དབུ་ཤོག>གསར་འགྱུར།
  • རྨང་བརྟན་དམངས་ཕན་བྱེད་སྒོ་གཏིང་ཟབ་ཕྱོགས་སུ་སྤེལ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཝང་ཡཱ་ཧུའེ།   |     སྤེལ་དུས།  2015-05-08

    རང་སྐྱོང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་སྤེལ་ནས་ལོ་གསུམ་ལྷག་ཙམ་སོང་རིང་གྲོང་ཚོར་བཅའ་སྡོད་རྒྱ་ཆེའི་ལས་བྱེད་པ་ཚོས་ཏང་དང་སྲིད་གཞུང་གི་མངགས་བཅོལ་དང་རྒྱ་ཆེའི་མང་ཚོགས་ཀྱི་རེ་བཅོལ་དུས་དང་རྣམ་པ་ཀུན་ཏུ་ཡིད་ལ་བརྟན་པོར་ངེས་ནས་དཀའ་ངལ་སྣ་ཚོགས་ཁྱད་བསད་ཀྱིས་ཁྱིམ་ཚང་ཆུང་ངུ་དོར་ནས་ཁྱིམ་ཚང་ཆེན་པོ་བསྐྱངས་ཏེ་གཞི་རིམ་འཐབ་ཕྱོགས་དང་པོར་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པ་དང་། དམངས་སེམས་དྲོ་བར་བྱེད་པ། མང་ཚོགས་ཕྱུག་པོ་ཆགས་རོགས་བཅས་བྱས་ནས་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་ཚོའི་དངོས་སྒྲུབ་ཀྱི་སྤྱོད་ཚུལ་དང་གཞུང་ཞབས་པའི་བསམ་ཚུལ་གང་ལེགས་མངོན་པ་མ་ཟད། ད་དུང་ཏང་དང་སྲིད་གཞུང་གི་དམངས་ཆེད་དམངས་དགའ་དམངས་གཅེས་བཅས་ཀྱི་གཟུགས་བརྙན་ཡག་པོའང་བཏོད་ཡོད་པ་རེད།

    སྨྱུག་འཛིན་པས་གོམ་སྟབས་རྗེས་མའི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ཁྲོད་རིམ་ཁག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གཤམ་གྱི་དོན་ཚན་འགའ་སྒྲུབ་དགོས་པའི་ངོས་འཛིན་བྱས་པ་སྟེ།

    ལས་དོན་གྱི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱུང་ཡོད་མེད་དེ་གཙོ་བོ་གྲོང་གསེབ་ལ་ལྟ་དགོས”ཞེས་ནན་གསུངས་གནང་བ་བཞིན། རིམ་ཁག་གྲོང་ཚོར་བཅའ་སྡོད་ལས་བྱེད་པས་མིག་སྔའི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་དང་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་གཉིས་དང་ཟུང་འབྲེལ་དམ་ཟབ་བྱས་ཐོག་རྨང་བརྟན་དམངས་ཕན་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་བའི་གོ་སྐབས་ཡག་པོ་འདི་བེད་སྤྱོད་གང་ལེགས་བྱས་ཁར། གཙོ་གནད་ལས་དོན་ཁག་མངོན་གསལ་དོད་པོ་ཡོང་བར་བྱས་ནས། ཞིང་འབྲོག་ཁུལ་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད་གནས་པའི་གནད་དོན་ཁག་དང་ཞིང་འབྲོག་མང་ཚོགས་ཚོས་རེ་ཞུ་ཆེན་པོ་བྱེད་པའི་གླེང་མང་བའི་དཀའ་གནད་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཀྱིས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོར་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐུན་མོང་ཐོག་ལོངས་སྤྱོད་བྱེད་དུ་འཇུག་དགོས།

    སྲིད་འཛིན་རྨང་གཞི་བརྟན་དུ་བཏང་ནས་ཞིང་འབྲོག་ཁུལ་གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། གཞི་རིམ་ཏང་རྩ་འཛུགས་ནི་འབྲེལ་ཐག་ཅིག་ཡིན་པའི་ཆ་ནས་གོང་རིམ་གྱི་གནས་ཚུལ་འོག་རིམ་ལ་བརྒྱུད་སྒྲོག་བྱེད་པའི་འགན་འཁྲི་ལྕི་མོ་འཁུར་ཡོད་པ་མ་ཟད། ད་དུང་ཏང་ཡོན་གྱི་གཟུགས་བརྙན་གཏོད་པའི་རླབས་ཆེན་ལས་འགན་ཡང་འཁུར་ཡོད་པས། གཞི་རིམ་རྩ་འཛུགས་ཀྱི་དམག་འཐབ་ཀྱི་ནུས་པ་དང་གོང་བུ་བསྒྲིལ་ཤུགས་ཀྱི་ཆེ་ཆུང་དེ་ཏང་གིས་གཞི་རིམ་དུ་སྲིད་འཛིན་པའི་རྨང་གཞི་བརྟན་མི་བརྟན་དང་ཐད་ཀར་འབྲེལ་བ་ཡོད་པ་རེད།

    རིག་པ་དྭངས་གསལ་ཡོང་བར་བྱས་ནས་ཞིང་འབྲོག་ཁུལ་དུ་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས། ཞིང་འབྲོག་ཁུལ་གྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་ནི་རྨང་བརྟན་དམངས་ཕན་བྱེད་སྒོ་སྤེལ་བའི་དམིགས་ཚད་གཙོ་བོའི་གྲས་ཤིག་ཡིན་པ་མ་ཟད་རྨང་བརྟན་དམངས་ཕན་གྱི་དམིགས་ཚད་མངོན་འགྱུར་བྱེད་པའི་སྔོན་འགྲོ་གལ་ཆེན་ཞིག་ཀྱང་ཡིན། དེར་བརྟེན་རིམ་ཁག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཞིང་འབྲོག་ཁུལ་གྱི་བརྟན་ལྷིང་ལ་ཤུགས་རྐྱེན་བཟོ་བའམ་ཡང་ན་མང་ཚོགས་རང་བཞིན་གྱི་དོན་རྐྱེན་བཟོ་སྲིད་པའི་འགལ་བ་དང་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱས་པའི་ཁར་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་དོགས་སེལ་ལས་དོན་ཡག་པོ་བསྒྲུབས་ཏེ་འགལ་བ་དང་མངོན་མེད་རྐྱེན་ངན་ཚང་མ་ཐོན་མ་ཐག་འདུམ་འགྲིག་གིས་ཞིང་འབྲོག་ཁུལ་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་ཡོང་རྒྱུ་མཐའ་གཅིག་ཏུ་འགན་ལེན་བྱས་ནས་ཞིང་འབྲོག་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཁོར་ཡུག་ཡག་པོ་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།