་ལས་ལ་བྲེལ། གང་ཡིན་ཟེར་ན་དུས་ཚོད་སྐར་ཆ་ཙམ་ཡང་འཕྲོ་བརླག་དུ་ཕྱིན་ན་མི་དུ་མའི་ཚེ་སྲོག་ཤོར་འགྲོ་བ་དེ་ཤེས་ཀྱི་ཡོད་པས་རེད། དཀའ་ངལ་ལ་མི་སྐྲག་པ་དང་། ཞུམ་པ་མེད་པའི་སྙིང་སྟོབས་དེ་ནི་ང་ཚོའི་གཅེས་པར་འོས་པའི་མི་དམངས་བཅིངས་འགྱོལ་དམག་གི་རང་གཤིས་དེ་མ་རེད་དམ།

    མི་དམངས་མང་ཚོགས་དང་རྒྱལ་ཁབ་ཀྱི་རྒྱུ་ནོར་ཆེད་དུ་ཁོ་ཚོས་དཀའ་སྡུག་ལ་མ་འཛེམས་པར་རང་བྱུང་གནོད་འཚེར་འཐབ་རྩོད་བྱེད་ཀྱི་ཡོད་པ་རེད། བརྩེ་བ་ནི་ཁོ་ཚོའི་ལག་ཐོག་ནས་རྒྱུད་སྤྲོད་དང་ཁོ་ཚོའི་གདོང་པ་རྔུལ་་ཆུ་ཡི་བརླན་ཀྱང་། དེས་འཛམ་གླིང་ཐོག་ཆེས་མཛེས་སྡུག་ཆེས་བརྩེ་བའི་རྒྱུགས་ཆུ་ལྟ་བུ་ཞིག་ཆགས་ཡོད་པ་རེད། ཁོ་ཚོས་ཉེན་ཁར་མི་འཛེམ་པར་རང་བྱུང་གི་གནོད་འཚེ་ལས་གྲོལ་བའི་མི་རྣམས་སྐྱོབ་པ་དང་རང་འགུལ་དང་གནོད་འཚེ་དེ་བཀའ་རྒྱར་བརྩིས་ནས་ནུས་ཤུགས་ཡོད་རྒུས་གེགས་འགོག་གེགས་སེལ་ལས་ལ་གཞོལ་ནས་མི་སེམས་འགུལ་བའི་བྱས་རྗེས་སྐྲུན་ཏེ་འཛམ་གླིང་ཡོངས་ཀྱི་སྐྱེ་བོ་རྣམས་ལ་སེམས་འགུལ་ཐེབས་སུ་བཅུག་པ། གང་འདྲ་ཞིག་ལ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་ཞེས་པ་དེ་ང་ཚོར་ཚོར་དུ་བཅུག་པ་བཅས། དེ་དག་ཚང་མ་སྐྲུན་མཁན་ནི་ང་ཚོའི་ཆེས་གཅེས་པར་འོས་པའི་མི་དམངས་བུ་ཕྲུག་དམག་རེད།

    རང་བྱུང་གནོད་འཚེར་སྙིང་རྗེ་མེད་ཀྱང་མི་ཡུལ་ལ་བརྩེ་བས་ཁེངས། གེགས་འགོག་གེགས་སེལ་གྱི་འཐབ་ས་མདུན་མར་བསྐྱོད་མཁན་ནི་དུས་ནམ་ཡང་ང་ཚོའི་ཆེས་གཅེས་པར་འོས་པའི་མི་དམངས་བུ་ཕྲུག་དམག་རེད། གེགག་འགོག་གེགག་སེལ་ཁྲོད་ཁོ་པ་ཚོའི་གྲིབ་གཟུགས་གང་སར་མངོན་རྒྱུ་ཡོད་པས་ཁོ་ཚོ་ནི་འཛམ་གླིང་ཐོག་ཆེས་གཅེས་པར་འོས་པ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།