དབུ་ཤོག>གསར་འགྱུར།
  • སྤྱི་སྤྱོད་རླངས་འཁོར་བབས་ཚུགས་སུ་ལམ་ཐིག་ཕྱོགས་སྟོན་གྱི་ཆ་འཕྲིན་སྦྱར་ནས་མང་ཚོཌ་ལ་སྟབས་བདེ་སྐྲུན་དགོས།

  •     རྩོམ་པ་པོ།  ཀུའུ་ལི་ཡིས།   |     སྤེལ་དུས།  2015-05-08

    སྨྱུག་འཛིན་པ་དང་གྲོགས་པོ་ཁག་གཅིག་ཅི་འཕྲོས་མོལ་འཕྲོས་བྱེད་སྐབས་ཁོང་ཚོས་ལྷ་སའི་སྤྱི་སྤྱོད་རླངས་འཁོར་བབས་ཚུཌ་ཀྱི་བྱང་བུའི་ཐོག་གི་ལམ་ཐིག་ཕྱོགས་སྟོན་གྱི་ཆ་འཕྲིན་མི་ཚང་བ་མ་ཟད། ཐ་ན་བབས་ཚུགས་འགའ་རེར་ལམ་ཐིག་ཕྱོགས་སྟོན་གྱི་ཆ་འཕྲིན་རྩ་བའི་ཆ་ནས་མེད་པའི་འཁང་ར་བྱེད་ཀྱི་འདུག འོན་ཀྱང་རང་ཉིད་དུས་རྒྱུན་སྤྱི་སྤྱོད་རླངས་འཁོར་ནང་སྡོད་རྒྱུ་ཉུང་ཉུང་ཡིན་པས་ཁོང་ཚོའི་འཁང་རར་སྣང་བ་དེ་ཙམ་བཞག་མེད།

    ཉིན་ཤས་གོང་རང་ཉིད་གྲོང་ཁྱེར་ཤར་འདབས་སུ་ལས་དོན་སྒྲུབ་པར་འགྲོ་དགོས་སྟབས་ངས་ཐག་ཉེ་ཤོས་ཀྱི་དབུན་ཀྲོའུ་ཚོང་གྲོང་གི་སྤྱི་སྤྱོད་རླངས་འཁོར་བབས་ཚུགས་སུ་བསྐྱོད་དེ་སྤྱི་སྤྱོད་རླངས་འཁོར་ནང་སྡོད་རྩིས་བྱས་པ་ཡིན། སྤྱི་སྤྱོད་རླངས་འཁོར་བབས་ཚུགས་སུ་སླེབས་རྗེས་ལམ་ཐིག་ཕྱོགས་སྟོན་གྱི་ཆ་འཕྲིན་ཐེངས་མང་འཚལ་ཡང་དམིགས་སར་སྐྱོད་སའི་ལམ་ཐིག་གཅིག་ཀྱང་མིན་འདུག དེས་ན་ངས་བདལ་གཏོང་རླངས་འཁོར་སྡོད་རྒྱུའི་ཐག་བཅད་པ་ཡིན། བདལ་གཏོང་རླངས་འཁོར་སྒུག་ནས་སྡོད་པའི་དུས་ཚོད་སྐར་ཆ་བཅུ་ལྷག་ཙམ་ནང་ཉུང་མཐར་ཡང་ད་དུང་ལམ་ཐིག་བཞི་ཡི་སྤྱི་སྤྱོད་རླངས་འཁོར་ལམ་དེ་ནས་བརྒྱུད་པ་མ་ཟད། དབུན་ཀྲོའུ་ཚོང་གྲོང་གི་སྤྱི་སྤྱོད་རླངས་འཁོར་བབས་ཚུགས་སུ་ཁ་བཀག་གི་ཡོད་མོད། འོན་ཀྱང་ལམ་ཐིག་དེ་དག་གི་ཆ་འཕྲིན་བབས་ཚུགས་སུ་གང་ཡང་བཀོད་མེད་པ་ཤེས་རྟོགས་བྱུང་།

    བྱང་བུའི་ཐོག་གི་ལམ་ཐིག་ཕྱོགས་སྟོན་གྱི་ཆ་འཕྲིན་ཁ་གསལ་མེད་པ་དེ་གནད་དོན་ཆུང་ངུ་ཞིག་ལ་བརྩི་མི་རུང་། དེས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བ་སྤྱི་སྤྱོད་རླངས་འཁོར་སྡོད་སྐབས་སྟབས་མི་བདེ་བ་བཟོ་གི་ཡོད། མ་གཞི་སྤྱི་སྤྱོད་རླངས་འཁོར་དེ་རྒྱ་ཆེའི་གྲོང་མིར་སྟབས་བདེ་བསྐྲུན་ཆེད་ཡིན་རུང་ཆ་འཕྲིན་ཁ་གསལ་མེད་པ་དེས་མི་མང་པོ་ཞིག་ལ་སྟབས་བདེ་ཡོང་གི་མེད།

    གྲོང་ཁྱེར་གྱི་སྤྱི་སྤྱོད་འགྲིམ་འགྲུལ་ནི་རྒྱ་ཆེའི་མང་ཚོཌ་ཀྱི་འཚོ་བ་དང་འབྲེལ་བ་ཡོད་པའི་རྨང་གཞིའི་རང་བཞིན་གྱི་དམངས་འཚོའི་འདུ་འགོད་གཅིག་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། ལྷ་སའི་ལྟེ་བའི་གྲོང་ཁུལ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་། གྲོང་ཁྱེར་གྱི་དངོས་ཡོད་སྟོབས་ཤུཌ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། གྲོང་ཁྱེར་གྱི་མི་འབོར་ཟམ་མི་ཆད་པར་མང་དུ་ཕྱིན་པ་དང་ཆབས་ཅིག་རྒྱ་ཆེའི་གྲོང་ཁྱེར་གྱི་གྲོང་མི་དང་ཕྱི་ནས་ཡོང་བའི་ཡུལ་སྐོར་བས་གྲོང་ཁྱེར་གྱི་སྤྱི་སྤྱོད་འགྲིམ་འགྲུལ་དང་ལྷག་པར་དུ་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ལ་རེ་བ་འདོན་ཚད་ཀྱང་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བཞིན་ཡོད།

    ལྷ་ས་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ནི་དུས་དང་རྣམ་པ་ཀུན་ཏུ་གྲོང་ཁྱེར་གྱི་དོ་དམ་ལ་འགལ་རྐྱེན་བཟོ་བའི་དཀའ་གནད་ཅིག་ཡིན་ཞིང་། དེའི་ཐད་དེ་སྔོན་མི་རྣམས་ཀྱིས་སྲིད་གཞུང་གིས་མ་དངུལ་གཏོང་ཚད་མི་འདང་བ་དང་། ཁེ་ལས་ཀྱི་མ་དངུལ་ཁ་ཐང་བ། མཁྲེགས་ཆས་འཛུགས་སྐྲུན་བྱེད་ཚད་མི་འདང་བ་བཅས་ཀྱི་ངོས་འཛིན་བྱེད་ཀྱི་ཡོད་མོད། འོན་ཀྱང་ཉེ་བའི་ལོ་ཤས་ནང་གི་བརྟག་དཔྱད་བྱས་པའི་འབྲས་བུའི་ཐོག་ནས་མངོན་པར། སྲིད་གཞུང་གིས་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ལ་མ་དངུལ་གཏོང་ཚད་ལོ་རེ་བཞིན་མང་དུ་བཏང་བས་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གྱི་མཁྲེགས་ཆས་ཀྱང་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད་མོད། འོན་ཀྱང་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གྱི་ཞབས་ཞུའི་འདུ་ཤེས་དང་། ཞབས་ཞུའི་ཆུ་ཚད། སྐྱེལ་འདྲེན་ལས་ཕྱོད་བཅས་ལེགས་སུ་དེ་ཙམ་ཕྱིན་མེད།

    དེའི་རྒྱུ་རྐྱེན་རྩད་གཅོད་ཞིབ་དཔྱད་བྱས་ཚེ་རྒྱལ་ནང་གི་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གྱི་དོ་དམ་ཆུ་ཚད་མཐོ་ཙམ་ཡོད་པའི་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་དང་བསྡུར་བ་དང་དབྱི་ཞིབ་ཞིབ་ཚགས་བྱས་ཚེ་ང་ཚོས་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་དོ་དམ་གྱི་ངོ་བོ་དང་ནང་དོན་ལ་ལྷོད་གཡེང་ཤོར་བ་རྟོགས་ཐུབ།

    དེར་བརྟེན་སྨྱུག་འཛིན་པས་འབྲེལ་ཡོད་སྡེ་ཚན་ལ་བསམ་བློའི་འདུ་ཤེས་རྙིང་པར་འགྱུར་ལྡོག་བཏང་ནས་སྲོལ་རྒྱུན་གྱི“མཁྲེགས་ཆས”ལ་དམ་འཛིན་བྱས་ནས“མཉེན་ཆས”ལ་སྣང་ཆུང་བྱེད་མི་རུང་བར་དེང་རབས་ཁེ་ལས་ཀྱི་དོ་དམ་ཚད་གཞིར་བརྟེན་ནས་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ཁེ་ལས་ལ་བླང་བྱ་ནན་པོ་འདོན་དགོས། དེ་དང་ཆབས་ཅིག་སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་ལྷག་པར་དུ་སྤྱི་ཚོགས་ཀྱི་དམངས་ཚོགས་དང་སྤྱི་ཚོགས་ཚོགས་པས་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ཁེ་ལས་ལ་ལྟ་སྐུལ་དང་དཔྱད་ཞིབ་བྱེད་མང་དུ་གཏོང་བ་དང་སྤྱི་སྤྱོད་རླངས་འཁོར་གྱི་ཁེ་ལས་ལ་དུས་བཀག་བཞིན་ལྟ་སྐུལ་བྱེད་པའི་ནང་ཞུགས་ནས་སྐྱེལ་འདྲེན་ཆུ་ཚད་མཐོ་རུ་བཏང་སྟེ་གྲོང་ཁྱེར་གྱི་གྲོང་མིར་དེ་བས་ལེགས་པའི་ཞབས་འདེགས་ཞུ་ཐུབ་པ་བྱེད་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།