གྲང་ངར་ཆེ་བའི་དགུན་དུས་ཕར་ལ་བསྐྱལ་ཞིང་། གསོན་ཤུགས་ཀྱིས་ཁེངས་པའི་དཔྱིད་དུས་ཚུར་ལ་བསུ་བའི་མཚམས་དེར། ནེ་པ་ལར་ས་ཡོམ་རིམ་པ་8.1ཀྱི་རང་བྱུང་གནོད་འཚེ་ཕོག དེ་ལྟ་བུའི་ཨེ་ཤ་ཡ་ལྷོ་མར་མཐོང་དཀོན་པའི་ས་ཡོམ་ཆེན་པོ་དེས་ནེ་པ་ལའི་ས་ཆ་ཡོངས་ལ་ཤུགས་རྐྱེན་ཐེབས་ནས་མི་སྟོང་ཁྲག་དུ་མ་ཤི་རྨས་བྱུང་བ་དང་མི་ཁྲི་ཁྲག་དུ་མའི་ཁྱིམ་ཚང་གི་དྲོ་སྐྱིད་རྩ་མེད་དུ་བཏང་བ་མ་ཟད། རང་རྒྱལ་གྱི་བོད་ལྗོངས་ས་ཁུལ་དུ་ཤུགས་རྐྱེན་ཆེན་པོ་བྱུང་ནས་མི་20ལྷག་རྐྱེན་ལམ་དུ་ཤོར་བ་དང་། ཁང་ཁྱིམ་སྟོང་ཁྲག་ལྷག་གཞིག་རོལ་དུ་གྱུར་ནས་མི་ཁྲི་20ལྷག་གི་འཚོ་བར་གནོད་འཚེ་བྱུང་ཡོད་པ་རེད།
ས་ཡོམ་བྱུང་རྗེས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག་མྱུར་དུ་ས་ཡོམ་འཕྲལ་སྒྲུབ་གྱི་སྔོན་དཔག་ཇུས་གཞི་རིམ་པ་ⅠⅠའགོ་བཙུགས་པ་དང་། གནོད་འཚེ་ཕོག་པའི་མི་རྣམས་གནས་གཞན་དུ་སྤོ་བའི་སྒྲིག་བཙུགས་བྱས་པ་དང་། ལམ་བུ་དང་འཕྲིན་གཏོང་ཤར་བགྲོད་ཐུབ་པ་དང་། གུར་དང་ཉལ་ཆས། བཟའ་རིགས། སྨན་རྫས། འཐུང་ཆུའི་རིགས་སོགས་གེགས་སྐྱོབ་དངོས་ཟོག་གྲབས་སོག་དང་དབོར་འདྲེན་བྱས་ཏེ་ལྗོངས་ཡོངས་སུ་གེགས་འགོག་གེགས་སེལ་གྱི་ལས་ཀ་ཚ་ཚ་འུར་འུར་ངང་སྤེལ་བ་རེད། ཚད་མཐོའི་སྒོ་ནས་རྨས་མ་གང་ཉུང་ཉུང་ཡོང་བ་བྱས་ནས་ལོ་རྒྱུས་ཐོག་གི་ས་ཡོམ་རིམ་པ་8.1གི་ནང་རྨས་མ་ཆེས་ཉུང་ཤོས་ཀྱི་ཟིན་ཐོ་བསྐྲུན་ཡོད་པ་མ་ཟད། གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་རྣམས་ལ་སྡོད་གནས་ཡོད་པ་དང་བཟའ་རིགས་ཡོད་པ། གྱོན་གོས་ཡོད་པ། འཐུང་ཆུ་ཡོད་པ། རྨས་སྐྱོན་ཕོག་ན་སྨན་བཅོས་ཡོད་པ་སོགས་མངོན་འགྱུར་ཐུབ་ཏེ ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བའི་རྨང་གཞི་འགན་ལེན་ཐུབ་ཡོད།
ན་ཟུག་ཇི་ཙམ་ཡོད་པར་ཡིད་འགུལ་དེ་ཙམ་ཡོད། ཡིད་འགུལ་ཇི་ཙམ་ཡོད་པར་སྟོབས་ཤུགས་དེ་ཙམ་ལྡན། ང་ཚོས་བོད་ལྗོངས་ཀྱི་ལྟེ་བ་ལྷ་ས་ནས་ཞལ་འདེབས་འབུལ་བའི་རྣམ་པ་མང་པོ་ཞིག་མཐོང་བ་ཚང་མས་གནོད་འཚེ་ཕོག་ཁུལ་དུ་རང་ཉིད་ཀྱི་ནུས་པ་འདོན་བཞིན་པ་རེད། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྨན་པས་རང་གི་ཚེ་སྲོག་གི་ཉེན་ཁར་མ་འཛེམས་པར་གནོད་འཚེ་ཕོག་ཁུལ་དུ་རྨས་མ་སྐྱོབ་པར་བསྐྱོད། ང་ཚོས་དེ་བས་མཐོང་ཐུབ་པ་ནི་མི་དམངས་བུ་ཕྲུག་དམག་གིས་ཡོད་ཚད་བློས་བཏང་ནས་གནོད་འཚེ་ཕོག་ཁུལ་དུ་གེགས་འགོག་དངོས་ཟོག་དབོར་འདྲེན་ལ་བྲེལ།
དེ་དག་ཡོད་ཚད་ཀྱིས་གནོད་འཚེ་ཕོག་ཁུལ་གྱི་མི་རྣམས་ཀྱིས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་ཚོར་ཐུབ། རྣམ་པ་དེ་གེགས་སྐྱོན་ཆེན་པོ་བྱུང་བའི་འགྲམ་གྲོང་རྡལ་གྱི་ལྷབ་ལྷུབ་དུ་གཡོ་བའི་སྐར་ལྔའི་དར་དམར་དེ་ལས་མཐོང་ཐུབ། “སྐར་ལྔའི་དར་དམར་ནི་ང་ཚོ་འགྲམ་མི་དམངས་ཀྱི་བསམ་བློའི་རྟེན་གཞི་ཡིན། ཆེས་ཆེ་བའི་གེགས་སྐྱོན་གིས་ཀྱང་དེར་གནོད་འཚེ་བྱེད་མི་ཐུབ།”འགྲམ་གྲོང་རྡལ་གྱི་གྲོང་མི་ཡིན་པའི་ཤར་པ་བ་ལྷག་པ་སྒྲོལ་མས་དེ་ལྟར་བཤད། ཏང་དང་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་དང་རོགས་རམ་འོག་འགྲམ་གྲོང་རྡལ་གྱི་གྲོང་མི་མང་ཆེ་བས་གུར་སྟེང་དུ་སྐར་ལྔའི་དར་དམར་བསྒྲེངས་ནས་ཁོ་ཚོར་རོགས་སྐྱོར་བྱེད་མཁན་གྱི་བཅིངས་འགྲོལ་དམག་དང་སྨན་པ་ལ་སོགས་ལས་བྱེད་མི་སྣའི་བཀའ་དྲིན་བསམ་པ་དེ་མངོན་ཡོད། འདི་ལྟ་བུའི་དཔེ་མཚོན་ཐེངས་འདིའི་ཡོམ་འགོག་ཁྲོད་མང་པོ་མིག་ལམ་དུ་མཐོང་རྒྱུ་ཡོད།
སྔར་སོང་ལ་ཕྱིར་དྲན་བྱས་ན། སྤྱི་ཚོགས་རྙིང་པའི་སྐབས། དཔོན་རིགས་ཀྱིས་རོགས་སྐྱོར་བྱེད་པ་སོགས་སེམས་ལ་འཆར་མི་ནུས། དེའི་དུས་ཀྱི་དཔོན་རིགས་ཚོ་སྡུག་རྩུབ་ཆེ་ཞིང་ཁྲལ་ངན་སྣ་ཚོགས་ཀྱིས་མི་སེར་རྣམས་ལ་སྡུག་བསྔལ་གཏོང་བ། ཉིན་མཚན་མེད་པར་ངལ་རྩོལ་བྱས་ཀྱང་གྲོད་ཁོག་ཟས་ཀྱིས་མི་འགྲང་བ། གལ་སྲིད་མང་ཚོགས་དཀྱུས་མ་ཞིག་ལ་གངས་སྐྱོན་དང་ས་ཡོམ་སོགས་ཀྱི་གནོད་འཚེ་འཕྲད་ཚེ་དབང་བསྒྱུར་བྱེད་མཁན་གྱི་རོགས་སྐྱོར་དང་སྙིང་རྗེ་སོགས་སྤུ་ཙམ་ཡང་མི་ཐོབ་པ་མ་ཟད་ཁོ་ཚོས་ད་དུང་མི་སེར་ལ་སྔར་བས་སྡུག་རྩུབ་དང་འཕྲོག་བཅོམ་སོགས་བྱེད་ཀྱི་ཡོད། ད་ཆ། བོད་འདི་ཉིད་ལ་གནམ་ས་སླ་འོག་ལྟ་བུའི་འཕེལ་རྒྱས་བྱུང་ཡོད། གང་ལགས་ཤེ་ན། ད་ལྟའི་ཏང་དང་རྒྱལ་ཁབ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སོགས་ནི་མི་དམངས་ཀྱི་ཁེ་ཕན་དང་མཐུན་པ་ཞིག་རེད།
ཡོམ་འགོག་གེགས་སེལ་ནི་མི་ཚང་མར་འགན་འཁྲི་ཡོད་པ་པ་དང་། ཕྱོགས་གཅིག་ལ་དཀའ་ངལ་འཕྲད་དུས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད། མ་གཞི་ས་ཡོམ་གྱི་རི་འགུལ་ཐུབ་པ་དང་ཆུ་ལམ་འགག་པ་སོགས་བྱེད་ཐུབ། འོན་ཀྱང་མི་དམངས་ཀྱི་བློ་སྟོབས་ནི་འགུལ་མི་ཐུབ། ང་ཚོ་མི་ཚང་མས་གནོད་འཚེའི་མདུན་དུ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། ཕན་ཚུན་རོགས་རམ། མཉམ་དུ་དཀའ་ངལ་ཁྱད་བསད་བཅས་བྱས་ཚེ་གནོད་འཚེ་འདི་ལས་རྒྱལ་ཐུབ་ངེས་ཡིན། ང་ཚོ་ཚང་མར་མཉམ་མཐུན་གྱི་སྐད་སྒྲ་དང་། གཅིག་འགྱུར་གྱི་དར་ཆ་ཡོད། སྐད་སྒྲ་དེར་བློ་སྟོབས་གཅིག་སྒྲིལ་དང་། དར་ཆ་དེར་སྐར་ལྔའི་དར་དམར་ཞེས་བརྗོད།