2015ལོའི་ཟླ་4ཚེས་25ཉིན། ནེ་པ་ལའི་ས་ཡོམ་རིམ་པ་8.1གི་ཤུགས་རྐྱེན་འོག་ཀྲུང་གོའི་བོད་ལྗོངས་ཀྱི་ས་ཆ་ཁག་ཅིག་ལ་གྱོང་གུན་ཚབས་ཆེན་ཕོག་པ་དང་། རྒྱལ་ཡོངས་མི་དམངས་དང་གནོད་འཚེ་ཁུལ་གྱི་མི་དམངས་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་། སེམས་པ་གཅིག་སྦྲེལ། ཚན་རིག་དང་མཐུན་པའི་སྒོ་ནས་ཐག་གཅོད་བྱེད་དང་བྱེད་མུས་རེད། དང་ཐོག་མར་མི་སྐྱོབ་པ་ནས་ཐབས་རྒྱ་ཇུས་གཏོང་གིས་རྨས་སྐྱོན་ཕོག་པའི་མང་ཚོགས་སྐྱོབ་པའི་བར་དང་། རོགས་སྐྱོར་དངོས་རྫས་དབོར་བ་ནས་གནོད་འཚེ་སླར་ཡང་ཡོང་རྒྱུར་དོགས་ཟོན་སོགས་གོ་རིམ་ལྡན་ཞིང་། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ཏེ་གེགས་འགོག་གི་ལས་དོན་ཁག་སྤེལ་བ་རེད།
ས་ཡོམ་ཐོན་རྗེས་རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ཡོན་ལྷན་ཁང་དང་དམངས་སྲིད་པུའུ་ཡིས་རྒྱལ་ཁབ་ཀྱི་IVརིམ་པའི་གེགས་སེལ་འཕྲལ་སྡོམ་མགྱོགས་མྱུར་དང་ལེན་བྱས་པ་མ་ཟད། ཚེས་26ཉིན་གེགས་སེལ་འཕྲལ་སྡོམ་དེ་རིམ་པ་IIIདུ་མཐོ་རུ་བཏང་ཏེ་བོད་ལ་གེགས་སེལ་གྱི་དངོས་རྫས་མང་དུ་བཏང་ཞིང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གིས་བོད་རང་སྐྱོང་ལྗོངས་ལ་ཀྲུང་དབྱང་གིས་སྔོན་རྩིས་བྱས་པའི་འཕྲལ་སྡོམ་རོགས་དངུལ་སྒོར་ཁྲི་3000སྤྲས་པ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མཚན་མོ་དེ་རང་ལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་ཆེའི་ཚོགས་འདུ་ཚོགས་པ་དང་། ཚན་པ་ཁག་དང་ས་ཁུལ་ཁག་དང་ལྷན་དུ་གནོད་འཚེ་ཕོག་པའི་གནས་ཚུལ་གྲོས་བསྡུར་བྱས་ཤིང་། རང་སྐྱོང་ལྗོངས་གེགས་འགོག་གེགས་སེལ་གྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་བརྒྱབ་མདུན་གྱི་གེགས་སེལ་བཀོད་འདོམས་པུའུ་འཙུགས་པ་རེད། མཚན་མོ་དེ་རང་ལ་གནོད་འཚེ་ཕོག་ཁུལ་དུ་ནུས་ཤུགས་གང་མང་རོགས་སྐྱོར་དུ་བཏང་བ་རེད། བཅིངས་འགྲོལ་དམག་མི་དང་། དྲག་ཆས་ཉེན་རྟོག་པ། འཕྲིན་གཏོང་། འཕྲོད་བསྟེན་བཅས་ཕྱོགས་ཡོངས་ཀྱི་ནུས་ཤུགས་བཏང་ཏེ་གནོད་འཚེ་ཕོག་ཁུལ་དུ་རོགས་སྐྱོར་བྱས་ནས་གེགས་སེལ་གྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ་རེད།
སྤྱི་ཚོགས་ལས་རིགས་ཁག་གི་བརྩེ་སེམས་ལྡན་པའི་མི་སྣས་རྒྱུན་ཆད་མེད་པར་གནོད་འཚེ་ཕོག་ཁུལ་དུ་གེགས་སེལ་གྱི་དངོས་རྫས་འབུལ་ནས་གོམ་གང་མདུན་སྤོས་ཀྱིས་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ཀྱི་སྐབས་འཕྲལ་བཀོད་སྒྲིག་བྱ་ཡུལ་འཛུགས་རྒྱུར་རོགས་རམ་བྱས་ཏེ་རང་ཉིད་ཀྱི་ནུས་ཤུགས་ལེགས་སྐྱེས་སུ་འཕུལ་བ་རེད། རིམ་པ་ཁག་གི་ཏང་ཨུད་སྲིད་གཞུང་གི་གེགས་སྐྱོབ་རུ་མིས་ཉིན་མཚན་དབྱེར་མེད་དུ་གེགས་སྐྱོབ་ཀྱི་ལས་ཀར་བཀོད་སྒྲིག་བྱས་ཤིང་། ང་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་འབྲེལ་བྱས་ཚེ་འཛམ་གླིང་ཡང་རྩེའི་ཐོག་གི་ཡོམ་འགོག་གེགས་སེལ་གྱི་དམག་འཐབ་རྒྱལ་དེ་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད།
གནོད་འཚེར་སྙིང་རྗེ་མེད་ཀྱང་མི་ཡུལ་ལ་བརྩེ་བས་ཁེངས། ས་ཡོམ་གྱི་གནོད་འཚེའི་ཁྲོད་ཐོན་པའི་དགའ་སྐྱོ་གཉིས་ལྡན་གྱི་"གེགས་སེལ"སྒྲུང་གཏམ་གྱིས་གྱང་རོའི་རྣམ་པས་འཁྱེར་ཡོང་བའི་སེམས་སྡུག་དང་གཉེན་ཉེ་མེད་པར་གྱུར་བའི་སེམས་ཀྱི་རྨ་ཁ་ད་ཆ་རིམ་བཞིན་སེལ་བཞིན་ཡོད། གནོད་འཚེ་དེ་བས་ཚབས་ཆེ་བ་དང་ཛ་དྲག་པའི་སྐབས་སུ་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་དང་། མཛའ་བརྩེ། སྡུག་རུས་བཅས་བདེན་དཔང་བྱེད་ཐུབ་ལ་ག་དུས་ཡིན་ཡང་མི་སེམས་གཅིག་ཏུ་འདུས་ཚེ། གནོད་འཚེ་ཕོག་ཁུལ་དུ་བརྩེ་བ་དང་དྲོ་སྐྱིད་ཡུན་རིང་གནས་ངེས།
སྨྱུག་འཛིན་པའི་བསམ་པར་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དང་། སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་འོག ང་ཚོས་ལག་གདང་གཅིག་ཏུ་འབྲེལ་ཏེ་ཐུན་མོང་ཐོག་གནོད་འཚེ་འགོག་ཚེ་དཀའ་ངལ་ཀུན་ལས་རྣམ་པར་རྒྱལ་ཏེ་མཛེས་སྡུག་གི་ཁྱིམ་གཞིས་བསྐྱར་བསྐྲུན་བྱེད་ཐུབ་རྒྱུ་རེད།