དབུ་ཤོག>གསར་འགྱུར།
  • ལྷ་སའི“ས་གཙང་ཐོན་ལས”སྤུས་རྟགས་ཀྱི་ཕན་འབྲས་རགས་ཙམ་མངོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-08

    ཉེ་བའི་ལོ་ཤས་རིང་། རྒྱལ་ཡོངས་ས་གནས་ཁག་གི་དཔལ་འབྱོར་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་སོང་བ་དང་བསྟུན་ནས་བོད་ཀྱིས་ཀྱང་ཡར་རྒྱས་ཧུར་ཐག་བཏང་སྟེ་འགྲེམས་ཚོགས་ནང་ཐེངས་མང་ཞུགས་པས་དཔལ་འབྱོར་གོང་འཕེལ་ཡོང་བར་སྐུལ་མ་ཐེབས་པ་མ་ཟད། རང་ལྗོངས་ཀྱི་ཁེ་ལས་ཕྱིར་བསྐྱོད་རྒྱུར་ལས་སྟེགས་བཏོད་དེ་ཁེ་ལས་ཆེ་གྲས་དབར་ཕན་ཚུན་སློབ་སྦྱོང་བྱ་རྒྱུར་གོ་སྐབས་དང་ཉམས་མྱོང་བྱུང་ཡོད་ལ་ལྷ་ས་གྲོང་ཁྱེར་ནས་འགྲེམས་ཚོགས་བྱེད་སྒོ་དེ་དག་ནང་ཞུགས་མཁན་གཙོ་ཤུགས་དམག་ལྟ་བུ་ནི་ས་གཙང་ལྷད་མེད་ཐོན་རྫས་ཡིན་པ་རེད།

    “ཉེ་བའི་ལོ་གཉིས་རིང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་ལྷ་ས་གྲོང་ཁྱེར་གྱི་ཁེ་ལས་འགྲེམས་ཚོགས་མང་པོའི་ནང་ཞུགས་ཏེ་བོད་ཀྱི་དཔལ་འབྱོར་གོང་འཕེལ་ཡོང་བའི་འགན་ལེན་ནུས་ལྡན་བྱས་ཡོད”ཅེས་དང་ལྷ་སའི་དཔལ་འབྱོར་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། སྲིད་གཞུང་གིས་རིགས་མི་འདྲ་བའི་འགྲེམས་ཚོགས་སྣ་ཚོགས་སྒྲིག་འཛུགས་བྱས་ནས་འཛད་སྤྱོད་བྱ་རྒྱུར་སྐུལ་མ་བཏང་ཡོད་ཅེས་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བཤད་པ་རེད། འགན་འཁུར་བ་དེས་ངོ་སྤྲོད་བྱས་པར་གཞིགས་ན། འགྲེམས་ཚོགས་དེ་དག་ནས་ལ་ལ་ནི་དམངས་ཁྲོད་ཁེ་ལས་ཀྱིས་སྒྲིག་འཛུགས་བྱས་པའི་སྤེལ་རེས་འདུ་ཚོགས་ཡིན་པ་དང་། ལ་ལ་ནི་ནང་སའི་སྲིད་གཞུང་གིས་སྒྲིག་འཛུགས་བྱས་ནས་བོད་ཀྱི་ཁེ་ལས་གདན་ཞུས་ལྟར་ཞུགས་པ་ཡིན། ལ་ལ་ནི་བོད་ཀྱིས་སྒྲིག་འཛུགས་བྱས་པའི་འགྲེམས་ཚོགས་ཡིན་པས་ནང་སའི་ཁེ་ལས་ཞུགས་ཏེ་ཕན་ཚུན་ཉམས་མྱོང་སྤེལ་རེས་བྱས་ནས་ཐོན་རྫས་ཕྱིར་ཚོང་ཐད་སྐུལ་འདེད་བཏང་ཡོད་པ་རེད།

    གཞན་ཡང་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཚོང་འགུགས་ཅུས་ཀྱི་ལས་དོན་པས་ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ལོ་ལྟར་རང་ལྗོངས་ཀྱི་ཁེ་ལས་ཀྱིས་ཐོན་སྐྱེད་བྱས་པའི་ཁྱད་ལྡན་ཐོན་ལས་ཁྱེར་ནས་ཀྲུང་གོའི་ཤར་ནུབ་རྒྱུད་ཀྱི་མཉམ་ལས་དང་མ་འཇོག་ཉོ་ཚོང་གི་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་། ཀྲུང་གོའི་ལན་ཀྲོའུ་ཡི་མ་འཇོག་ཚོང་དོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་། ཀྲུང་གོའི་རྒྱལ་སྤྱིའི་མ་འཇོག་ཚོང་དོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་། ཀྲུང་གོའི་ནུབ་རྒྱུད་ཀྱི་དངོས་མང་སྟོན་ཚོགས་སོགས་རྒྱལ་ཁབ་ཕྱི་ནང་གི་འགྲེམས་ཚོགས་ཆེ་གྲས་ནང་ཞུགས་པས་ཕན་འབྲས་ཡག་པོ་ཐོན་ཡོད། ལས་དོན་པ་དེས“ང་ཚོས་ལོ་ལྟར་ནང་སའི་འགྲེམས་ཚོགས་ནང་ཐེངས་ལྔ་དྲུག་ཞུགས་ནས་རང་ལྗོངས་ཀྱི་ཁྱད་ལྡན་ཐོན་ལས་ཕྱིར་འཚོང་བྱེད་པ་དང་ཆབས་ཅིག་གོ་སྐབས་དེ་དང་བསྟུན་ནས་ནང་སའི་ཉམས་མྱོང་བཟང་པོ་ཁག་གཅིག་ལ་སློབ་སྦྱོང་བྱེད་ཀྱི་ཡོད”ཅེས་བཤད་པ་རེད།

    “འགྲེམས་ཚོགས་བྱེད་སྒོ་ཡོད་དོ་ཅོག་ནས་དགའ་བསུ་ཐོབ་ཆེ་ཤོས་ནི་ལྷ་ས་ས་གཙང་ལྷད་མེད་ཐོན་ལས་ཀྱི་ཐོན་རྫས་རེད་འདུག”ཅེས་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དཔལ་འབྱོར་འབྲེལ་གཏུག་ཁྲུའུ་ཡི་ཁྲུའུ་ཀྲང་ཆིན་ལིན་གྱིས་ངོ་སྤྲོད་བྱས་ཤིང་། ཁོང་གིས་ཚགས་ཤ་དང་སྤོས་སོགས་ས་གཙང་ལྷད་མེད་ཐོན་རྫས་ལ་ཧ་ཅང་དགའ་པོ་བྱེད་ཀྱི་འདུག མིག་སྔའི་གནས་ཚུལ་ལ་བལྟས་ན་ཐོན་རྫས་ཀྱི་ཁྲོམ་རའི་འགྲན་རྩོད་དེ་རིན་གོང་དང་། སྤུས་ཚད། ཞབས་ཞུ་བཅས་ཀྱི་འགྲན་རྩོད་ནས་སྤུས་རྟགས་འགྲན་རྩོད་དུ་བསྒྱུར་བར་བརྟེན་ལྷ་སའི་ཁྱད་ལྡན་སྤུས་རྟགས་གཏོད་རྒྱུ་དེ་སྔར་བས་གལ་འགངས་ཆེ་བས་ལྷ་སའི་ས་གཙང་ལྷད་མེད་ཐོན་རྫས་འདི་ཉིད་གདམ་ག་ཡག་ཤོས་སུ་གྱུར་ཡོད་ཅེས་བཤད་པ་རེད།

    གྲངས་གཞི་ལས་མངོན་པར་གཞིགས་ན། 2014ལོའི་ཞོ་སྟོན་རིང་ལྷ་ས་གྲོང་ཁྱེར་ཡོངས་སུ་ས་གཙང་ལྷད་མེད་ཐོན་ལས་རྣམ་གྲངས་ཀྱི་གན་རྒྱ་འཇོག་ཚད་རྣམ་གྲངས་53ཟིན་པར་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་248.1ཟིན་པ་དང་དེའི་ནང་ནས་དངོས་སུ་གན་རྒྱ་བཞག་པའི་རྣམ་གྲངས་36ཟིན་པར་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་33.66ཟིན་ཡོད་པ་རེད། 2014ལོའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་དང་པོའི་རིང་ལྷ་ས་གྲོང་ཁྱེར་གྱིས་ཁེ་ལས་དང་མཉམ་ལས་ཁང་30ལྷག་ཙམ་སྒྲིག་འཛུགས་བྱས་ནས་ས་གཙང་ལྷད་མེད་ཐོན་ལས་འགྲེམས་ཚོགས་སུ་ཞུགས་པ་དང“ལྷ་སའི་ཁྱད་ལྡན་ཐོན་ལས་འགྲེམས་ཚོགས་ཁང”བཙུགས་ཏེ་ལྷ་སའི་ས་གཙང་ལྷད་མེད་ཐོན་ལས་ཕྱོགས་ཡོངས་ནས་མངོན་པར་བྱས་པས་ལྟ་སྐོར་བ་མི་ཐེངས་ཁྲི་2.1ཙམ་དང་ཐོན་རྫས་ཕྱིར་ཚོང་བྱེད་ཚད་དངུལ་སྒོར་ཁྲི་117.8ཟིན་པ་དང་ཐོན་རྫས་མངགས་ཐོ་དངུལ་སྒོར་ཁྲི་108ཟིན་ཡོད། དེའི་ནང་སྨན་རྩ་མཱ་ཁ་དང་། ནས་ཀྱི་ཐོན་རྫས་རབ་དང་རིམ་པ། ཚཌ་ཤའི་ཐོན་རྫས་རབ་དང་རིམ་པ། སྤོས། དྲི་ཞིམ་ཆུ། བོད་རུམ། ས་གདན་སོགས་ཡུལ་ཟོག་ལ་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།

    ཆིན་ལིན་གྱིས“ལྷ་སའི་ས་གཙང”ཐོན་ལས་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་ནི་མདུན་ལམ་ཡག་ཤོས་ཀྱི་གདམ་ག་ཞིག་ཡིན་པས་སྲིད་གཞུང་སྡེ་ཚན་གྱིས་ཀྲུང་གོའི་ཞིང་ལས་ཐོན་རྫས་སྤུས་ལེགས་གསར་སྤེལ་ཞབས་ཞུ་མཐུན་ཚོགས་གདན་ཞུ་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་ཐོན་ཁུངས་ཆ་རྐྱེན་དང་ཐོན་ལས་འཕེལ་རྒྱས་ཀྱི་ཁྱད་ཆོས་གཞིར་བཟུང《ལྷ་ས་ས་གཙང་ལྷད་མེད་ཐོན་ལས་ཀྱི་སྤུས་རྟགས་གཏོད་པའི་འཆར་འགོད》བཟོས་པ་དང་དེའི་ནང“ལྷ་ས་ས་གཙང་ཐོན་ལས”ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ཀྱི་འཐབ་ཇུས་གནས་བབ་དང་འཕེལ་རྒྱས་ཁ་ཕྱོགས་ཁ་གསལ་བཟོས་པ་དང་། ས་ཁོངས་སྤུས་རྟགས་དང་། ལས་རིགས་སྤུས་རྟགས། ཁེ་ལས་སྤུས་རྟགས། ཐོན་རྫས་སྤུས་རྟགས་བཅས་རིམ་པ་མང་བའི་སྤུས་རྟགས་མ་ལག་བཏོད་དེ་ཁེ་ལས་ཀྱི་སྤུས་རྟགས་སྐྱེད་སྲིང་དང་བསྡུ་སྒྲིལ་ཡོང་བར་སྐུལ་མ་བཏང་བ། སྤུས་རྟགས་ཀྱི་ཕན་ནུས་འདོན་སྤེལ་བྱས་པ། འདུས་འཛོམས་ཐོན་ལས་ཀྱི་ལེགས་ཆ་དེ་ས་ཁོངས་ཀྱི་སྤུས་རྟགས་ལེགས་ཆར་བསྒྱུར་བ་བཅས་བྱས་པ་དང་དུས་མཚུངས་ཞོ་སྟོན་རིང“ཞིང་ལས་སྟོབས་ཆེར་གཏོང་བ་དང་རྒྱལ་ཁབ་མངའ་ཐང་རྒྱས་པའི་ཀྲུང་གོའི་ཕུགས་འདུན། སྤུས་རྟགས་ཞིང་ལས་ཀྲུང་གོར་ཁྱབ་སྤེལ་གཏོང་བ་སྟེ་ལྷ་སར་བསྐྱོད་པའི”བྱེད་སྒོ་སྤེལ་ནས་ཞོ་སྟོན་འདི་ཉིད་ས་གཙང་ལྷད་མེད་ཐོན་ལས་མངོན་པའི་ལས་སྟེགས་སུ་བཏོད་དེ་སྤུས་རྟགས་སྐད་གྲགས་ཆོད་ཚད་དང་གོང་མཐོར་བཏང་སྟེ“ལྷ་ས་ས་གཙང”སྤུས་རྟགས་ཀྱི་རིན་གོང་མཐོ་རུ་བཏང་ནས་ལྷ་སའི་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་ཕུལ་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།